ཀྲུང་གོ་བོད་ཀྱི་དྲ་བ།

༄༅། །པེ་མ་ཡུལ་སྐད་ཀྱི་སྒྲ་གདངས་སྐོར་ལ་རོབ་ཙམ་དཔྱད་པ།[1]

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : འཇིགས་བྱེད་སྐྱབས།   སྤེལ་དུས། : 2021-04-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

[ནང་དོན་གནད་བསྡུས] པེ་མ་ཡུལ་སྐད་ཅེས་པ་ནི་སི་ཁྲོན་ཞིང་ཆེན་གྱི་ཕེན་ཝུའུ(平武)དང།  གཟི་རྩ་སྡེ་དགུ།  ཟུང་ཆུ(松潘县)།  ཀན་སུའུ་ཞིང་ཆེན་གྱི་ཝིན་རྫོང(文县)བཅས་བསྡོམས་པས་རྫོང་བཞིའི་བོད་རིགས་རྐྱང་རྐྱང་གིས་བཀོལ་བཞིན་པའི་སྐད་ལ་ཟེར་བ་ཡིན་ཞིང་།“ཡུལ་སྐད་འདི་བཀོལ་མཁན་ཕལ་ཆེར་མི་ཆིག་ཁྲི་སུམ་སྟོང་ལྷག་ཡོད།”[2]དེ་ཡང་ཡུལ་སྐད་འདི་སྐད་རིགས་གང་དུ་གཏོགས་པའི་ཐད་ལ་མཁས་པ་རྣམས་ཞལ་མི་མཐུན་ཏེ། ཁ་ཅིག་གིས་ཡུལ་སྐད་འདི་དང་བོད་ཀྱི་ཡུལ་སྐད་གཞན་དག་གི་བར་ལ་ཧེ་བག་ཅུང་ཙམ་རེ་ཡོད་པར་གཞི་བཅོལ་ནས།  ཡུལ་སྐད་འདི་ནི་བོད་སྐད་དང་ཐ་དད་པའི་སྐད་རིགས་ཡན་གར་ཞིག་རེད་ཅེས་བཤད་ཀྱིན་འདུག་ལ། ཡང་ཁ་ཅིག་གིས་འདིའི་སྒྲ་གདངས་ཀྱི་འགྱུར་ལུགས་དང་། མིང་གི་སྦྱོར་སྲོལ་སོགས་ནི་བོད་ཀྱི་ཡིག་སྐད་དང་ཐོ་ཐུག་པར་བརྟེན་ནས་བོད་ཀྱི་ཡུལ་སྐད་ཀྱི་གྲས་ཤིག་ལས་འདར་མེད་པར་འདོད་བཞིན་ཡོད། ཡིན་ནའང་། རང་རེའི་བོད་ཀྱི་བརྡ་སྤྲོད་སྨྲ་བ་མང་ཆེ་ཤོས་ཀྱིས་འདིའི་ཐད་ལ་དོ་སྣང་ཆེན་པོ་བྱས་མེད་པས།  རྩོམ་ཡིག་འདིས་རྒྱལ་ཁབ་ཕྱི་ནང་གི་འབྲེལ་ཡོད་དཔྱད་འབྲས་མང་པོའི་རྨང་གཞིའི་སྟེང་། རང་ཉིད་དངོས་སུ་པེ་མ་ས་ཆར་སོང་སྟེ་སྒྲ་ཐོ་ལ་བཏབ་ཅིང་།[3] བོད་ཀྱི་ཡུལ་སྐད་གཞན་དག་དང་གཤིབ་སྡུར་བྱས་པའི་མུར།   གཙོ་བོ་ཡུལ་སྐད་དེའི་མིང་གཞི་དང་དབྱངས་འཇུག གདངས་བཅས་ཕྱོགས་གསུམ་གྱི་སྒོ་ནས་བོད་ཀྱི་ཡིག་སྐད་དང་འབྲེལ་བ་ཅི་ཙམ་ཡོད་པ་རགས་ཙམ་གླེང་ཡོད།

[བརྡ་ཆད་གཙོ་བོ།] པེ་མ་ཡུལ་སྐད།  བོད་སྐད།   མིང་གཞི།  དབྱངས་འཇུག  གདངས།    

དེ་ཡང་ཀྲུང་གོའི་ལྷོ་ནུབ་ས་ཆའི་སི་ཁྲོན་དང་ཀན་སུའུ་ཞིང་ཆེན་གཉིས་ཀྱི་འབྲེལ་མཚམས་སུ་གཞིས་ཆགས་པའི་པེ་མ་ཅེས་པའམ་དྭགས་པོ་བོད(ཟུར་བཀོད་ས་ཁྲ་ལ་གཟིགས)ཅེས་པ་འདིས་རང་གིས་རང་ལto²¹pu⁵³(དྭགས་པོ)འམpe⁵³(བོད)ཅེས་འབོད་བཞིན་ཡོད་ཅིང་།  མཐའ་འཁོར་གྱི་བོད་རིགས་རྣམས་ལའང་རང་གི་མིང་དང་མཚུངས་པར pe⁵³(བོད)ཅེས་འབོད་ཀྱིན་ཡོད།  to²¹pu⁵³(དྭགས་པོ)ཞེས་པ་འདི་ས་ཆ་དེའི་ཁོངས་སུ་བཞུར་བཞིན་པའི་གཙང་བོ་ཞིག་གི་མིང་ལའང་གོ་བས།  ས་ཆ་འདིའི་མི་རྣམས་ཀྱིས་ཆུའི་མིང་རང་གི་རིགས་ཀྱི་མིང་ལ་ཐོགས་པར་འདོད་བཞིན་ཡོད།  འོན་ཀྱང་ཨ་ཁུ་དམུ་དགེ་བསམ་གཏན་མཆོག་གི<<བོད་ཀྱི་ལོ་རྒྱུས་ཀུན་དགའི་མེ་ལོང>>ཞེས་པ་རུ“ཆུ་དཀར་གྱི་སྟོད་དུ།  སྔར་ཀོང་པོའི་ཁོག་ནས་འོངས་པའི་དམག་གི་རྒྱུད་པ།  དེང་སང་བརྡ་འགྱུར་ནས་ཁོང་པོ་ཟེར། དེ་ནས་དྭགས་པོ་ནས་འོངས་པའི་བོད་ཀྱི་དམག་རྣམས་རྒྱ་བོད་ས་མཚམས་སུ་བཞག་པ་ལ་དྭགས་པོ་ཟེར་ཞིང་།  རྒྱས་དེ་ལ་པེ་མ་ཟེར་ལ།  དེ་དག་གི་གོམས་འདྲིས་ཆོས་ལུགས་སོགས་ཀྱང་བོད་སྤྱི་དང་འདྲའོ། །”ཞེས་གསུངས་པ་དང་།  བཙན་ལྷ་ངག་དབང་ཚུལ་ཁྲིམས་མཆོག་གི<<དྭགས་པོ་མིའི་སྐད་ཀྱི་སྐོར་ཡང་བསྐྱར་གླེང་བ>>ཞེས་པ་རུ“དྭགས་པོ་མི་ཞེས་པ་ནི་སྔར་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་སུ་དབུས་གཙང་རུ་ལྔར་བགོས་པའི་ནང་ཚན་གཡོ་རུའི་ནང་གི་དྭགས་པོའི་ས་ཁུལ་ནས་འོངས་པའི་དམག་རྒྱ་བོད་ས་མཚམས་སུ་བཞག་པ་དག་གི་རྒྱུད་པ་ཡིན།”ཞེས་གསུངས་པ་དག་ལ་གཞི་བཅོལ་ཚེ།  to²¹pu⁵³(དྭགས་པོ)ཞེས་པའི་མིང་འདིའང་ཐོག་མར་བོད་ལྗོངས་ལྷོ་ཁ་ས་ཁུལ་གྱི་དྭགས་པོ་བ་ཞེས་པ་ནས་མཆེད་པ་ཡིན་པར་སྙམ།  གཞན་ཡང<<ནུབ་བོད་སྐད་འགྱུར>>[4]ཞེས་པར་བཀོད་པའི་ཐ་སྙད་སྟོང་གཉིས་ལྷག་དང་། <<པེ་མ་སྐད་ཀྱི་ཞིབ་འཇུག>>[5]ཅེས་པར་བདམས་པའི་གནའ་གཏམ་བཅུ་ཕྲག་འགའ་དང་མིང་སྟོང་གསུམ་ཡས་མས་ལ་དབྱེ་ཞིབ་བྱས་ཚེ།  སྐད་འདིའི་རྩ་བའི་ཐ་སྙད་ཀྱི70%ཡན་ནི་བོད་སྤྱི་འགྲོས་སྐད་ཀྱི་རྩ་བའི་ཐ་སྙད་ལ་ཐོ་གཏུག་རྒྱུ་ཡོད་པ་དང་། བརྗོད་པ་ཚིག་གི་གོ་རིམ་ཡང་བོད་སྐད་ལྟར་དུ་དང་པོ་བྱེད་པ་པོའམ་བྱེད་པ།  དེ་ནས་བྱ་བའི་ཡུལ་ལམ་ལས།  མཐར་བྱ་ཚིག་འཇོག་བཞིན་ཡོད་དོ། ། ཁྱད་པར་དུ་སྒྲ་གདངས་ཀྱི་འགྱུར་ལུགས་ནི་བོད་ཀྱི་སྤྱི་འགྲོས་ཀྱི་སྐད་དང་གཅིག་མཚུངས་སུ་སྣང་སྟེ། དཔེར་ན།  སྒྲ་གདངས་ལས་ངག་ནས་ཀློག་ཚེ་ཚེགས་ཆེ་བ་ཅན་དག་སྒྲ་ཟུར་ཉམས་པའམ། གསལ་བྱེད་དབྱངས་སུ་བསྒྱུར་པའམ། དབྱངས་གདངས་སུ་འགྱུར་བའམ། སྐྱེ་གནས་བརྗེ་བ་སོགས་ཅི་རིགས་ཀྱི་སྒོ་ནས་ཚེགས་ཆུང་ཞིང་ཁ་རུ་ལེན་བདེ་བར་འགྱུར་སྲོལ་ཡོད་པ་ལྟ་བུའོ། ། དེ་བས་སྤྱི་ལོ1951ལོར་སྲིད་གཞུང་གིས་མི་རིགས་སོ་སོ་ངོས་འཛིན་དུས་སུའང་པེ་མ་བ་ནི་བོད་རིགས་ཀྱི་གྲས་སུ་བཞག་པ་རེད། ཡིན་ནའང་ཉེ་བའི་ལོ་འདི་གའི་རིང་ལ།  རྒྱ་རིགས་ཀྱི་མཁས་པ་མང་པོ་ཞིག་གིས་ཡུལ་སྐད་ཕན་ཚུན་བར་དུ་གཞི་ནས་ཡོད་པའི་སྒྲ་གདངས་ཀྱི་ཁྱད་པར་ཙམ་མམ། དོན་གཅིག་མིང་གི་རྣམ་གྲངས་ཅན་ལས་བྱུང་བའི་མིང་གི་བཀོལ་སྲོལ་མི་འདྲ་བ་ཙམ་མམ། ཁོར་ཡུག་མི་འདྲ་བ་ལས་བྱུང་བའི་བརྡ་སྤྲོད་སྲོལ་མི་གཅིག་པའམ།  མཐའ་འཁོར་གྱི་མི་རིགས་གཞན་པ་དང་འབྲེལ་བ་བྱུང་ནས་འགྱུར་མིང་མང་པོ་བྱུང་བ་ཙམ་མམ། བརྡ་རྙིང་ལྷག་རོ་མང་པོ་ལུས་ཡོད་པ་སོགས་སྒྲུབ་བྱེད་དུ་བཀོལ་ནས་པེ་མ་ཡུལ་སྐད་ནི་བོད་སྐད་ལས་ཐ་དད་པའི་སྐད་རིགས་ཡན་གར་བ་ཞིག་ལ་བཀར་དང་འགེར་བཞིན་ཡོད་ཅིང་། དེ་ལ་བོད་ཀྱི་མཁས་པ་རྣམས་ཀྱིས་ལྟ་ཚུལ་སོགས་ཅི་ཡང་མི་བརྗོད་པར་བཏང་སྙོམས་ལྟ་བུར་བསྐྱུར་ཡོད།   རྩོམ་འདིས་དེའི་སྟོང་ཆ་བསྐང་ཆེད། པེ་མ་ཡུལ་སྐད་དང་འབྲེལ་ཡོད་ཞིབ་འཇུག་གནས་བབ་ངོ་སྤྲོད་བྱེད་པ་དང་གཅིག  འདིའི་སྒྲ་གདངས་ཀྱི་ཁྱད་ཆོས་གཙོ་བོར་བརྗོད་པ་དང་གཉིས།  མཐའ་མར་བརྗོད་དོན་འདིའི་མཇུག་སྒྲིལ་བ་དང་གསུམ་བཅས་སུ་ཕྱེས་ནས་རང་གི་ལྟ་ཚུལ་མདོར་ཙམ་བརྗོད་ཡོད།

image.png

(ཀན་སུའུ་དང་སི་ཁྲོན་གྱི་དྭགས་པོ་བོད་མིའི་ས་ཆའི་བཀོད་པ།)

དང་པོ།  པེ་མ་ཡུལ་སྐད་ཀྱི་ཞིབ་འཇུག་གནས་བབ།

དེ་ཡང་པེ་མ་ཡུལ་སྐད་དམ་དྭགས་པོ་བོད་སྐད་ཅེས་པ་འདི་ལ་རྒྱལ་ཁབ་ཕྱི་ནང་གི་མཁས་པ་རྣམས་ཀྱིས་དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་ཡས་མས་ནས་ཞིབ་འཇུག་བྱེད་མགོ་བརྩམས་ཤིང་།  ད་ལྟའི་བར་དུ་འདིའི་ཕྱོགས་ཀྱི་དཔྱད་འབྲས་ལ་ཆེད་རྩོམ་གཉིས་དང་དཔྱད་རྩོམ་བཅུ་ཕྲག་ལྷག་ཡོད།  ལྟ་བའི་ཐད་ནས་རིགས་ཆེན་པོ་གཉིས་བྱུང་ཡོད་དེ། གཅིག་ནི་པེ་མ་སྐད་ཅེས་པ་དེ་བོད་ཀྱི་ཡུལ་སྐད་ཀྱི་གྲས་ཤིག་ཏུ་འདོད་པ་དང་།  ཅིག་ཤོས་ནི་སྐད་རིགས་ཡན་གར་ཞིག་ཏུ་འདོད་པ་དེའོ། ། སྔ་མའི་ལྟ་བ་འཛིན་མཁན་ནི་གཙོ་བོ་བོད་ཀྱི་མཁས་པ་སྟེ།  ཨ་ཁུ་དམུ་དགེ་བསམ་གཏན་དང་བཙན་ལྷ་ངག་དབང་ཚུལ་ཁྲིམས།  དེ་མིན་རྒྱའི་མཁས་པ་ཧོང་པུ་ཧྥན་དང་། ཀྲང་ཅི་ཁྲུན་བཅས་ཡིན། ཕྱི་མ་ཁས་ལེན་མཁན་ནི་རྒྱའི་མཁས་པ་སོང་ཧོང་ཁའེ་དང་ཝེ་ལེན།  ཧྥ་རན་སའི་སྐད་བརྡ་སྨྲ་བ་ཆཱི་ཁཱ་ཅ།  ཉི་ཧོང་གི་མཁས་པ་ཞི་ཐིན་ལུང་ཞོང་སོགས་སོ། །གཤམ་ནས་དེ་དག་གི་ལྟ་བ་རེ་རེ་བཞིན་མདོར་བསྡུས་སྒོས་བཀོད་ན།

གཅིག པེ་མ་ཡུལ་སྐད་ནི་བོད་ཀྱི་ཡུལ་སྐད་ཀྱི་གྲས་ཤིག་ཏུ་འདོད་པ།

ཨ་ཁུ་དམུ་དགེ་བསམ་གཏན་གྱིས་ལོ་རབས་བརྒྱད་ཅུའི་ནང་བརྩམས་པའི<<དྭགས་པོ་མི་རིགས་སྐོར་གྱི་གནད་དོན་འགའ་ལ་དཔྱད་པ>>[6]ཞེས་པ་དང<<པེ་མ་བོད་རིགས་ཞེས་པ་པེ་མ་སྟེ་དྭགས་པོ་ནས་ཡོང་བའི་དམག་མི་ཡིན>>[7]ཞེས་པ་གཉིས་སུ།  དྭགས་པོ་བའི་འབྱུང་ཁུངས་དང་ཆོས་ལུགས་དད་མོས། མིང་འདོགས་ཚུལ།  གོམས་འདྲིས་གཤིས་ལུགས། སྐད་ཆའི་སྒྲ་གདངས་དང་ཐ་སྙད་བཅས་ཕྱོགས་ལྔའི་སྒོ་ནས་པེ་མ་བ་ནི་བོད་རིགས་ཡིན་པ་དང་། དེའི་སྐད་ཆ་ནི་བོད་སྐད་ཡིན་པ་བསྒྲུབས་ཡོད།  བཙན་ལྷ་ངག་དབང་ཚུལ་ཁྲིམས་ཀྱི་བོད་ཡིག་གི་རྩོམ<<དྭགས་པོ་མིའི་སྐད་ཀྱི་སྐོར་ཡང་བསྐྱར་གླེང་བ>>ཞེས་པ་དང་། རྒྱ་ཡིག་གི་རྩོམ་<<དྭགས་པོ་བོད་རིགས་ས་ཁུལ་དུ་སྐད་རིགས་བརྟག་དཔྱད་བྱེད་པའི་དོན་དངོས་གནད་བསྡུས>>[8]ཞེས་པ་གཉིས་སུ།  དྭགས་པོ་བའི་སྐད་ཀྱི་མིང་དང་སྒྲ་གདངས། བརྡ་སྤྲོད་བཅས་སྣ་གསུམ་པོ་ནས་བོད་སྐད་དང་བསྡུར་ཏེ།  དྭགས་པོ་བའི་སྐད་ནི་མདོ་དབུས་ཁམས་གསུམ་ཞེས་བོད་ཀྱི་ཡུལ་སྐད་ཆེན་མོ་གསུམ་དུ་གྲགས་པའི་ནང་ཚན་ཨ་མདོའི་སྐད་ཀྱི་ཁོངས་སུ་གཏོགས་པའི་ལྟ་བ་བཏོན་ཡོད།  རྒྱའི་སྒྲ་རིག་སྨྲ་བ་ཧོང་པུ་ཧྥན་ལགས་ཀྱི<<པེ་མ་སྐད་ནི་སྐད་རིགས་གང་དུ་གཏོགས་པའི་རྩད་གཅོད>>[9]ཅེས་པ་དང་ཀྲང་ཅི་ཁྲུན་ལགས་ཀྱི<<པེ་མ་ཡུལ་སྐད་དང་བོད་སྐད>>[10]ཅེས་པ་གཉིས་སུ།  ཐོག་མར་ལོ་རྒྱུས་གཤིབ་བསྡུར་རིག་པའི་ཐབས་ལམ་སྤྱད་དེ་པེ་མ་ཡུལ་སྐད་དང་བོད་ཀྱི་ཡིག་སྐད་གཉིས་ཕན་ཚུན་གཅིག་གིས་གཅིག་ལ་ཐོ་གཏུག་ཅིང་།  དེ་ནས་རིམ་བཞིན་སྒྲ་གདངས་དང་། མིང་། བརྡ་སྤྲོད་སོགས་ནས་དབྱེ་ཞིབ་བྱས་པའི་མུར། པེ་མ་ཡུལ་སྐད་ཀྱི་རྩ་བའི་ཐ་སྙད་ཀྱི70%ཡན་ནི་བོད་སྐད་ཀྱི་རྒྱུན་སྤྱོད་ཀྱི་ཐ་སྙད་དང་ཐོ་གཏུག་རྒྱུ་ཡོད་ཅིང་།  སྒྲ་གདངས་ལ་སྣ་སྒྲ་ཅན་དང་།  སྒྲ་ལྡན།  གསལ་བྱེད་སྦྲགས་མ་སོགས་ཡོད་པས་བོད་སྐད་ལས་ཀྱང་ཁམས་སྐད་ལ་ཐག་ཉེའོ་ཞེས་བརྗོད་ཡོད་དོ། ། 

གཉིས།  པེ་མ་ཡུལ་སྐད་ནི་བོད་སྐད་ལས་ཐ་དད་པའི་སྐད་རིགས་ཡན་གར་ཞིག་ཏུ་འདོད་པ།

དེང་རབས་སྐད་བརྡ་སྨྲ་བ་རྒན་སོང་ཧོང་ཁའེ་ལགས་ཀྱི<<པེ་མ་སྐད་ཀྱི་ཞིབ་འཇུག>>ཅེས་པ་རུ།   པེ་མ་སྐད་ཀྱི་སྒྲ་གདངས་ལ་གསལ་བྱེད་རྐྱང་པ་བཞི་བཅུ་ལྷག་ཡོད་པ་དང་།  མིང་ནི་རང་གི་སྐད་ཀྱི་རྩ་བའི་མིང་དང་རྒྱའི་འགྱུར་མིང་།  བོད་སྐད་ཀྱི་འགྱུར་མིང་བཅས་ཀྱིས་གྲུབ་ལ།  དེ་ལས་རྒྱའི་འགྱུར་མིང་གིས་མིང་སྤྱིའི12%དང་།  བོད་སྐད་ཀྱི་འགྱུར་མིང་གིས10%ཟིན་ཡོད་ཅིང་། བརྡ་སྤྲོད་ཀྱི་ཐད་ནས་པེ་མ་སྐད་ཀྱི་དངོས་པོའི་མིང་ལ་ཆ་གྲངས་སྟོན་པའི་ནུས་པ་ལྡན་པ་དང་།  རྩིས་གཞི་སྟོན་པའི་མིང་ནི་བོད་སྐད་ལས་ཀྱང་ཧ་ཅང་འཛོམས་པོ་ཡིན་པ་སོགས་རྟགས་སུ་བཀོད་ནས།  པེ་མ་སྐད་ནི་བོད་ཀྱི་ཡུལ་སྐད་ལས་བརྒལ་ཏེ་བོད་སྐད་སྡེའི་གྲས་ཤིག་རེད་(藏语支)ཅེས་བརྗོད་ཡོད་དོ། །ལོང་ནན་དགེ་ཐོན་ཆེད་སྦྱོང་སློབ་ཆེན་གྱི་དགེ་རྒན་ཝེ་ལེན་ལགས་ཀྱི<<པེ་མ་སྐད་ཀྱི་ཐ་སྙད་ལས་མི་རིགས་འདིའི་ཞིང་ལས་རིག་གནས་ལ་ཅུང་ཙམ་དཔྱད་པ>>[11]ཞེས་པ་དང<<པེ་མ་སྐད་ཀྱི་ཐ་སྙད་ཀྱི་ཁྱད་ཆོས་བཤད་པ>>[12]ཞེས་པ་གཉིས་སུ།  པེ་མ་སྐད་ཀྱི་ཐ་སྙད་མང་པོ་ཞིག་བོད་སྐད་དུ་གཏན་ནས་བཀོལ་སྲོལ་མེད་པ་དང་།  ཐ་སྙད་ཀྱི་གྲུབ་སྟངས་ཀྱང་བོད་སྐད་དང་ཁ་ཁ་ཡིན་ནོ་ཞེས་ཟེར་ནས་སྐད་རིགས་ཡན་གར་ཞིག་ཏུ་བསྒྲུབས་ཡོད།  པེ་མ་པ་མཱ་ཧྭའི<<ང་ཚོ་ནི་བོད་རིགས་མིན>>[13]ཞེས་པ་རུ།  པེ་མ་སྐད་དང་བོད་སྐད་བར་གྱི་ཁྱད་པར་ནི་བོད་ཀྱི་ཡུལ་སྐད་ཕན་ཚུན་བར་གྱི་ཁྱད་པར་ལས་མངོན་གསལ་ཡིན་པས་པེ་མ་སྐད་ནི་སྐད་རིགས་ཡན་གར་ཞིག་ཡིན་པ་དང་།  འདིའི་སྐད་ཆའི་འབྱུང་ཁུངས་ནི་སྡེ་རིགས(氐族)ཀྱི་སྐད་ལ་འདེད་དགོས་ཞེས་བརྗོད་ཡོད།  རྒྱའི་མཁས་པ་ཧྲང་ལི་དང་ཀྲོའུ་ཞི་དབྱིན།  རན་ཀུང་རོང་བཅས་ཀྱིས་བརྩམས་པའི<<པེ་མའི་རིགས་རུས་སྐོར་གྱི་གནད་དོན་གླེང་བ>>[14]ཞེས་པ་རུ།  པེ་མ་སྐད་ཀྱི་སྒྲ་གདངས་ལ་གསལ་བྱེད་འདུས་མ་མེད་པ་དང་གཅིག  རྗེས་འཇུག་གི་སྒྲ་ཟུར་ཙམ་ཡང་ཐོན་བཞིན་མེད་པ་དང་གཉིས།  རྩ་བའི་མིང་གི70%ཡན་ནི་པེ་མ་སྐད་ཀྱི་གདོད་མའི་མིང་ཡིན་པ་དང་གསུམ།  བྱ་ཚིག་ལ་ཁ་ཕྱོགས་སྟོན་པའི་ནུས་པ་ལྡན་པ་དང་བཞི་བཅས་ཀྱི་སྒོ་ནས་བོད་སྐད་དང་ཁྱད་པར་ཤིན་ཏུ་ཆེ་བ་བཤད་ཡོད།  དེ་མིན་དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུའི་ནང་སི་ཁྲོན་ཞིང་ཆེན་དམངས་ཨུ་ཡིས་མགོ་བཟུང་ནས་བསྡུས་པའི“པེ་མ་བའི་རིགས་རུས་རྩད་གཅོད་ཅེས་པའི་བགྲོ་གླེང་ཚོགས་འདུ”ནས་བཀྲམ་པའི<<པེ་མ་པའི་རིགས་རུས་སྐོར་གྱི་བགྲོ་གླེང་གཅེས་བསྡུས>>ཞེས་པ་དང<<པེ་མ་པའི་རིགས་རུས་ཞིབ་འཇུག་དཔྱད་རྩོམ་ཕྱོགས་བསྒྲིགས>>ཞེས་པ་གཉིས་སུ་བཀོད་པའི་ཁྱོན་བསྡོམས་དཔྱད་རྩོམ་ལྔ་བཅུ་ལྷག་གི་བརྒྱ་ཆའི་དགུ་བཅུའི་ཡན་གྱིས་ཀྱང་པེ་མ་བ་ནི་བོད་རིགས་མ་ཡིན་པར་སྡེ་རིགས་སུ་འདོད་བཞིན་ཡོད་དོ། །

མདོར་ན།  པེ་མ་ཡུལ་སྐད་ཀྱི་སྐོར་ལ་རྒྱལ་ཁབ་ཕྱི་ནང་གི་སྐད་བརྡ་རིག་པའི་མཁས་པ་མང་པོ་ཞིག་གིས་ཞིབ་འཇུག་མཛད་ཡོད་མོད།  དེ་ལས་མང་ཆེ་བ་ཞིག་གིས་པེ་མ་ཡུལ་སྐད་ངོ་སྤྲོད་དུས་སམ།  བོད་སྐད་དང་ཁྱད་པར་འབྱེད་ཚེའམ།  སྐད་རིགས་ཡན་གར་ཞིག་ཏུ་སྒྲུབ་སྐབས་བཅས་སུ།  གཅིག་ནས་བསྡུར་བྱ་པེ་མ་སྐད་ལ་རྒྱུས་ལོན་མེད་ཅིང་།  གཉིས་ནས་སྡུར་བྱེད་བོད་སྐད་ལ་བྱང་ཆ་མེད་པས་གང་དེའི་མིང་འགའ་རེ་དང་ཚིག་ཐོར་བུ་རེ་བཏུས་པའི་མུར། སྐད་རིགས་གཞན་ཞིག་གི་བརྡ་སྤྲོད་ཀྱི་གཞུང་ལུགས་སུ་མི་འཚམ་བཞིན་དུ་བཞག་ཅིང་།  སྒོས་སུ་རྒན་སོང་ཧོང་ཁའེ་ལགས་ཀྱི<<པེ་མ་སྐད་ཀྱི་ཞིབ་འཇུག>>ཅེས་པར་ཁུངས་བཅོལ་ཏེ།  དྭགས་པོར་འབོད་པའི་བོད་པ་འདི་དག་གི་ཡུལ་སྐད་ཀྱང་རྣམ་པ་ཀུན་ནས་བོད་ཀྱི་སྐད་ཁོངས་སུ་མི་གཏོགས་པའི་བསམ་བློ་བཏོན་ཡོད། 

གཉིས་པ།  པེ་མ་སྐད་ཀྱི་སྒྲ་གདངས་ཀྱི་ཁྱད་ཆོས། 

གཅིག  མིང་གཞིའི་སྐོར།

པེ་མ་ཡུལ་སྐད་དུ་སྒྲ་གནས་སུ་རུང་བའམ་དོན་ཐ་དད་དུ་འབྱེད་ནུས་པའི་མིང་གཞི་རྐྱང་པ་བསྡོམས་པས38ཡོད།  རེ་རེ་བཞིན་རེའུ་མིག་ཏུ་བཀོད་ན་གཤམ་གསལ་ལོ། །     

སྐྱེ་གནས་དང་སྒྲ་འབྱིན་སྟངས།

མཆུ།

ལྕེ་རྩེ་དབུས།

ལྕེ་རྩེ་གཞུག

ལྕེ་འདབ།

ལྕེ་ངོས་མདུན

ལྕེ་རྟིང་།

ཨོལ་སྒོ།

སྣ་སྒྲ།

m

ȵ

ŋ

འགག་

སྒྲ།

སྒྲ་མེད།

སྲོག་ཆུང་།

p

k

སྲོག་ཆེན།

ph

kh

སྒྲ་ལྡན།

b

n

ɡ

འགག་གཙུབ་ཀྱི་སྒྲ།

སྒྲ་མེད།

སྲོག་ཆུང་།

ts

སྲོག་ཆེན།

tsh

tʂh

tʃh

tɕh

སྒྲ་ལྡན།

dz

གཙུབ་སྒྲ།

སྒྲ་མེད།

s

ʂ

ʃ

ɕ

x

སྒྲ་ལྡན།

z

ʐ

ʒ

ʑ

ɣ

ɦ

མཐའ་སྒྲ།

l

མཐའ་གཙུབ་ཀྱི་སྒྲ།

ɬ

འདར་སྒྲ།

r

དབྱངས་ཕྱེད་ཀ་བ།

j

གཤམ་དུ་པེ་མ་ཡུལ་སྐད་ནས་མིང་གཞི་རྐྱང་བ་དང་།  མཐའ་རྟེན་ཅན།  མགོ་འདོགས་ཅན།  བརྩེགས་མ་སོགས་ཇི་ལྟར་ཀློག་བཞིན་པའམ་དེ་དག་གི་སྒྲའི་འབྱུང་ཁུངས་གང་ཡིན་པ་རེ་རེ་བཞིན་དཔྱད་པར་བྱ།

1.མིང་གཞི་རྐྱང་པ། 

དེ་ཡང་མིང་གཞི་རྐྱང་པ་མང་པོ་ཞིག་བོད་ཀྱི་ཡིག་སྐད་དུ་ཇི་ལྟར་ཀློག་པ་བཞིན་པེ་མ་ཡུལ་སྐད་དུའང་དེ་ལྟར་ཀློག་བཞིན་ཡོད་ཀྱང་། བྱེ་བྲག་འགའ་ཞིག་ཚེག་ཁྱིམ་སྔ་མས་ཤན་ཞུགས་པའམ། ཚེགས་ཡང་བར་འདོན་ཆེད་དུའམ།  དུས་གསུམ་གྱི་ཁྱད་པར་འབྱེད་བྱེད་བཅས་སུ་སྒྲ་མེད་སྒྲ་ལྡན་དུ་འགྱུར་བའམ།  སྒྲ་ལྡན་སྒྲ་མེད་དུ་འདོན་པ།  སྐྱེ་གནས་ཅུང་ཙམ་རེ་བརྗེ་བ།  སྲོག་ཆེན་སྲོག་ཆུང་དུ་ཀློག་པ།  སྲོག་ཆུང་སྲོག་ཆེན་ལྟར་འདོན་པའང་ཡོད། དེ་ལྟ་ནའང་བོད་སྤྱིའི་སྐད་སྲོལ་ལས་བདའ་མེད་དོ། ། རེ་རེ་བཞིན་དཔེར་བཀོད་ན།

(1) བོད་ཀྱི་ཡིག་སྐད་ཀྱི་ཀའི/k/སྒྲ་ནི་པེ་མ་སྐད་དུ/k/འམ /ɡ/འམ /ɣ/བཅས་གསུམ་དུ་ཀློག་བཞིན་ཡོད་དེ།  དཔེར་བརྗོད།13བོད་སྐད་ཀྱི་ཀེག་ལ ka⁵³  ཀུང་ཀུང་ལko²¹ko⁵³   དོམ་དཀར་ལtoŋ²¹ ɡa⁵³    རྒྱུ་དཀར་ལdʑy²¹ ɣa³⁵ ཞེས་ཀློག་པ་ལྟ་བུ།

དེ་ཡང་དང་པོས་དབྱངས་དང་རྗེས་འཇུག་གི་སྒྲ་ཡོངས་སུ་དོར་ནས་རྨང་གཞི་རྐྱང་པའི་སྒྲ་ཁོ་ནར་ཀློག་ཅིང་།  འདིའི་རིགས་ནི་ལྷ་སའི་སྐད་དང་ཞོན་ཧྭའི་སྐད་སོགས་སུའང་ཤིན་ཏུ་མང་སྟེ།  དཔེར་ན་ལྷ་སའི་སྐད་དུ་དཀར་པོ་ལ ka⁵⁵po⁵³དང་།  ཞོན་ཧྭའི་སྐད་དུ་སྐམ་པོ་ལ hka mbvལྟ་བུའོ། ། གཉིས་པའི་རྗེས་འཇུག་གི་སྒྲ་ཉམས་ནས་དབྱངས་ཨུ་ཨོ་རུ་གྱུར་ཡོད་ལ།  འདི་ནི་མཐའ་རྟེན་སྣ་སྒྲ་ཅན“ང”ཡིས་སྔ་མའི་དབྱངས་ལ་ཤན་ཞུགས་པར་འདོད།  བཞི་པས་སྒྲ་མེད་སྒྲ་ལྡན་དུ་ཀློག་བཞིན་པ་ནི་ཨ་མདོའི་སྐད་དུ་ལྟེབ་གྲི་ལ te dʑə དང་།  ཁ་གྲངས་ལ kha dʑaŋ བར་གྱང་ལ vɛ dʑaŋཞེས་ཀློག་པ་དང་མཚུངས་སོ། ། ལྔ་པས་འགག་སྒྲ་སྒྲ་མེད“ཀ”ནི་གཙུབ་སྒྲ་སྒྲ་ལྡནɣབཞིན་ཀློག་བཞིན་མཆིས་ཤིང་།  འདིའི་རིགས་ཀྱང་ཨ་མདོའི་སྐད་དུ་མང་དུ་གདའ་སྟེ།  དཔེར་ན་རྡེའུ་དཀར་ལdzɿ ɣɛདང་།  རྒྱ་གར་ལdʑa ɣɛ  ཐོད་དཀར་ལtho ɣɛལྟ་བུའོ། །

(2)བོད་སྐད་ཀྱི་ཁའི/kh/སྒྲ་ལ་པེ་མ་སྐད་དུ/kh/ /ɡ/ /ɣ/ /ŋɡ/བཅས་ཀློག་སྲོལ་རྣམ་པ་བཞི་མཆིས་ཏེ།  དཔེར་བརྗོད་ན།  བོད་སྐད་ཀྱི་ཁ་ལkha⁵³  ཁབ་ལkhʋ⁵³   ཁོམ་ལkhʋ⁵³  སྐྱུར་ཁུ་ལɕu²¹ku⁵³ བྱ་ཁང་ལɕæ²¹ɣo³⁵ ཁང་པ་ལŋɡo²¹ wa⁵³ལྟ་བུའོ། །

དེ་ཡང་སྔ་མ་གསུམ་གྱི་ཀློག་སྟངས་ནི་བོད་སྤྱི་འགྲོས་སྐད་ཀྱི་ཀློག་སྟངས་དང་འདྲ་ལ།  བཞི་པས་སྲོག་ཆེན་སྲོག་ཆུང་ལྟར་ཀློག་པ་ནི་ཨ་མདོའི་སྐད་དུ་ཨ་ཁུ་ལa kəདང་།  ཚྭ་ཁུ་ལtsha kəཞེས་ཀློག་པ་དང་གཉིས་སུ་མ་མཆིས།  ལྔ་པའི་སྲོག་ཆེན་སྒྲ་མེད“ཁ”ནི་གཙུབ་སྒྲ་སྒྲ་ལྡནɣརུ་ཀློག་པ་ནི་ཨ་མདོའི་སྐད་དུ་འདུ་ཁང་ལndə ɣoŋདང་།  ལྷ་ཁང་ལɬə ɣaŋ  ཇ་ཁང་ལtɕa ɣaŋཞེས་པར་ཀློག་པའི་རྗེས་སུ་འགྲོ་སྟེ། ། འདི་ནི་གཙོ་བོ་ཚེག་ཁྱིམ་སྔ་མའི་རྗེས་འཇུག“འ”ཡི་སྒྲས་ཤན་ཞུགས་པར་འདོད་ལ།  “འ”ནི“བ”དང་འཕྲད་ཚེ“ཝ” ɣཡི་སྒྲ་ཐོན་པ་ལ་རིགས་བསྒྲེས་ན་ཤེས་སོ། །  དེ་མིན་ཚེག་ཁྱིམ་སྔ་མའི་རྗེས་འཇུག“འ”མིན་ཚེ། ɣཡི་སྒྲ་ཐོན་བཞིན་མེད་དེ།  དཔེར་ན། མཆོད་ཁང་ལtɕo kaŋཞེས་པ་ལྟ་བུའོ། །  དྲུག་པས་སྒྲ་མེད“ཁ”ནི་སྒྲ་ལྡན་སྣ་སྒྲ་དང་བཅས་པར་ཀློག་པ་ནི་སྐད་གསར་བཅད་མ་བྱས་ཡར་སྔོན་ལ་སྔོན་འཇུག“འ”ཞིག་ཞུགས་ཡོད་པŋkhaŋ paཞེས་དེ་དེ་བཞིན་དུ་བཀླགས་པ་ཡིན་པར་འདོད་དོ། །

(3)བོད་སྐད་ཀྱི་གའི/ɡ/སྒྲ་ནི་པེ་མ་སྐད་དུ/k/ /ɡ/ /ɣ/ŋɡ/བཅས་སྒྲ་རྣམ་པ་བཞི་རུ་ཀློག་སྟེ།  དཔེར་བརྗོད་ན། བོད་སྐད་ཀྱི་གང་ལ ko⁵³ གང་ལ་ཞེས་པ་ལka²¹la⁵³  རྒྱ་གོས་ལdʑæ²¹kø³⁵  ཟླ་གུར་ལdza²¹ɡu³⁵མུ་ག་ལmu²¹ɣa⁵³  སེང་གེ་ལshæ²¹ŋɡæ⁵³ཞེས་པ་ལྟ་བུའོ། །སྤྱིར་བོད་ཀྱི་ཡུལ་སྐད་སོ་སོ་ནས་ཀྱང་“ག”ཞེས་པའི་སྒྲ་འདིའི་འདོན་སྟངས་མི་འདྲ་སྟེ། ཡི་གེ་རྐྱང་པའམ་འཕུལ་ཅན་ནམ། མགོ་འདོགས་ཅན་ཅི་རིགས་ཀྱིས་ཀློག་ཚེ་ཨ་མདོའི་སྐད་དུ“ཀ”འི་སྒྲ་དང་མཚུངས་པརkརུ་ཀློག་བཞིན་མཆིས་ཤིང་།  ལྷ་སའི་སྐད་དུk³⁵རུ་འདོན། ཁམས་སྐད་དུ་མཚམས་མཚམས་སུɡསྒྲར་འབྱིན་ནོ། ། འདི་དག་ཀྱང་གཙོ་བོ་ཚེག་ཁྱིམ་སྔ་མའི་རྗེས་འཇུག་གམ།  རང་གི་སྒྲའི་ཆ་ཤས་སུ་གྱུར་པའི་མགོ་འདོགས་འཕུལ་གསུམ་སོགས་ཀྱིས་ཤན་ཞུགས་པ་ལས་སྒྲ་ལ་འགྱུར་བ་ཅུང་ཙམ་བྱུང་བ་མ་གཏོགས།  སྐྱེ་གནས་གཞན་ཞིག་ལ་བསྣུར་བའམ།  སྒྲའི་འབྱིན་སྟངས་ཐ་དད་དུ་གྱུར་པ་ཞིག་གཏན་ནས་མ་ཡིན་པར།  སྐད་རིགས་གང་དེའི་སྒྲ་གདངས་ཀྱི་སྤྱིའི་འགྱུར་ལུགས་དེ་ལ་བསྟུན་ཤ་སྟག་བྱས་ཡོད།   དེ་ཡང་གོང་གི་དཔེར་བརྗོད་སྔ་མ་གསུམ་པོས་སྒྲ་ལྡན“ག”/ɡ/ནི་སྒྲ་མེད“ཀ”/k/རུ་ཀློག་པ་ནི་ཨ་མདོ་སྐད་དུ“ག”ཡི་གེ་རྐྱང་པ་ཀློག་དུས་སམ། རྗེས་འཇུག་བཅུ་ལས་གང་རུང་ཞིག་ཞུགས་ནས་ཀློག་པའི་ཚེ། སྒྲ་མེད“ཀ” kརུ་ཀློག་པ་དང་གཉིས་སུ་མ་མཆིས་སོ། །བཞི་པའི“ག” ནི/ɡ/ཞེས་སྒྲ་ལྡན་བཞིན་ཀློག་པ་ནི་ཨ་མདོ་སྐད་དུ“གུ་རུ”ལ“ɡə rə” ཞེས་སྒྲ་ལྡན་དུ་ཀློག་སྲོལ་ཡོད་པ་དེར་ཐོ་ཐུག་གོ།  །ལྔ་པས“ག”ལɣསྒྲ་བཞིན་འབྱིན་པ་ནི་ཨ་མདོ་སྐད་དུ་སྐར་ཁུང་ལ“ཧྲག་ག”ཞེས་འབོད་ཅིང་།  ངག་ནས་ཀློག་ཚེ“ʂak ɣa”ཞེསɣསྒྲ་ཐོན་པ་དང་ཆ་འདྲ་ཞིང་།  འདི་ནི་བོད་སྐད་ཀྱི་སྒྲ་གདངས་ཀྱི་སྤྱིའི་འགྱུར་ལུགས་ཏེ།  སྒྲ་གང་ཞིག་ཁ་རུ་ལེན་མི་བདེ་བའམ་ཚེགས་ཆེ་བ་ཅན་རྣམས་ཚེགས་ཆུང་བར་འགྱུར་རོ་ཞེས་པ་དང་ཤིན་ཏུ་ཐོ་ཐུག་སྟེ།  “ག”ནི་འགག་སྒྲ kའམɡབཞིན་ཀློག་དགོས་ན།  རང་གི་སྐྱེ་གནས་དེའི་ཤ་བསྒྲིམས་ནས་སྒྲ་བསྐྱེད་དགོས་པས་ཚེགས་ཅུང་ལྗིད་ལ།  ɣཞེས་གཙུབ་སྒྲ་ལྟར་བཀླགས་ན་ལྟོས་བཅས་ཀྱིས་ཤ་ཅུང་ལྷོད་ནས་སྒྲ་འབྱིན་ཆོག་པས་ཚེགས་ཅུང་ཡང་། དེ་བས་ཨ་མདོ་སྐད་དུ་བཅུ་ཡི་ལྡབ་གྲངས་གཉིས་བཅུ་ལ་ཉི་ཤུ་ཞེས་སྒྲ་འབྱིན་པའང་།  འགག་སྒྲ་གང་ཞིག་གཙུབ་སྒྲ་བཞིན་ཚེགས་ཆུང་བར་བཀླགས་པ་ལས་མ་འདས་སོ། །དྲུག་པའི“གེ”ལ ŋɡæ⁵³ཞེས་གསལ་བྱེད་སྦྲགས་མའི་སྒྲ་ལྟ་བུ་ཐོན་པ་ནི་མིང་གང་འདིའི་ཚེག་ཁྱིམ་སྔ་མའི་རྗེས་འཇུག“ང”ཡི་སྒྲས་ཤན་ཞུགས་ནས་སྒྲ་མཐུན་པར་གྱུར་པ་ཙམ་མོ། །

(4)བོད་སྐད་ཀྱི་ངའི/ŋ/སྒྲ་ནི་པེ་མ་སྐད་དུ/ŋ/ དང/ȵ/ བཅས་སྒྲ་རིགས་གཉིས་སུ་ཀློག་སྟེ།  དཔེར་བརྗོད་ན།

བོད་སྐད་ཀྱི་ང་ལŋa⁵³  ངན་པ་ཞེས་པ་ལŋa²¹mba⁵³   རྔུལ་ཆུ་ལȵɦi²¹tʃu⁵³  དངུལ་ལȵɦi³⁴¹ཞེས་པ་ལྟ་བུའོ། །  འདིར“ང”སྒྲར་འབྱིན་པ་ནི་བོད་སྤྱིའི་སྐད་དང་མཚུངས་ལ།  དམིགས་བསལ“ཉ” ȵསྒྲ་ལྟ་བུར་འདོན་པ་ནི་ཨ་མདོའི་ཞོན་ཧྭའི་སྐད་དང་རིག་སྨོན་སྐད་དུ“རྔས་མགོ”ལ“ȵe ɡo”ཞེས“ངའི”སྒྲ“ཉའི” ȵསྒྲར་འབྱིན་པའི་སྐབས་ཤིག་ཡོད་པ་དེའི་རྗེས་སུ་འགྲོའོ། །  དེ་ཡང་བོད་སྐད་དུ“ངའི”སྒྲ“ཉའི” ȵསྒྲར་ནི་འགྱུར་སླ་སྟེ།  གཅིག་ནས་སྒྲ་འདི་གཉིས་ཀ་སྐྱེ་གནས་ལྕེ་ནས་སྐྱེ་བ་ཡིན་པ་འདྲ་ཞིང་།  གཉིས་ནས་སྒྲ་འབྱིན་སྟངས་ལ་སྔ་ཕྱི་གཉིས་ཀ་སྒྲ་ལྡན་དང་སྣ་སྒྲ་ཅན་ཡིན་པས་སོ། །    

(5) བོད་སྐད་ཀྱི་ཅའི/tɕ/སྒྲ་ལ་པེ་མ་སྐད་ནས་ཀློག་སྲོལ་རྣམ་པ་གཉིས་ཡོད་དེ། གཅིག་ནི/tɕ/དང་། ཅིག་ཤོས་ནི/ndʒ/ཡིན།  དཔེར་བརྗོད་ན།  བོད་སྐད་ཀྱི་བཅར་ལ tɕa⁵³  ལྕ་སྒ་ཞེས་པ་ལ tɕa²¹ga⁴²  སུམ་ཅུ་ལsʋ²¹ndʒu⁵³  བདུན་ཅུ་ལde²¹ndʒu⁵³ཞེས་པ་ལྟ་བུའོ། །དེ་ཡང་པེ་མ་སྐད་ནས་ཡི་གེ་རྐྱང་པ“ཅ”དང་དེའི་མཐའ་རྟེན་ཅན་ཡོད་དོ་ཅོག/ tɕ/རུ་ཀློག་པ་བོད་སྤྱིའི་སྐད་དང་འདྲ་ཞིང་། སྒྲ་ལྡན/ndʒ/བཞིན་ཀློག་པ་ནི་ཚེག་ཁྱིམ་སྔ་མའི་རྗེས་འཇུག་ཡི་གེས་ཤན་ཞུགས་པ་ཡིན་པར་སྙམ།

(6) བོད་སྐད་ཀྱི་ཆའི/tɕh/སྒྲ་ནི་པེ་མ་སྐད་དུ/tɕh/ /tɕ//ʐ/བཅས་སྒྲ་རྣམ་པ་གསུམ་དུ་ཀློག  དཔེར་བརྗོད་ན།  བོད་སྐད་ཀྱི་ཆད་པ་ལtɕha²¹ pa⁵³  ཆས་ཞེས་པ་ལtɕhæ³⁵ ལག་ཆ་ལja²¹tɕa⁵³ ཁ་ཆེམས་ལkha²¹ʐe³⁵  ཁ་ཆུ་ལkha²¹ʐu⁵³ ཞེས་པ་ལྟ་བུའོ། །འདིར་དང་པོ་དང་གཉིས་པས“ཆ” /tɕh/སྒྲ་ཇི་བཞིན་དུ་ཀློག་པ་ནི་བོད་སྤྱི་འགྲོས་ཀྱི་སྐད་དང་ཐོ་ཐུག་པ་དང་།  གསུམ་པས་སྲོག་ཆེན་གྱི་སྒྲ་ཡིན་བཞིན་དུ་སྲོག་མེད/tɕ/སྒྲར་ཀློག་པ་ནི།  ཨ་མདོའི་ཞོན་ཧྭའི་སྐད་དུ/tɕh/སྒྲ་ཕལ་ཆེ་བ་ཞིག་སྲོག་མེད/tɕ/སྒྲར་ཀློག་བཞིན་ཡོད་པ་དཔེར་ན།  ལག་ཆ་ལ/lak/ /tɕa/དང་། རིན་ཆེན་ལ/rə/ /tɕe/  དཔེ་ཆ་ལ/xwe/ /tɕa/   བྲག་ཆ་ལ/tʂək/ /tɕa/  འདོགས་ཆ་ལ/dok/ /tɕa/ དེ་མིན་གནའ་བོའི་བོད་སྐད་དུ།  དཀོན་མཆོག་ལ/hkon/ /tɕok/ཞེས་པ་དང་གཉིས་སུ་མ་མཆིས་སོ། །བཞི་པ་དང་ལྔ་པའི/tɕh/སྒྲ་ནི/ʐ/སྒྲ་ལྟ་བུར་འདོན་བཞིན་ཡོད་པ་བོད་སྤྱིའི་སྐད་དུ་ཆེས་ཆེར་མི་སྣང་བས་བློ་ལྡན་རྣམས་ཀྱིས་དཔྱད་པར་རིགས་སོ། །  

(7) བོད་སྐད་ཀྱི་ཇའི/dʑ/སྒྲ་ནི་པེ་མ་སྐད་དུ/tɕ/སྒྲ་འབའ་ཞིག་ཏུ་ཀློག་བཞིན་མཆིས་ཏེ།  དཔེར་བརྗོད་ན།  བོད་སྐད་ཀྱི་ཇ་མ་ལtɕa⁵³ma³⁵ཞེས་པ་ལྟ་བུའོ། །འདི་ནི་ཨ་མདོའི་སྐད་དང་སྒོས་སུ་ཞོན་ཧྭའི་སྐད་ཀྱི་ཀློག་སྲོལ་དང་གཅིག་མཚུངས་སུ་སྣང་སྟེ།  ཞོན་ཧྭའི་སྐད་དུའང་ཇ་སྒྲ་ཐམས་ཅད་ཅ་སྒྲར་ཀློག་གོ །  

(8) བོད་སྐད་ཀྱི་ཉ/ȵ/ཞེས་པའི་སྒྲ་ནི་པེ་མ་སྐད་ནས/ȵ/ དང/ŋɦ/ཞེས་སྒྲ་གཉིས་སུ་ཀློག  དཔེར་བརྗོད་ན།  བོད་སྐད་ཀྱི་ཉ་ལȵæ⁵³ རྙིང་བ་ཞེས་པ་ལȵi²¹ wa³⁵   སྙོབ་ལȵya⁵³  རྙེད་ལŋɦe³⁴¹ཞེས་པ་ལྟ་བུའོ། །དེ་ཡང་སྔ་མ་གསུམ་ནི་བོད་སྤྱིའི་སྐད་ཀྱི་ཀློག་སྲོལ་དང་ཐོ་ཐུག་ལ།  མཐའ་མ་ནི་གོང་ནས“‘ང’དང‘ཉ’ནི་ཕན་ཚུན་གཅིག་གིས་གཅིག་ལ་འགྱུར་སླའོ”ཞེས་སྤྲོས་ཟིན་པ་བཞིན་ནོ། །

 (10) བོད་སྐད་ཀྱི་ཏའི/t/སྒྲ་ལ་པེ་མ་སྐད་ནས/t/དང/l/ཞེས་སྒྲ་རྣམ་པ་གཉིས་བསྐྱེད་ཡོད།   དཔེར་བརྗོད་ན།  བོད་སྐད་ཀྱི་ཏོག་པ་ལtɔ²¹wa⁵³ ཁྭ་ཏ་ལkha²¹ la³⁵ ཞེས་པ་ལྟ་བུའོ། །འདིའི་སྔ་མ་ནི་བོད་སྤྱིའི་སྐད་དང་འདྲ་ལ། ཕྱི་མ་ནི་སྒྲ་གཉིས་ཀ་གནས་ལྕེ་རྩེའི་དབུས་ནས་སྐྱེ་བས་སྔ་མ་འགག་སྒྲ་ཟོར་ཡང་བའི་ཆེད་དུ་ཕྱི་མ་མཐའ་སྒྲར་འགྱུར་བ་ཡིན་ནམ་སྙམ།

(11) བོད་སྐད་ཀྱི་ཐའི/th/སྒྲ་ལ་པེ་མ་སྐད་ནས་སྒྲ་རྣམ་པ་བཞི་ཡོད་པ་གང་ཞེ་ན། /th/ དང/d/ /t/ /l/བཅས་སོ། །  དཔེར་བརྗོད་ན།  བོད་སྐད་ཀྱི་ཐག་རིང་ཞེས་པ་ལthɑ²¹ʐe³⁵ རྣ་ཐོས་ལnɑ³⁵ thø³⁵ སྒོ་ཐེམ་ལguɑ⁵³ le³⁵ མཐུར་ཐག་ལndu²¹ tɑ⁵³ཞེས་པ་ལྟ་བུའོ། །དེ་ཡང་དང་པོ་དང་གཉིས་པས་བོད་སྤྱིའི་སྐད་ཇི་བཞིན་དུ/th/ཞེས་ཀློག་བཞིན་ཡོད་པ་དང་།  གསུམ་པས/l/སྒྲར་འདོན་བཞིན་ཡོད་པ་གོང་ནས་བཤད་ཟིན།  བཞི་པས་ཚེག་ཁྱིམ་སྔ་མ་སྒྲ་མེད་ཡིན་བཞིན་དུ་སྒྲ་ལྡན་ལྟར་ཀློག་པ་ནི།  ཨ་མདོའི་ཞོན་ཧྭའི་སྐད་དུ་རྨུ་ཐག་ལ/hmə/ /dək/དང་།   སྐེ་ཐག་ལ/hke/ /dək/  སྒྱུད་ཐག་ལ /dʑə/ /dək/ཞེས་ཀློག་པ་དང་གཉིས་སུ་མ་མཆིས་སོ། །ཚེག་ཁྱིམ་ཕྱི་མ་སྲོག་ཆུང་ལྟར་ཀློག་པ་ནི་ཞོན་ཧྭའི་སྐད་ནས་ཀྱང་མཐུར་ཐག་ལthə tɑʔཞེས་ཀློག་པ་བཞིན་ནོ། །

(12) བོད་སྐད་ཀྱི་དའི/d/སྒྲ་ལ་པེ་མ་སྐད་ནས/d/ དང/ t/ཞེས་ཀློག་སྲོལ་རིགས་གཉིས་ཡོད་དེ། དཔེར་བརྗོད་ན།  བོད་སྐད་ཀྱི་དེད་ཞེས་པ་ལte⁵³དང་།  དུག་ལtyə⁵³  ཡུར་དོང་ལʑu²¹ dʋ³⁵ ཞེས་པ་ལྟ་བུའོ། །འདིར་ཚེག་ཁྱིམ་གཅིག་ཅན་དང་ཚེག་ཁྱིམ་གཉིས་ཅན་གྱི་སྔ་མར་བྱུང་དུས་སྒྲ་མེད/t/ལྟར་ཀློག་པ་དང་། ཚེག་ཁྱིམ་གཉིས་ཅན་གྱི་ཕྱི་མར་བྱུང་ཚེ/d/བཞིན་འདོན་པ་ནི། ཨ་མདོའི་ཞོན་ཧྭ་སྐད་དུ།  དན་ལ/tan/དང་།  ཙན་དན་ལ/tsan/ /dan/  དོང་ལ/toŋ/དང་།  ཡུར་དོང་ལ/jo/ /doŋ/   དོག་ལ/tok/དང་།  ཕྲག་དོག་ལ/tʂhak/ /dok/ཞེས་ཀློག་པ་དང་གཅིག་གོ །འདི་ནི་གཙོ་བོ་སྔ་མའི་རྗེས་འཇུག་གིས་ཤན་ཞུགས་པ་ཡིན་པར་འདོད་དོ། །

(13) བོད་སྐད་ཀྱི་ནའི/n/སྒྲ་ལ་པེ་མ་སྐད་ནས/n/ དང /ȵ/ཞེས་ཀློག་སྲོལ་རྣམ་པ་གཉིས་ཡོད་དེ། དཔེར་བརྗོད་ན།  བོད་སྐད་ཀྱི་ནས་ཞེས་པ་ལȵe⁵³དང་། ནགས་ལnɑ⁵³  གནམ་ལnɔ³⁵ ཞེས་པ་ལྟ་བུའོ། །འདིའི་དང་པོས“ན”ལ/ȵ/ལྟ་བུར་ཀློག་པ་ནི།  ཨ་མདོའི་ཞོན་ཧྭའི་སྐད་དུ“ནུས”ཞེས་པར/ȵi/ཞེས་ཀློག་པ་དང་མཚུངས་ལ།  འདི་ནི་གཙོ་བོ་མིང་གང་གི་འཇུག་བྱེད་རྗེས་འཇུག་ཡི་གེ“ས”ཡི་སྒྲ་ཉམས་ནས་དབྱངས/i/ལྟ་བུར་འགྱུར་ནས་ཤན་ཞུགས་པར་འདོད། །

(14) བོད་སྐད་ཀྱི་པའི/p/སྒྲ་ལ་པེ་མ་སྐད་ནས/p/ དང/b/ /w/བཅས་ཀློག་སྲོལ་རྣམ་པ་གཉིས་ཡོད་དེ། དཔེར་བརྗོད་ན།  བོད་སྐད་ཀྱི་པར་ཞེས་པ་ལpa⁵³དང་།  རྩམ་པ་ལtsa²¹ mba⁵³ གསོན་པོ་ལsø²¹ mbu⁵³  ཁང་པ་ལŋgo²¹ wa⁵³ཞེས་པ་ལྟ་བུའོ། །དེ་ཡང་དང་པོས་བོད་སྤྱིའི་སྐད་དུ་ཇི་ལྟར་ཀློག་བཞིན་ཡོད་པ་དེ་ལྟར་དུ་ཀློག་བཞིན་ཡོད་ཅིང་།  གཉིས་པ་དང་གསུམ་པས་སྒྲ་མེད/p/སྒྲ་ལྡན/b/བཞིན་ཀློག་པ་ནི་ཚེག་ཁྱིམ་སྔ་མའི་སྒྲ་ལྡན་སྣ་སྒྲ་ཅན/m/དང/n/གཉིས་ཀྱིས་ཤན་ཞུགས་པར་འདོད།  བཞི་པའི“པ”དེ“བ”ལྟར་ཀློག་པ་ནི་སྔ་མའི་རྗེས་འཇུག་མོ་ཡིག་ཡིན་པས་རྟགས་མཚུངས་བཞིན་དྲངས་པར་འདོད་དོ། །

(15) བོད་སྐད་ཀྱི་ཕའི/ph/སྒྲ་ལ་པེ་མ་སྐད་ནས་ཀློག་སྲོལ་རྣམ་པ་གཉིས་ཡོད་པ་ནི། /ph/དང/w/གཉིས་སོ། ། དཔེར་བརྗོད་ན།  བོད་སྐད་ཀྱི་ཕག་ཅེས་པ་ལpha⁵³དང་། ཕོག་ལphæ⁵³  དེ་ཕོ་ལtæ²¹ wu⁵³ཞེས་པ་ལྟ་བུའོ། །དེ་ཡང་སྔ་མ་གཉིས་ནི་བོད་སྤྱིའི་འགྲོས་ཀྱི་སྐད་དང་ཐོ་ཐུག་པ་དང་།  མཐའ་མའི་མིང་མཐའ“པ” དེ“བ”ལྟར་ཀློག་པ་ནི་སྔ་མའི་རྗེས་འཇུག“འ”མོ་ཡིག་ཡིན་པས་རྟགས་མཚུངས་བཞིན་དྲངས་པར་འདོད་དོ། །

(16) བོད་སྐད་ཀྱི་བའི/b/སྒྲ་ལ་པེ་མ་སྐད་ནས/p/དང/w/ཞེས་སྒྲ་རྣམ་པ་གཉིས་སུ་ཀློག  དཔེར་བརྗོད་ན།  བོད་སྐད་ཀྱི་ལུག་བལ་ལjyə²¹ pæ³⁵དང་།   རྩ་བ་ལtsa²¹ wa⁵³ཞེས་པ་ལྟ་བུའོ། །འདིའི་སྔ་མས་ནི་ལྷ་སའི་སྐད་ལྟ་བུར་བཀླགས་པ་ཡིན་ཏེ།  དོན་དུ་སྒྲ་ལྡན་སྒྲ་མེད་བཞིན་ཀློག་པ་བོད་ཀྱི་ཡུལ་སྐད་གཞན་དག་ཏུའང་ཤིན་ཏུ་མང(དཔེར་ན།  ཨ་མདོའི་སྐད་ནས་སྒྲ་ལྡན“ག”སྒྲ་མེད“ཀ”ལྟ་བུར་ཀློག་པ་དང་།  སྒྲ་ལྡན“ཇ”སྒྲ་མེད“ཅ”བཞིན་ཀློག་པ་ལྟ་བུའོ། །)ངོ་། །  ཕྱི་མའི“བ”/b/ནི་དབྱངས་ཕྱེད་ཀ་བ/w/བཞིན་ཀློག་པ་ནི་ཚེགས་ཡང་བས་ཆེད་ཁོ་ན་ཡིན་པར་འདོད་དོ། །

(17) བོད་སྐད་ཀྱི་མ/m/ཞེས་པའི་སྒྲ་ནི་པེ་མ་སྐད་ནས་ཀྱང/m/ཁོ་ནར་ཀློག་བཞིན་ཡོད་དེ། དཔེར་བརྗོད་ན།   བོད་སྐད་ཀྱི་མར་ལmɑ⁵³དང་།  མང་པོ་ལmɔ²¹ wu⁵³  རྨོས་ལmø³⁵ཞེས་པ་ལྟ་བུའོ། །

(18) བོད་སྐད་ཀྱི་ཙ/ts/ ཚ/tsh/ ཛ/dz/ ཝ/ɣ/བཞི་རྐྱང་པ་ངག་ནས་ཀློག་ཚེ།  པེ་མ་སྐད་དུའང/ts/ /tsh/ /dz/ /ɣ/ཞེས་ཀློག  དཔེར་བརྗོད་ན།   བོད་སྐད་ཀྱི་གཙང་མ་ཞེས་པ་ལtsɔ²¹mɑ⁵³དང་།  རྩྭ་ལtsa⁵³  ཚར་ལtsha⁵³ ཚིགས་ཀ་ལtshə²¹ka⁵³    མཛོད་ལndzua⁵³   རྫ་ལdza⁴²  ཝ་ལɣa⁵³ ཞེས་པ་ལྟ་བུའོ། །

(19)བོད་སྐད་ཀྱི་ཞའི/ʑ/སྒྲ་ལ་པེ་མ་སྐད་དུ/ʑ/ /ʂ/ /ʐ/བཅས་ཀློག་སྲོལ་རྣམ་པ་གསུམ་མཆིས་ཏེ།  དཔེར་བརྗོད་ན།  བོད་སྐད་ཀྱི་ཞྭ་མོ་ལʑa²¹ mo⁵³  ཞག་ལʂa⁵³  སྐྲང་ཞི་ཞེས་པ་ལɕɔ²¹ʂə⁵³  རྐང་ཞར་ལko²¹ ʐa⁵³ཞེས་པ་ལྟ་བུའོ། །འདིར“ཞ”/ʑ/སྒྲར་འབྱིན་པ་ནི་བོད་སྤྱིའི་སྐད(སྒོས་སུ་མགོ་ལོག་གི་སྐད་དང་འདྲའོ། །)དང་མཚུངས་ལ།  དམིགས་བསལ/ʂ/དང/ʐ/སྒྲ་ལྟ་བུར་འདོན་པ་ནི་ཨ་མདོའི་ཞོན་ཧྭའི་སྐད(རྡོ་སྦིས་ར་སྐོར་ཡུལ་སྐད)དུ“ཞི་མོ”ལ“ʂə mo”དང“མི་ཞིག”ལ“mə ʐək”ཞེས/ʑ/སྒྲ/ʂ/དང/ʐ/སྒྲར་འབྱིན་པའི་སྐབས་ཤིག་ཡོད་པ་དེའི་རྗེས་སུ་འགྲོའོ། །དེ་ཡང་བོད་སྐད་དུ/ʑ/སྒྲ/ʂ/དང/ʐ/སྒྲར་ནི་འགྱུར་སླ་སྟེ།  གཅིག་ནས་སྒྲ་འདི་གསུམ་པོ་སྐྱེ་གནས་ལྕེ་ནས་སྐྱེ་བ་ཡིན་པ་འདྲ་ཞིང་།  གཉིས་ནས་སྒྲ་འབྱིན་སྟངས་ནི་སྔ་ཕྱི་ཚང་མ་གཙུབ་སྒྲ་ཡིན་པས་སོ། །   

(20)བོད་སྐད་ཀྱི་ཟའི/z/སྒྲ་ལ་པེ་མ་སྐད་ནས་སྒྲ་རྣམ་པ་གཉིས་ཡོད་པ་གང་ཞེ་ན། /s/དང/z/གཉིས་སོ། །དཔེར་བརྗོད་ན།  བོད་སྐད་ཀྱི་ཟ་མ་ཞེས་པ་ལso³⁵  ཟམ་པ་ལsa²¹ mba⁵³  དགོང་ཟས་ལgʋ²¹ ze³⁵ཞེས་པ་ལྟ་བུའོ། །དེ་ཡང་བོད་ཀྱི་གསལ་བྱེད་སུམ་ཅུའི་རིམ་པ་སྒྲིག་སྲོལ་ལ་གཞིགས་ན། “ཟ” ནི་སྒྲ་ལྡན་ཡིན་དགོས་ནའང་།  བོད་ཀྱི་ཡུལ་སྐད་མང་ཆེ་ཤོས་ནས་སྒྲ་མེད/s/བཞིན་ཀློག་བཞིན་ཡོད་དོ། །གསུམ་པས་སྒྲ་ལྡན་ཇི་བཞིན་ཀློག་པ་ནི་ཨ་མདོའི་མགོ་ལོག་སྐད་དང་མཚུངས་ཤིང་།  “ཟ”ཡིག་མིང་གང་གི་མ་མཐར་བྱུང་ཚེ།  ཞོན་ཧྭའི་སྐད་དུའང་སྒྲ་ལྡན་ལྟར་ཀློག་པ་དཔེར་ན།  སྒོ་ཟོག་ལgo zok  ཆུ་ཟོ་ལtɕhə zʊཞེས་པ་ལྟ་བུའོ། །འདི་ནི་གཙོ་བོ་ཚེག་ཁྱིམ་སྔ་མའི་རྗེས་འཇུག་སྒྲ་ལྡན“འ”ཡིས་ཤན་ཞུགས་པར་འདོད།

(20)བོད་སྐད་ཀྱི་འའི/ɦ/སྒྲ་ལ་པེ་མ་སྐད་དུ/ɦ/དང/w/ཞེས་ཀློག་སྲོལ་རིགས་གཉིས་མཆིས་ཏེ།  དཔེར་བརྗོད་ན།  བོད་སྐད་ཀྱི་འུག་པ་ལwu²¹ wa⁵³དང་།  ཟླ་འོད་ལdz²¹ we⁵³  འོག་ཅེས་པ་ལɦok⁵³ཞེས་པ་ལྟ་བུའོ། །  འདིར“འ”ལ“བ”སྒྲ་ལྟ་བུར་འབྱིན་པ་ནི་བོད་ཀྱི་ཡུལ་སྐད་གཞན་དག་ཏུའང་ཤིན་ཏུ་མང་སྟེ།  དཔེར་ན།  ཨ་མདོའི་དཔའ་ལུང་ཡུལ་སྐད་དུ“བོད”ལɦo⁵³ཞེས་འབོད་པ་ལྟ་བུའོ། །

(21) བོད་སྐད་ཀྱི་ཡ/j/སྒྲ་མ་ལུས་པེ་མ་སྐད་ནས/ʑ/བཞིན་ཀློག་བཞིན་ཡོད་དེ། དཔེར་བརྗོད་ན།   བོད་སྐད་ཀྱི་ཡིབ་ཅེས་པ་ལʑi⁴²དང་།  ཆུ་ཡུར་ལtʃhu²¹ʑu⁵³  གཡོན་ལʑo²¹   ལག་གཡུག་ལjɑ³⁵ʑyə³⁴¹ཞེས་པ་ལྟ་བུའོ། ། དེ་ཡང་པེ་མ་སྐད་ལ་སྒྲའི་འགྱུར་ལུགས་ཐུན་མོང་བ་ཞིག་ཡོད་པ་ནི།  “ལ”ཐམས་ཅད“ཡ”སྒྲ་ལྟ་བུར་ཀློག་པ་དང་།  “ཡ”མ་ལུས“ཞ”སྒྲ་བཞིན་འབྱིན་ཞིང་།  “ཞ”ཡོད་དོ་ཅོག/ʂ/དང/ʐ/སྒྲ་ལྟར་ཀློག་བཞིན་ཡོད་དོ། །འདི་དག་གི་སྒྲའི་འགྱུར་སྲོལ་ནི། སྒྲ་གང་ཞིག་ཉམས་པའམ་ཟུར་ཆག་པ་ན།  དེའི་ཚབ་ཏུ་དེ་དང་སྐྱེ་གནས་འདྲ་བའི་སྒྲ་གཞན་ཞིག་སྐྱེ་བ་དེའོ། །བོད་སྐད་དུ་བྱས་ན།  གསལ་བྱེད་སྡེ་བ་ནང་ཁུལ་ལམ་སྒྲའི་འབྱིན་སྟངས་གཅིག་པ་ཅན་ནས་སྒྲ་གཅིག་གིས་གཅིག་ལ་འགྱུར་བ་ལའོ། ། 

(22)བོད་སྐད་ཀྱི་ར/r/སྒྲ་ཐམས་ཅད་པེ་མ་སྐད་དུ/ʐ/བཞིན་ཀློག་སྟེ།  དཔེར་བརྗོད་ན།བོད་སྐད་ཀྱི་ར་མ་ཞེས་པ་ལʐa⁴² ma⁵³ དང་།  རིང་བོ་ལʐe²¹ ɦʊ⁵³ཞེས་པ་ལྟ་བུའོ། །འདི་ནི་གཙོ་བོ་འདར་སྒྲ་གང་ཞིག་ཚེགས་ཆུང་བར་ཀློག་ཆེད་དུ་གཙུབ་སྒྲར་འགྱུར་བ་ཡིན་ཏེ།  བོད་ཀྱི་རོང་སྐད་གཞན་དག་ཏུའང་འདིའི་རིགས་མང་དུ་མཐོང་ངོ་། །  དཔེར་ན།  ཞོན་ཧྭའི་སྐད་དུ།  རིང་བ་ལʐəŋ aདང་།   རེམས་ལʐin   རེ་བ་ལʐe waཞེས་པ་ལྟ་བུའོ། །

(23) བོད་སྐད་ཀྱི་ལ/l/སྒྲ་ཐམས་ཅད་པེ་མ་སྐད་དུ/j/བཞིན་ཀློག་སྟེ།  དཔེར་བརྗོད་ན། བོད་སྐད་ཀྱི་ལག་པ་ཞེས་པ་ལja²¹ wa⁵³ དང་།  ལེབ་ལje⁵³  འབྲུག་ལོ་ལndʐuə²¹jyɑ⁵³   ལས་ལje³⁵  ལུག་ལjy⁵³ ལམ་ལjɔ²¹  གླ་བ་ལja²¹ wa⁵³  ལས་དབང་ལjɐ²¹ ɦaŋ⁵³  འོར་ལས་ལwə²¹ je⁵³  ལས་བདའ་ལjɐ²¹ ndø⁵³ཞེས་པ་ལྟ་བུའོ། ། འདིའི་རིགས་ཀྱི་འགྱུར་ལུགས་ནི་གོང་ནས་སྤྲོས་ཟིན་ལ།  ལ/l/སྒྲ/j/ལྟར་འདོན་པ་ཡུན་ནན་བདེ་ཆེན་རྒྱལ་ཐང་ཡུལ་སྐད་དུའང་ཤིན་ཏུ་མང་སྟེ།  དཔེར་བརྗོད་རེའུ་མིག་ཏུ་བཀོད་ན། 

བོད་ཡིག

བོད་སྤྱི་འགྲོས་ཀྱི་སྐད།

རྒྱལ་ཐང་ཡུལ་སྐད།

ལེགས།

leks

ja²⁴

གླག

klak

ja²⁴

གླ

kla

ja⁴¹

ལས

las

jɛ²⁴

བླང

blaŋ

joŋ⁴¹

བླུག

bluk

jao⁴²

གླང

klaŋ

joŋ⁴¹

ལྷ

ɬa

jha⁴¹

སློང

sloŋ

jhoŋ⁴¹

ཟླ

zla

ja⁵³

ལག

lak

ja³³

la

ja³⁵

བླངས

blaŋs

joŋ³⁵

(24)བོད་སྐད་ཀྱི་ཤའི/ç/སྒྲ་ལ་པེ་མ་སྐད་དུ/ɕ/ /ʂh/ /ʂ/ /ʐ/ /sh/བཅས་ཀློག་སྲོལ་རྣམ་པ་བཞི་མཆིས་ཏེ།  དཔེར་བརྗོད་ན།  བོད་སྐད་ཀྱི་ཤི་ཞེས་པ་ལʂhe⁵³  ཕག་ཤ་ལpha²¹sha⁵³    ཤྭ་མོ་ལʂhʋ³⁵    ཉི་ཤུ་ལȵi²¹ ʂu⁵³  རྨ་ཤུལ་ལma²¹ʐu⁵³ཞེས་པ་ལྟ་བུའོ། །དེ་ཡང་བོད་ཀྱི་ཡུལ་སྐད་གཞན་རྣམས་སུའང“ཤ”ལ་སྒྲ་འབྱིན་ཚུལ་དུ་མ་ཡོད་དེ། དཔེར་ན། ཨ་མདོའི་དཔའ་ལུང་དང་ཞོན་ཧྭ་ས་ནས/ɕ/ལྟར་འབྱིན་པ་དང་། མཚོ་ལྷོ་དང་མགོ་ལོག་ས་ནས/ç/བཞིན་འབོད་པ་ལྟ་བུའོ། ། དམིགས་བསལ་པེ་མ་སྐད་དུ/ʂ/དང/ʐ/ /ʂh/  /sh/སྒྲ་ལྟ་བུར་འདོན་པ་ནི། གཅིག་ནས་སྒྲ་འདི་རྣམས་སྐྱེ་གནས་ལྕེ་ནས་སྐྱེ་བ་ཡིན་པ་འདྲ་ཞིང་།  གཉིས་ནས་སྒྲ་འབྱིན་སྟངས་སྔ་ཕྱི་ཚང་མ་གཙུབ་སྒྲ་ཡིན་པས་སོ། །   

(25)བོད་སྐད་ཀྱི་སའི/s/སྒྲ་ལ་པེ་མ་སྐད་དུ/s/ /sh/ /z/བཅས་སྒྲ་རྣམ་པ་གསུམ་དུ་ཀློག  དཔེར་བརྗོད་ན། བོད་སྐད་ཀྱི་སོས་ཞེས་པ་ལshø³⁵  སུ་ལshu⁵³  ལྗང་སེར་ལdʒɔ²¹sə⁵³  བུ་སར་ལpu²¹ za⁵³ བ་སད་ལpa²¹zæ⁵³ཞེས་པ་ལྟ་བུའོ། །འདིར་སྲོག་མེད“ས”སྲོག་ལྡན་སྲོག་མེད་གཉིས་ཀར་ཀློག་པ་ནི་ཨ་མདོའི་སྐད་དུའང་དེ་བཞིན་ཡིན་ཏེ།  དཔེར་ན།  ཨ་མདོའི་ཞོན་ཧྭའི་སྐད་དུ།  ས་ཞེས་པ་ལ/sha/དང་།  སོགས་ལ/shok/   སེམས་ལ/shem/ཞེས་སྲོག་ལྡན་ལྟར་ཀློག་ཀྱང་། གསོ་ཞེས་པ་ལ/sʊ/དང་། གསོག་ལ/sok/ བསམ་ལ/sam/ཞེས་སྲོག་མེད་ལྟར་དུ་འདོན་པ་ལྟ་བུའོ། །བཞི་པ་དང་ལྔ་པས་སྒྲ་ལྡན་བཞིན་ཀློག་པ་ཡང་ཨ་མདོའི་སྐད་དུ་ཤིན་ཏུ་མང་སྟེ།  དཔེར་ན།  ལྟེབ་གྲི།  བར་གྱང་།  ཁ་གྲངས།  རྨུ་ཐག་སོགས་ཀྱི་ཚེག་ཁྱིམ་ཕྱི་མ་ཡིག་སྐད་དུ་སྒྲ་མེད་ལྟར་དུ་འདོན་ནའང་།  ཁ་སྐད་ནས་སྒྲ་ལྡན་བཞིན་ཀློག་པ་དང་རིགས་གཅིག་གོ །

(26)བོད་སྐད་ཀྱི་ཧའི/ɦ/སྒྲ་ཐམས་ཅད་པེ་མ་སྐད་དུའང/ɦ/སྒྲ་འབའ་ཞིག་ཏུ་ཀློག་བཞིན་མཆིས་ཏེ། དཔེར་བརྗོད་ན།  བོད་སྐད་ཀྱི་ཧོར་ཞེས་པ་ལɦʊ⁵³དང་།  ཧ་ལོ་ལɦa²¹ lʊ⁵³  ཧ་ལས་ལɦa²¹le⁵³ཞེས་པ་ལྟ་བུའོ། །དེ་ཡང“ཧ”རྐྱང་པ་ངག་ནས་ཀློག་ཚེ་སྲོག་ཆེན་བཞིན་དུ་འདོན་པ་བོད་ཀྱི་ཡུལ་སྐད་མང་ཆེ་ཤོས་གཅིག་ཏུ་མཐུན་ནོ། །

(27)བོད་སྐད་ཀྱི་ཨའི/ʔ/སྒྲ་ནི་པེ་མ་སྐད་དུའང་འགག་སྒྲ/ʔ/ལྟར་ཀློག  དཔེར་བརྗོད་ན།  བོད་སྐད་ཀྱི་ཨ་ཕ་ཞེས་པ་ལʔa²¹pa⁵³  ཨ་མ་ལʔa²¹ma⁵³ཞེས་པ་ལྟ་བུའོ། །

2.འཕུལ་རྟེན་ཅན་དང་མགོ་འདོགས་ཅན།  བརྩེགས་མ།

      གཤམ་དུ་པེ་མ་ཡུལ་སྐད་ནས་མིང་གཞི་འཕུལ་རྟེན་ཅན་དང་།  མགོ་འདོགས་ཅན། བརྩེགས་མ་སོགས་ཇི་ལྟར་ཀློག་བཞིན་པ་བཤད་པར་བྱ།

(1)འཇུག་ཡུལ་མིང་གཞིའི་ཡི་གེ་གང་ལ་འཇུག་བྱེད་འཕུལ་དང་མགོ་ཅན་གང་རུང་ཞུགས་ཀྱང་ངག་ནས་ཀློག་ཚེ་དེའི་སྒྲ་ཟུར་ཙམ་ཡང་མི་ཐོན་པར་མིང་གཞི་རྐྱང་པའི་སྒྲ་འབའ་ཞིག་ཏུ་ཀློག་པ་དང་།  ལ་ལར་བརྩེགས་པ་ཅན་གྱི་ཡི་གེ་ཡང་གང་དེའི་མིང་གཞི་རྐྱང་པ་ལྟར་སྒྲ་འབྱིན་པའང་ཡོད་དེ། དཔེར་ན།  ཀ་ཀྭ་དཀའ་བཀའ་རྐ་སྐ་སོགསkaབཞིན་ཀློག་པ་ལྟ་བུའོ། །དཔེར་བརྗོད།  དཀར་སྡེར་ཞེས་པ་ལka²¹de³⁵དང་། ཀ་བ་ལka²¹wa⁵³ ཀྭ་ལka⁵³ བཀབ་ལkʋ⁵³ རྐོ་ལkɔ⁵³  སྐད་ལke⁵³  སྐམ་ལka²¹ཞེས་པ་ལྟ་བུའོ། །དེ་ཡང་འདི་ལྟ་བུའི་སྔོན་འཇུག་དང་མགོ་འདོགས་ཀྱི་སྒྲ་ཡོད་བཞིན་དུ་དེའི་སྒྲ་ཟུར་ཙམ་ཡང་མི་ཐོན་པར་ཀློག་པ་ནི་བོད་སྤྱིའི་སྐད་ཀྱི་སྒྲའི་འགྱུར་སྲོལ་ཏེ་ཡི་གེ་ཚེགས་ཡང་བར་ཀློག་ཆེད་དང་ཤིན་ཏུ་མཐུན་ནོ། །འདིའི་རིགས་ནི་ལྷ་ས་དང་ཨ་མདོའི་ཡུལ་སྐད་དུའང་མང་སྟེ།  སྒོས་སུ་ཨ་མདོའི་ཞོན་ཧྭའི་སྐད་དུ་དེ་བས་གསལ།

(2)དེ་ཡང་དམིགས་གསལ“ཀྱ”དང“ཁྱ”ཚེག་ཁྱིམ་གང་གི་ཕྱི་མར་བྱུང་དུས/ʑ/དང/ɕ/བཞིན་ཀློག་པ་ཕུད་པའི་འཇུག་ཡུལ་མིང་གཞི་ཀ་སྡེའི་ཡི་གེ་ཡོད་དོ་ཅོག་ལ་ཡ་བཏགས་སམ་ར་བཏགས་སྦྱར་ཚེ།  འཕུལ་ཅན་ནམ།  མགོ་ཅན་ནམ།  བརྩེགས་མ་ཅི་རིགས་ཡིན་ཡང་དེ་དག་གི་སྒྲ་ཟུར་ཙམ་ཡང་མི་ཐོན་པར་ཡ་སྒྲའམ་ར་སྒྲའི་ནུས་པས་སྐྱེ་གནས་ལྕེ་མདུན་ལ་ཅུང་བསྣུར་ནས་ཅ་སྡེ་ལྟ་བུར་ཀློག་པ་གཤམ་གསལ། ཀྲ་བཀྲ་དཀྲ་དཀྱ་བཀྱ་རྐྱ་གྱ་གྲ་སོགས་ལtɕaདང་།  ཁྱ་ཁྲ་ལtɕha འཁྱ་མཁྲ་ལdʑaཞེས་ཀློག་པ་ལྟ་བུའོ། །དཔེར་བརྗོད། དྲང་ཀྲང་ཞེས་པ་ལtʂo²¹tɕɔ⁵³དང་།  བཀྲུས་ལtɕy⁵³  དཀྲུག་ལtɕyə⁵³  དཀྱིལ་ལtɕie³⁵  དཀྱག་ལtɕɑ⁵³  རྐྱང་ལtɕo³⁵  གྱང་ལtɕɔ³⁵  གྲོ་ལtɕyɑ⁵³ ཁྱོད་ལtɕhø⁵³  ཤ་ཁྱི་ལʂha²¹tɕhe⁵³  ཁྲག་ལtɕhɑ⁵³  ཁྲིད་ལtɕhə⁵³  ཞེས་པ་ལྟར་རོ། ། འདིར་ཅ་སྡེ་ལྟ་བུར་ཀློག་པ་ནི་ཀ་སོགས“ཡ”དང་འཕྲད་ཅིང་གོ་རིམ་ལྟར་དུ་འཕྲལ་མར་བཀླགས་པ་ལས་བྱུང་བ་ཡིན་པར་འདོད་ལ།  བོད་ཀྱི་ཡུལ་སྐད་གཞན་རྣམས་སུའང་དེ་དེ་བཞིན་དུ་ཀློག་བཞིན་ཡོད་དོ། །ཀ་སོགས“ར”དང་འཕྲད་ཚེའང་ཅ་སྡེ་བཞིན་དུ་ཀློག་པ་ནི།  བོད་ཀྱི་བརྡ་རྙིང་དུ་ར་བཏགས་ཕལ་ཆེར་ཡ་བཏགས་ལྟར་དུ་ཀློག་པ་དེས་ཤན་ཞུགས་པ་ཡིན་པར་སྙམ།

 (3)པེ་མ་སྐད་ནས་དྲ་སྤྲ་བྲ་དབྲ་སོགས་ལtʂaསྒྲ་དང་།  ཕྲ་འཕྲ་སོགས་ལtʂhaསྒྲ།  དྲ་འདྲ་འཕྲ་འབྲ་སོགས་ལdʐaསྒྲ།   སྲ་ལʂaསྒྲ་ལྟ་བུ་ཞིག་འབྱིན་བཞིན་ཡོད་པ་ནི་དེ་དག་གི་འཇུག་བྱེད་ཡི་གེ་འཕུལ་དང་མགོ་ཅན་གྱི་ནུས་པས་མ་ཡིན་པར།  ལྕེ་རྩེ་ལས་སྐྱེ་བའི“ར” /r/ཡིག་གི་སྒྲས་ཤན་ཞུགས་པས་མཐའ་མའི་སྒྲ་དེའང་ལྕེ་རྩེའི་སྒྲ་ལྟ་བུར་བསྒྱུར་པ་ཡིན་པར་འདོད་དེ།  /tʂa/ /tʂha/ /dʐa/   /ʂa/བཅས་ནི་གཞི་ནས་ལྕེ་རྩེའི་སྒྲ་ཡིན་པས་སོ། །དེ་ལ་སྲོག་ཆེན་སྲོག་ཆུང་དང་སྒྲ་ལྡན་སྒྲ་མེད་ཀྱི་ཁྱད་པར་བྱུང་བ་ནི་མ་འགྱུར་གོང་གི་སྒྲ་ཅི་ཡིན་པ་དེས་ཤན་ཞུགས་པས་ཡིན་སྙམ། གཞན་ཡང་འདིའི་སྐད་དུ།  ཀ་ག་བ་ར་ས་ཧ་སོགས་ལ་ལ་བཏགས་སྦྱར་ཚེ།  འཇུག་ཡུལ་མིང་གཞི་ཡི་གེའི་སྒྲ་ཡང་ཉམས་པར་བྱས་ནས་འཇུག་བྱེད་ལ་སྒྲ་འབའ་ཞིག་གི་སྒྲ་འབྱིན་ཞིང་།  སྐབས་འགར་ལ་སྒྲ་དེའང་ཡ་སྒྲའམ་ཞ་སྒྲ་ལྟ་བུར་ཀློག་བཞིན་ཡོད།  དཔེར་ན།  ཀླད་པ་ཞེས་པ་ལlɑ²¹pa⁵³དང་།  གླ་རྩི་ལja²¹tsə⁵³  གློ་བ་ལjy²¹pa⁵³  ཆུ་གླང་ལtʃhu²¹ʑɔ³⁵  ས་གླ་ཞེས་པ་ལsha⁵³ʑæ³⁵  བླུད་ལli⁵³  བླ་མ་ལla²¹ma⁵³  ཁ་བླང་ལkha²¹jɔ³⁵  སྲོག་བློས་ལʂuɑ⁵³jy³⁴¹  རླངས་པ་ལlɔ²¹pa⁵³  སླས་ལjæ³⁴¹  ལྷ་ལla³⁴¹ཞེས་པ་ལྟར་རོ། །འདིའི་མིང་གཞིའི་སྒྲ་དོར་ནས་འདོགས་ཅན་ཁོ་ནས་སྒྲ་རུ་ཀློག་པ་ནི་བོད་ཀྱི་ཡུལ་སྐད་གཞན་དག་ཏུའང་མང་དུ་སྣང་སྟེ།   དཔེར་ན། ཨ་མདོའི་རོང་སྐད་དུ། བླ་མ་ལ་ལ་མ་དང་། སྦྲུལ་ལ་རུལ།  གྲོགས་ལ་རོགས།  བླང་ལ་ལང་།  ཁ་ཕྱེད་ལ་ཁ་ཡེད།  ཁུ་བྱུག་ལ་ཁུ་ཡུག་ཅེས་པ་ལྟ་བུའོ། །  ཅིའི་ཕྱིར་ལ་སྒྲ་ཡ་དང།  ཡ་སྒྲ་ཞ་སྒྲར་ཀློག་པ་ནི་གོང་གི་མིང་གཞི་རྐྱང་པའི་སྐབས་སུ་སྤྲོས་ཟིན་པས་མི་བརྗོད།  ཡང་སྐབས་འདིར་ས་ལ་ལ་བཏགས་ཚེ་ཙ་སྒྲ་ལྟ་བུར་ཀློག་པ་ཞིག་ཀྱང་ཡོད་དེ།  དཔེར་ན།  སློབ་མ་ལtsuɑ²¹ma⁵³དང་།  སླ་མོ་ལtsa²¹mu⁵³  ནམ་སླ(ནམ་ཟླ༩༡)ལnɔ²¹tsa⁵³ཞེས་པ་ལྟ་བུ།  འདི་ནི་ལ་ཡིག་ཙ་སྒྲར་འགྱུར་བ་མ་ཡིན་པར་བོད་ཀྱི་བརྡ་རྙིང་དུ་སློབ་མ་ལ་སྩོབ་མ་དང་།  སླ་མོ་ལ་སྩ་མོ།  སློག་ལ་སྫོགས།  སློང་ལ་སྩོང་ཞེས་ཡོད་པ་དེས་ཤན་ཞུགས་པ་ཡིན་པར་སྙམ།  འདིའི་རིགས་ནི་ཨ་མདོ་ཞོན་ཧྭའི་སྐད་དུའང་མང་དུ་འདུག་གོ། །

(4)འ་དང་མ་ཕུད་པའི་སྔོན་འཇུག་གཞན་རྣམས་འཇུག་ཡུལ་མིང་གཞི་ཡི་གེ་གང་ལ་ཞུགས་ཀྱང་སྒྲ་ཟུར་ཙམ་ཡང་མི་ཐོན་པར་མིང་གཞི་གང་ཡིན་པ་དེའི་སྒྲ་འབའ་ཞིག་ཏུ་ཀློག་བཞིན་ཡོད།  དཔེར་ན།  དཀའ་དང་བཀའ་ལ་ཀ་དང་།  དགའ་དང་བགའ་ལ་ག  གཏའ་དང་བཏའ་ལ་ཏ་ལྟར་ཀློག་པ་ལྟ་བུའོ། །དཔེར་བརྗོད།  དཀར་པོ་ལka²¹po³⁵དང་།  བཀབ་ལkʋ⁵³  དགག་པ་ལga²¹pa⁵³  དགའ་བ་ལga⁴²wa⁵³  གཏུམ་ལtʋ³⁵  བཏབ་ལtʋ⁵³ཞེས་པ་བཞིན་ནོ། །དམིགས་བསལ་འ་དང་མས་འཕུལ་ཚེ།  རང་གི་འཇུག་ཡུལ་མིང་གཞི་ཡི་གེ་དེ་སྒྲ་མེད་སྒྲ་ལྡན་སྲོག་ཆེན་སྲོག་ཆུང་གང་ཡིན་ཡང་མཐའ་གཅིག་ཏུ་སྒྲ་ལྡན་ལ་བསྒྱུར་ནས་ཀློག་བཞིན་ཡོད་དེ།  དཔེར་ན།  མཁ་འཁ་མག་འག་ལgaདང་།  འཁྱི་མཁྲི་མགྱ་འགྲ་མཆ་འཆ་འཇ་འབྱ་ལdʑa  འདྲ་མདྲ་མགྲ་འགྲ་འཕྲ་འབྲ་ལdʐa མཐ་འཐ་ལda   མནའ་ལna  འཕ་འབ་ལba   མཚ་འཚ་མཛ་འཛ་ལ་dzaཞེས་པ་ལྟར་རོ། །དཔེར་བརྗོད།  མཁར་ཞེས་པ་ལga³⁵དང་།  མཁྲིས་པ་ལdʑi²¹pa⁵³  མགོ་ལguɑ⁵³ མགྱོགས་པོ་ལdʑyɑ²¹pu⁵³  མགྲོན་ལdʐo³⁵  མཆོངས་ལdʑʋ³⁵  འཇིབ་ལdʑə⁵³  མཐུད་ལdy⁴²  འདྲེ་ལdʐæ⁵³  འཕུར་ལbu⁴²  འཕྲེད་ལdʐæ⁴²  འབར་ལba⁵³  འབྱར་ལdʑæ⁵³  མཚོ་ལdzuɑ⁴²  མཛོ་ལdzuɑ⁵³ཞེས་པ་སོགས་ཀྱིས་མཚོན་ནོ། །འདིར་སྒྲ་ལྡན་བཞིན་ཀློག་པ་ནི་གཙོ་བོ་འཇུག་བྱེད་ཡི་གེ་འ་དང་མ་གཉིས་སྒྲ་ལྡན་ཅན་ཡིན་པས།  ངག་ནས་ཀློག་ཚེའང་སྒྲ་རྫས་སོ་སོར་ཕྲལ་ནས་རེ་རེ་བཞིན་བརྗོད་པ་མ་ཡིན་པར་རྒྱུན་ཆགས་སུ་བསྟར་བས་ན།  ཚིག་རྒྱུན་ཁྲོད་དུ་སྔ་མའི་སྒྲ་ལྡན་གྱི་ཡི་གེས་ཕྱི་མའི་མིང་གཞིར་ཤན་ཞུགས་ནས་སྒྲ་ལྡན་ལྟ་བུར་བསྒྱུར་བ་ཡིན་པར་འདོད་དོ། །འདིའི་རིགས་ནི་ཨ་མདོའི་སྐད་དུའང་མང་དུ་གདའ།

(5)ཚེག་ཁྱིམ་གཉིས་ཅན་གྱི་སྔ་མར་མཐའ་རྟེན“མ” དང“ན”བྱུང་ན།  ངག་གི་ཁྱེར་ལོབས་ཀྱིས་སྣ་སྒྲ་ཅན་གྱི་སྒྲ་རྫས་འདི་གཉིས་གང་དེའི་ཚེག་ཁྱིམ་ཕྱི་མའི་སྔོན་འཇུག(前置辅音)ལྟ་བུར་སྒྲ་གནས་སྤར་ནས་ཀློག་བཞིན་ཡོད་དེ། དཔེར་ན།  སྐམ་པོ་ལka²¹mbu⁵³དང་།  སུམ་ཅུ་ལshʋ²¹ndʒu⁵³   འཇམ་པོ་ལndʒa²¹mbu⁵³  དྲོན་པོ་ལtʂo²¹mbu⁵³  རྩམ་པ་ལtsa²¹mba⁵³  ཤུན་པ་ལʂhu²¹mba⁵³  གསོན་པོ་ལsø²¹mbu⁵³  གནམ་འབབ་ཞེས་པ་ལnɔ²¹mbʋ⁵³  རྫུན་མ་ལdzun²¹mma⁵³  ཟམ་པ་ལsa²¹mba⁵³  སྲན་མ་ལʂa²¹mma⁵³  ལྷམ་སྒྲོག་ལɦo²¹mdʑɑ³⁵ཞེས་པ་ལྟ་བུའོ། །འདིའི་རིགས་ཀྱི་འགྱུར་སྲོལ་ལ་ཆ་རྐྱེན་ངེས་ཅན་ཞིག་ཡོད་པ་ནི།  ཚེག་ཁྱིམ་ཕྱི་མ་དེ་འཕུལ་མེད་ཅན་ནམ་མིང་མཐའ་ཙམ་ཡིན་དགོས་ཤིང་།  འདི་ལ་སྒྲ་གདངས་ཀྱི་འཕེལ་འགྱུར་ལས་སྒྲ་གནས་སྤོར་བའི་འགྱུར་ལུགས་ཀྱང་ཟེར།   གལ་ཏེ་ཚེག་ཁྱིམ་ཕྱི་མར་འ་ཕུད་པའི་སྔོན་འཇུག་གཞན་རྣམས་ཀྱིས་འཕུལ་ཚེ་འདིའི་འགྱུར་ལུགས་འདི་འགྲུབ་ཐུབ་བཞིན་མེད་དེ།  དཔེར་ན།  སྨན་དཔྱད་ཅེས་པ་ལmɦæ³⁴¹tɕɛ⁵³དང་།  འཇམ་གཉེན་ལdʑa²¹ȵe³⁵ཞེས་པ་ལྟར་རོ། །  དེ་ཡང་གོང་གི་སྒྲ་རྫས་གཉིས་ཀྱི་སྔ་ཕྱིའི་གོ་གནས་བརྗེ་སྤོར་བྱས་པའི་འགྱུར་ལུགས་འདི་ནི་བོད་སྤྱིའི་སྐད་ཀྱི་སྒྲའི་འགྱུར་སྲོལ་ཞིག་ཡིན་ཏེ།  ཨ་མདོའི་སྐད་ནས།  རྒྱ་མཚོ་ལ་རྒྱམ་ཚོ་དང་།  རྒྱུ་མཚན་ལ་རྒྱུམ་ཚན་ཟེར་ནས་ཀློག་པ་སོགས་ཀྱང་འདིའི་རིགས་ལས་འདར་མེད།

 (6)“མ”དང“ན”མཐའ་རྟེན་ཅན་ཕུད་པའི་འཇུག་བྱེད་རྗེས་འཇུག་ཡི་གེ་གཞན་རྣམས་རང་གི་འཇུག་ཡུལ་མིང་གཞི་ཡི་གེ་གང་ལ་འཕྲད་ཀྱང་།  དབྱངས་འཇུག་གི་སྒྲ་ལ་ཤན་ཨེན་ཙམ་ཞུགས་པ་མ་གཏོགས།  རང་རང་སོ་སོའི་སྒྲ་ཟུར་ཙམ་ཡང་མི་ཐོན་པར།  མིང་གཞི་ཁོ་ནའི་སྒྲ་ལྟར་ཀློག་བཞིན་ཡོད་པས།  པེ་མ་སྐད་ལ་གསལ་བྱེད་སྦྲགས་མའང་ཤིན་ཏུ་ཉུང་ངོ་། །དཔེར་ན།  སྐྲག་ཅེས་པ་ལɕɑ⁵³དང་།  ཁྲིད་ལkhi⁵³  རྐང་ལko²¹  བཀབ་ལkʋ⁵³  ལྗགས་ལdʒɑ⁴²  བརྡོལ་ལdø³⁵  འཕུར་ལmbu²¹ཞེས་པ་ལྟ་བུ།  འདི་ནི་སྔར་སྒྲ་རྫས་མང་པོ་འདུས་པ་སྒྲ་རྒྱུན་དུ་མགྱོགས་པོར་བཀླགས་ཙ་ན་རེ་འགའ་ཞིག་དོར་ཞིང་ཉམས་པས་ཡིན་ཏེ།  འདིའང་བོད་སྤྱིའི་སྐད་ཀྱི་སྒྲའི་འགྱུར་སྲོལ་དང་གཅིག་ཏུ་མཐུན་ནོ། །  

གསུམ་པ།  དབྱངས་འཇུག་གི་སྐོར།

དེ་ཡང་པེ་མ་སྐད་དུ་བོད་སྐད་སྤྱི་རུ་བཀོལ་བཞིན་པའི་རྩ་བའི་དབྱངས/a/ /i/ /u/ /e/ /o/ བཅས་ལྔ་ཡོད་པ་གཞི་བཞག་ཏུ།  རྗེས་འཇུག་གིས་ཤན་ཞུགས་ནས་སྐྱེ་བའི་དབྱངས/æ/ /ʋ/ /ɔ/ /ə/ /y/ /ø/དང་བཅས་བསྡོམས་པས་དབྱངས་རྐྱང་པ་བཅུ་གཅིག་དང་།  དེ་དག་ལས་མཆེད་ཅིང་དོན་ཐ་དད་དུ་འབྱེད་ནུས་པའི་དབྱངས་སྦྲགས་མ/ie/ /uə/ /yə/ /ua/ /ya/ /yø/བཅས་དྲུག་གདའ་འོ། །གཤམ་ནས་པེ་མ་སྐད་ནས་དབྱངས་འདི་དག་ཇི་ལྟར་ཀློག་པ་དང་།  གང་ནས་སྐྱེ་བ།  ཁྱད་ཆོས་གང་དག་ལྡན་པ་སོགས་ལ་དཔྱད་པར་བྱ།

(1)པེ་མ་པའི་སྐད་ཆའི་སྦྱོར་བ་རུ་མིང་གང་ལ་འཕུལ་རྟེན་མགོ་འདོགས་མ་ཞུགས་ན།  དབྱངས་ཨ་ལ་རང་གི་སྦྱར་ཡུལ་གསལ་བྱེད་ཡི་གེའི་སྐྱེ་གནས་དང་བསྟུན་ནས་འགྱུར་གཟུགས/a/ /ɑ/ /æ/བཅས་གསུམ་ཐོན་པ་དང་།  དབྱངས་ཨི་བྱིན་ཏོ་ཅོག/ə/ལྟར་ཀློག་ལ།  དབྱངས་ཨུ་སྦྱར་ཏོ་ཅོག/u/དང/y/བཞིན་ཀློག  དབྱངས་ཨེ་ཞུགས་སོ་ཅོག/æ/སྒྲར་འབྱིན།  དབྱངས་ཨོ་བཞག་གོ་ཅོག/uɑ/དང/yu/འདྲར་ཀློག་གོ །  རེ་རེ་བཞིན་དཔེར་བཀོད་ན།  ཚ་བ་ཞེས་པ་ལtsha³⁵wa⁵³དང་།  ས་ཆ་ལsha²¹tɕa⁵³  ང་ལŋɑ⁵³  ཉ་ལȵæ⁵³  ཅ་ལtɕæ⁵³  ཅི་ཞེས་པ་ལtɕhə⁵³  མི་ལmə⁵³  ཞི་ལʐə³⁴¹  ངུ་ཞེས་པ་ལŋu⁵³  ནུ་ལny⁵³  ལུག་གུ་ལjyə²¹kə⁵³   ཚེ་ཞེས་པ་ལtshæ⁵³  མེ་ལȵæ⁵³  ཆེ་ལtɕhæ⁵³   སོ་ཞེས་པ་ལshuɑ⁵³  ཚོ་ལtshuɑ⁵³  ལོ་ལjyɑ⁵³ཞེས་པ་ལྟར་རོ། །འདིར་དང་པོའི་དབྱངས་ཨ་ལ་འགྱུར་གཟུགས་རིགས་གསུམ་བྱུང་བ་ནི།  དེ་དག་གི་སྦྱར་ཡུལ་གསལ་བྱེད་ཡི་གེའི་སྐྱེ་གནས་ཀྱིས་ཤན་ཞུགས་པ་ཡིན་པར་འདོད་དེ།  དང་པོའི་སྔ་མ་གཉིས་ཀྱི་གསལ་བྱེད“ཚ”དང“ས” “ཆ”གསུམ་ནི་གནས་ལྕེ་རྩེ་སྔོན་དང་ལྕེ་ངོས་མདུན་ནས་སྐྱེ་བ་ཡིན་པས།  དེ་དག་གི་དབྱངས་ཀྱང་རིམ་བཞིན་ལྕེ་མདུན་གྱི་དབྱངས/a/ལྟར་བཀླགས་པ་ཡིན་པར་སྙམ།   གཞན་དང་པོའི་གསུམ་པའི་གསལ་བྱེད“ག”ནི་ལྕེ་རྟིང་ནས་བྱུང་བ་ཡིན་པའི་མུར་དེར་ཞུགས་པའི་དབྱངས་ཨ་ཡང་དེ་དང་མཐུན་པར་ལྕེ་རྟིང་གི་དབྱངས/ɑ/བཞིན་ཀློག་བཞིན་མཆིས་ཤིང་།  དེ་དང་མཚུངས་པར་དང་པོའི་བཞི་བ་དང་ལྔ་བའི་གསལ་བྱེད“ཉ”དང“ཅ”གཉིས་ལྕེ་ངོས་ནས་སྐྱེ་བས་ཕྱིར། དེར་སྦྱར་བའི་དབྱངས་ཨའི་སྒྲ་ཡང་འགྱུར་ནས་ལྕེ་དབུས་ཀྱི་དབྱངས/æ/བཞིན་བཀླགས་པ་ཡིན་པར་འདོད་དོ། །གཉིས་པས་གུག་གུ་མ་ལུས/ə/ལྟར་ཀློག་པ་ནི།  ཨ་མདོའི་ཞོན་ཧྭའི་སྐད་དང་ཤིན་ཏུ་འདྲ་སྟེ།  དེའི་ཡུལ་སྐད་དུའང་གསལ་བྱེད་རྐྱང་པར་དབྱངས་ཨི་སྦྱར་ཚེ་དེ་དེ་བཞིན་དུ་ཀློག་བཞིན་ཡོད་དེ།  དཔེར་ན།  སྤྱང་ཀི་ཞེས་པ་ལhtɕaŋ kəདང་།  ཅི་ཞིག་ལtɕhə zəʔ  ཉི་མ་ལȵə maཞེས་པ་ལྟ་བུའོ། །གསུམ་པའི་དབྱངས་ཨུ་ལ/u/ /y/ /ə/བཅས་སྒྲ་རྣམ་པ་གསུམ་ཐོན་ཞིང་།  སྔ་མ་གཉིས་ཀ་ནི་རང་འཇུག་སའི་གསལ་བྱེད་ཀྱིས་ཤན་ཞུགས་པ་ལས་འོས་མེད་པར་འདོད་དེ།  དཔེར་ན“ང”ཞེས་པ་ལྕེ་རྟིང་གི་སྒྲ་ཡིན་སྟབས།  དེའི་དབྱངས་ཨུ་ཡང་རང་གི་གསལ་བྱེད་དང་མཐུན་པར་ལྕེ་རྟིང་གི་དབྱངས/u/ལ་གྱུར་ཅིང་།  དེ་མཚུངས་སུ“ན”ནི་ལྕེ་རྩེའི་དབུས་ནས་སྐྱེ་བ་ན།  དེར་ཞུགས་པའི་དབྱངས་ཨུའང་དེ་དང་མཐུན་པར་ལྕེ་མདུན་གྱི་དབྱངས/y/བཞིན་ཀློག་པ་ལྟ་བུའོ། །གསུམ་པའི་མཐའ་མར་དབྱངས/ə/ཐོན་པ་ནི།  ཚེག་ཁྱིམ་ཕྱི་མ་སྒྲ་ཡང་མོར་འབྱིན་པ་ལས་བྱུང་སྙམ་མོ། །བཞི་པས་ཨེ་ལ/æ/ལྟར་ཀློག་པ་ནི།  ཨ་མདོའི་སྐད་དུའང་ཡོད་དེ།  དཔེར་ན་ཞོན་ཧྭའི་སྐད་དུ།  ཆེ་ཆེ་ལtɕhæ tɕhæདང་།  དེ་ལtæཞེས་པ་ལྟ་བུའོ། །ལྔ་པའི་དབྱངས་ཨོ་ལ/yɑ/དང/uɑ/ཞེས་དབྱངས་སྦྲགས་མ་ལྟ་བུ་ཞིག་ཐོན་པ་ནི<<གསེར་ཏོག་སུམ་རྟགས>>ལས “ཨི་སོགས་བཞི་ནི་ཨ་ཡི་ཡན་ལག་གོ། །”ཞེས་དང་།  ཨོ་ནི་ཨ་དང་ཨུ་སྦྱར་བ་ལས་བྱུང་ཞིང་།  ཨ་ཨུ་ལ་ཨོའོ། །ཞེས་པ་ལྟར། ཨ་དང་ཨུ་སོ་སོ་ཕྲལ་ནས་བཀླགས་པ་ཡིན་ནམ་སྙམ།

(2)པེ་མ་སྐད་ནས་དབྱངས“ཨ”ལ་རང་གི་སྦྱར་ཡུལ་གསལ་བྱེད་ཡི་གེའི་སྐྱེ་གནས་ཀྱིས་ཤན་ཞུགས་ནས/a/དང/ɑ/ /æ/བཅས་འགྱུར་གཟུགས་རྣམ་པ་གསུམ་བྱུང་ཡོད་ནའང་།  ག་མཐའ་རྟེན་ཅན་བྱུང་ཚེ།  མིང་གཞིའི་ཡི་གེ་ཅི་ཡིན་ཡང་རུང་།  མཐའ་གཅིག་ཏུ/ɑ/བཞིན་ཀློག་གོ །དཔེར་ན།  ཕག་ཅེས་པ་ལphɑ⁵³དང་།  ཀག་ལkɑ⁵³  ལག་ལjɑ²¹  སྤགས་ལpɑ⁵³  ཐགས་ལthɑ⁵³  ལྤགས་ལpɑ⁵³ཞེས་པ་ལྟ་བུའོ། །འདི་ནི་གཙོ་བོ་ལྕེ་རྟིང་ནས་བྱུང་བའི་རྗེས་འཇུག“ག”ཡིག་གིས་ནུས་པས་ཡིན་པར་འདོད།  འདིའི་ཡང་འཇུག་ས་ཡི་སྒྲ་ཡོངས་སུ་ཉམས་པ་ནི་བོད་སྐད་སྤྱིར་ཡོད་པའི་སྣང་ཚུལ་ཞིག་རེད། 

(3)མིང་གཞི་ཡི་གེ་གང་ལ་དབྱངས་ཨ་སྦྱར་བའི་མུར།  རྗེས་འཇུག“མ”ཡང་བྱིན་ཚེ།  དབྱངས་སུ/o/དང/ɔ/ལྟ་བུའི་སྒྲ་ཞིག་ཐོན་ནའང་།  ཚེག་ཁྱིམ་གཉིས་ཅན་ཀྱི་ཕྱི་མ་མིང་མཐའ་རྐྱང་པ“པ”དང“པོ”སོགས་ཡིན་ཚེ།  རྗེས་འཇུག“མ”ཡི་སྒྲ་ཕྱི་མའི་མིང་མཐར་གནས་སྤར་ནས་སྔ་མའི་དབྱངས/ɔ/སྒྲ་བཞིན་མི་འདོན་པར་སྔར་བཞིན/a/ལྟར་ཀློག་པ་དཔེར་ན།   ལམ་ཞེས་པ་ལjɔ⁵³དང་།  གཏམ་ལtɔ³⁵  གནམ་སྐམ་ལnɔ³⁵kɔ³⁵  ལྷམ་ལɦo³⁵   འཇམ་པོ་ལndʑa²¹mbu⁵³  ཟམ་པ་ལsa²¹mba⁵³ཞེས་པ་ལྟར་རོ། །འདིའི་དང་པོར/ɔ/སྒྲ་ཐོན་པ་ནི།  རྗེས་འཇུག“མ”ཡི་ནུས་པས་ཡིན་འདོད་དེ།  དབྱངས/ɔ/དང་གསལ་བྱེད“མ”གཉིས་ཀ་རེ་རེ་ནས་མཆུ་ནས་སྐྱེ་བའི་སྒྲ་ཡིན་པས་སོ། །  གཉིས་པ/a/བཞིན་བཀླགས་པ་ནི་རྗེས་འཇུག“མ”ཚེག་ཁྱིམ་ཕྱི་མར་བསྣུར་པས་སྔ་མའི་དབྱངས་ལ་ཤན་ཞུགས་མ་ཐུབ་པས་རེད་སྙམ་མོ། །

(4)དབྱངས་ཨ་ཅན་གྱི་མིང་གཞི་ཡི་གེ་གང་ལ་རྗེས་འཇུག་ས་དང་ལ་ཞུགས་ཚེ/e/དང/æ/བཞིན་ཀློག་པ་དཔེར་ན།  ནས་ཞེས་པ་ལne³⁵དང་།  འབྲས་ལndʐe³⁵  སླས་ལʑæ³⁴¹  ཉལ་ལȵæ³⁵  བསྐལ་ལkæ²¹  མགལ་ལŋge⁵³  སྦལ་ལwe²¹ཞེས་པ་ལྟ་བུ།  འདི་ནི་གཙོ་བོ་ས་དང་ལ་གཉིས་ནི་ལྕེ་རྩེའི་སྒྲ་ཡིན་ན།  དེས་ཤན་ཞུགས་ཏེ་སྔ་མའི་དབྱངས་ཀྱང་ལྕེ་མདུན་གྱི་དབྱངས/e/དང/æ/ལ་འགྱུར་བ་རེད་སྙམ།

(5)རྗེས་འཇུག་བཅུ་ལས་གོང་གི་རྗེས་འཇུག“ག”དང“མ” “ས” “ལ”བཅས་བཞི་ཕུད་པའི་གཞན་རྣམས་ནི་དབྱངས་ཨ་ཅན་གྱི་མིང་གཞི་ཡི་གེ་གང་ལ་འཇུག་ཀྱང་།  རང་གི་སྒྲ་ཟུར་ཙམ་ཡང་མི་ཐོན་པར་མ་ཟད།  སྔ་མའི་དབྱངས་ལའང་ཤན་མི་ཞུགས་པར་ཚང་མ/a/བཞིན་ཀློག་པ་དཔེར་ན།  པར་ཞེས་པ་ལpa⁵³དང་།  གསར་བ་ལsa²¹pa⁵³  དགའ་ལga⁴²  ཚང་ལtsha³⁵  གང་ལka⁵³  ངན་པ་ལŋa²¹mba⁵³  ཆད་པ་ལtɕha²¹pa⁵³  གཙབ་ལtsa⁵³ཞེས་པ་ལྟར་རོ། །འདི་ནི་གདོད་མར་ཡི་གེ་སོ་སོ་ཕྲལ་ནས་རང་རང་གི་སྒྲ་ཐོན་པ་ཙམ་གྱིས་བཀླགས་ནའང་།   ཚིག་རྒྱུན་ཁྲོད་དུ་ངག་ཟོར་ཡང་བའི་ཆེད་དམ་ཚེགས་བདེ་བའི་ཕྱིར་སྒྲ་ལ་ལ་ཞིག་ཟུར་ཆག་པ་དང་འགའ་ཞིག་ཡོངས་སུ་ཉམས་པ་དེའོ། །

(6)པེ་མ་སྐད་དུ་དབྱངས་ཨི་རྗེས་འཇུག་ཞུགས་མེད་པ་ཅན་ཕལ་ཆེ་བ/ə/བཞིན་ཀློག་ཀྱང་།  མིང་གཞི་ཡི་གེ་ལྕེ་ངོས་ནས་སྐྱེ་བ་ཅན་དང་འཕྲད་ཚེ/e/ལྟར་ཀློག་པ་དང་།  ཚེག་ཁྱིམ་གཉིས་ཅན་གྱི་ཕྱི་མའི་དབྱངས་ཨུ་ཡིན་ན་དེ་མཐུན་པར་སྔ་མའི་དབྱངས་ཀྱང/u/དང/y/འདྲར་ཀློག་བཞིན་མཆིས།   དེ་བཞིན་དབྱངས་ཨི་བ་མཐའ་ཅན་མང་ཆེ་ཤོས/i/ལྟར་ཀློག་ནའང་།  མིང་གཞི་ལྕེ་ངོས་ནས་བྱུང་བ་ཅན་དང་སྦྱར་ཚེ/ə/བཞིན་ཀློག་ལ།  ཚེག་ཁྱིམ་གཉིས་ཅན་གྱི་ཕྱི་མ་མིང་མཐའ་རྐྱང་པ“པ”དང“མ”ཡིན་ན།  སྔ་མའི་དབྱངས་ཀྱང་མཆུ་སྒྲོས་ནས་སྐྱེ་བའི་དབྱངས/y/དང/u/ལ་འགྱུར་བཞིན་ཡོད་པ་དང་།  དབྱངས་ཨི་ད་མཐའ་ཅན་མང་ཤོས/i/སྒྲར་འབྱིན་ནའང་།  ལྕེ་རྩེ་ནས་བྱུང་བའི་མིང་གཞི་དང་འཕྲད་ཚེ/ə/ལྟར་ཀློག  དབྱངས་ཨི་ག་མཐའ་ཅན་ཕལ་ཆེ་བ/i/བཞིན་ཀློག་ཀྱང་།  ལྕེ་རྩེ་མདུན་དང་ལྕེ་དབུས་ནས་སྐྱེ་བའི་གསལ་བྱེད་ཡི་གེ་དང་སྦྱར་ན/ə/སྒྲར་འབྱིན།  དབྱངས་ཨི་མ་རྗེས་འཇུག་ཅན་མང་པོ/i/ལྟར་ཀློག་ནའང་།  ཚེག་ཁྱིམ་གཉིས་ཅན་གྱི་ཕྱི་མའི་དབྱངས་ཨུ་ཡིན་ཚེ་དེས་ཤན་ཞུགས་ཀྱིས་སྔ་མའི་དབྱངས་ཀྱང/u/ལ་འགྱུར་བཞིན་ཡོད།  དབྱངས་ཨི་ན་མཐའ་ཅན་ཕལ་ཆེ་བ/e/སྒྲར་འབྱིན་ཡང་།  ལྕེ་རྩེ་མདུན་ནས་བྱུང་བའི་མིང་གཞི་དང་འཕྲད་ན/ə/ལྟར་ཀློག་ལ།  འཇུག་ཡུལ་གསལ་བྱེད་ཡི་གེ“མ”དང་སྦྱར་ཚེ/uə /དང/ yə/བཞིན་ཀློག་པ་དང་།  སྐབས་འགར/i/སྒྲར་འབྱིན་པའང་ཡོད།  དབྱངས་ཨི་ང་རྗེས་འཇུག་ཅན་མང་པོ/e/ལྟར་ཀློག་ལ།  དམིགས་བསལ་འགའ་རུ/i/བཞིན་ཀློག་པའང་གདའ།  དབྱངས་ཨི་ལ་མཐའ་ཅན་མང་ཆེ་ཤོས/e/སྒྲར་འབྱིན་ཡང་།   དམིགས་བསལ་ལྕེ་ངོས་ནས་སྐྱེ་བའི་གསལ་བྱེད་དང་འཕྲད་ཚེ/ie/བཞིན་ཀློག་པ་དང་།  ལྕེ་རྩེ་ནས་བྱུང་བའི་མིང་གཞི་དང་སྦྱར་ན/ə/སྒྲ་འབྱུང་།  དབྱངས་ཨི་ས་མཐའ་ཅན་ཕལ་ཆེ་བ/i/བཞིན་ཀློག་ཀྱང་།  དམིགས་བསལ་གསལ་བྱེད་ཡི་གེ་ལྕེ་རྩེ་ནས་བྱུང་བ་ཅན་དང་འཕྲད་ན/ə/ལྟར་འབྱིན་ནོ། །  

(7)དེ་ཡང་པེ་མ་སྐད་དུ་དབྱངས་ཨུ་རྗེས་འཇུག་ཞུགས་མེད་པ་ཅན་ཕལ་ཆེ་བ/u/བཞིན་ཀློག་ཀྱང་།  དམིགས་བསལ་མིང་གཞི་ཡི་གེ་ལྕེ་རྩེ་མདུན་དང་ལྕེ་ངོས་ནས་སྐྱེ་བ་ཅན་དང་སྦྱར་ཚེ/y/སྒྲ་འབྱུང་བ་དང་།  སྐབས་འགར/ə/དང/uə/སྒྲར་ཀློག་པའང་ཡོད།  དེ་མཚུངས་སུ་དབྱངས་ཨུ་བ་མཐའ་ཅན་ཡོད་དོ་ཅོག་གསལ་བྱེད་ཡི་གེ་ལྕེ་རྩེ་དབུས་ནས་སྐྱེ་བ་ཅན་དང་འཕྲད་ཚེ/u/ལྟར་ཀློག་པ་དང་།  དམིགས་བསལ་ལ་ལར/ə/སྒྲ་འབྱུང་བའང་ཡོད་པ་དང་།  དེ་བཞིན་དབྱངས་ཨུ་ད་མཐའ་ཅན་ཕལ་ཆེ་བ/u/བཞིན་ཀློག་ནའང་།  ལྕེ་རྩེ་དབུས་དང་ལྕེ་ངོས་ནས་བྱུང་བའི་གསལ་བྱེད་ཡི་གེ་དང་སྦྱར་ཚེ/y/སྒྲ་འབྱུང་ཞིང་།  དམིགས་བསལ་འགའ་ཞིག་ཏུ/i/ལྟར་འབྱིན་པའང་མཆིས་ལ།  དབྱངས་ཨུ་ག་མཐའ་ཅན་མང་པོ/uə/སྒྲར་འབྱིན་ཡང་།  གསལ་བྱེད་ལྕེ་རྩེ་དབུས་དང་ལྕེ་ངོས་ནས་སྐྱེ་བ་ཅན་དང་སྦྱར་ཚེ/yə/ལྟར་ཀློག་ལ།  མཚམས་མཚམས་སུ/i/སྒྲར་འབྱིན་པའང་གདའ།   དབྱངས་ཨུ་མ་མཐའ་ཅན་ཕལ་ཆེ་བ/ʋ/བཞིན་ཀློག་ཀྱང་།  ལྕེ་ངོས་ནས་སྐྱེ་བའི་གསལ་བྱེད་ཡི་གེ་དང་འཕྲད་ཚེ/y/ལྟར་ཀློག  དབྱངས་ཨུ་ན་མཐའ་ཅན་མང་ཆེ་ཤོས/e/དང/ø/སྒྲར་འབྱིན་ནའང་།  དམིགས་བསལ་ཚེག་ཁྱིམ་གཉིས་ཅན་གྱི་ཕྱི་མ་མིང་མཐའ་རྐྱང་པ“པ”བྱུང་ཚེ་སྔ་མའི་དབྱངས་ཀྱང/u/ལྟར་ཀློག་པ་དང་།  མིང་མཐའ་རྐྱང་པ“མ”ཡིན་ན/un/བཞིན་འབྱིན།  པེ་མ་སྐད་དུ་དབྱངས་ཨུ་ང་རྗེས་འཇུག་ཅན་མཐའ་དག/ʋ/འམ/ʋ/སྣ་སྒྲ་ཅན་བཞིན་ཀློག་པ་དང་།  དབྱངས་ཨུ་ར་མཐའ་ཅན་ཕལ་ཆེ་བ/u/ལྟར་ཀློག་ཀྱང་།  གསལ་བྱེད་ཡི་གེ་ལྕེ་རྩེ་མདུན་ནས་སྐྱེ་བ་ཅན་དང་སྦྱར་ཚེ/y/བཞིན་འབྱིན་པ་དང་། དམིགས་བསལ་ལ་ལར/ʋ/དང/ɔ/ /æ/བཅས་སུ་ཀློག་པའང་མཆིས།   དབྱངས་ཨུ་ལ་མཐའ་ཅན་མང་པོ/u/སྒྲར་འབྱིན་ནའང་།  གསལ་བྱེད་ཡི་གེ་ལྕེ་ངོས་ནས་སྐྱེ་བ་ཅན་དང་སྦྱར་ཚེ/y/བཞིན་ཀློག་པ་དང་། ལྕེ་རྩེ་ནས་སྐྱེ་བ་ཅན་དང་འཕྲད་ཚེ/ə/ལྟར་འབྱིན་ལ།  དམིགས་བསལ་འགའ་ཞིག་ཏུ/i/བཞིན་ཀློག་པའང་མཆིས།  དབྱངས་ཨུ་ས་མཐའ་ཅན་ཕལ་ཆེ་བས/u/ལྟར་སྒྲ་འབྱིན་ཡང་།  ལྕེ་རྩེ་དང་ལྕེ་ངོས་ནས་བྱུང་བའི་གསལ་བྱེད་ཡི་གེ་དང་སྦྱར་ཚེ/y/སྒྲ་འབྱིན་ལ།  དམིགས་བསལ་ལ་ལར/i/བཞིན་ཀློག་པའང་ཡོད་དོ། ། 

(8)གོང་གི་དབྱངས་སྔ་མ་གསུམ་དང་མཚུངས་པར་པེ་མ་སྐད་ནས་དབྱངས་ཨེ་རྗེས་འཇུག་ཞུགས་མེད་པ་ཅན་ཕལ་ཆེ་བ་རྟག་ཏུ/æ/དང/e/བཞིན་ཀློག་ནའང་།  ལྕེ་རྩེ་ནས་སྐྱེ་བའི་གསལ་བྱེད་ཡི་གེ་དང་སྦྱར་ཚེ/ə/ལྟར་ཀློག་པ་དང་།  དམིགས་བསལ་འགའ་ཞིག་ཏུ/i/སྒྲར་འབྱིན་པའང་ཡོད་ལ།  དེ་བཞིན་དུ་དབྱངས་ཨེ་བ་མཐའ་ཅན་མང་པོ་རྒྱུན་དུ/e/བཞིན་ཀློག་ཀྱང་།  ཚེག་ཁྱིམ་གཉིས་ཅན་གྱི་ཕྱི་མར་བྱུང་ན/i/ལྟར་འབྱིན།   དབྱངས་ཨེ་ད་མཐའ་ཅན་མང་ཆེ་བ/æ/དང/e/ལྟར་ཀློག་ནའང་།  ལྕེ་ངོས་ནས་སྐྱེ་བའི་གསལ་བྱེད་ཡི་གེ་དང་སྦྱར་ན/i/བཞིན་ཀློག་པ་དང་།  ལྕེ་རྩེ་ནས་བྱུང་བའི་གསལ་བྱེད་ཡི་གེ་དང་འཕྲད་ཚེ/ə/སྒྲ་འབྱུང་ཞིང་།  དམིགས་བསལ་མིང་གཞི་ཡི་གེ“མ”དང་སྦྱར་ན་དབྱངས་བརྩེགས་མ/yæ/བཞིན་ཀློག   གཞན་པེ་མ་སྐད་ནས་དབྱངས་ཨེ “ག”དང“མ” “ན” “ས”མཐའ་ཅན་ཐམས་ཅད/e/དང་།  ང་དང་ལ་མཐའ་ཅན་ཡོངས་རྫོགས/e/དང/æ/  ར་མཐའ་ཅན་ཡོད་ཚད/æ/དང/ə/བཅས་སུ་ཀློག་བཞིན་ཡོད་དོ། །

(9)གཞན་ཡང་པེ་མ་སྐད་ནས་དབྱངས་ཀྱི་བཞི་པ་ཨོ་ལ་རྗེས་འཇུག་གང་ཡང་མ་ཞུགས་ན་ཕལ་ཆེ་བ་དབྱངས་སྦྲགས་མ/uɑ/བཞིན་ཀློག་ནའང་།  ལྕེ་ངོས་ནས་སྐྱེ་བའི་གསལ་བྱེད་ཡི་གེ་དང་སྦྱར་ཚེ/yɑ/ལྟར་ཀློག་པ་དང་།  ཚེག་ཁྱིམ་ཕྱི་མའི་མིང་མཐའ་རྐྱང་བ་ཅན་ལ་སྦྱར་ན/u/སྒྲ་འབྱུང་ལ།  དམིགས་བསལ་ལ་ལར/ɑ/དང/y/བཞིན་ཀློག་པའང་ཡོད།  དེ་བཞིན་དབྱངས་ཨོ་བ་མཐའ་ཅན་ཕལ་ཆེ་བ/uɑ/བཞིན་ཀློག་ནའང་།  ལྕེ་ངོས་ནས་སྐྱེ་བའི་གསལ་བྱེད་ཡི་གེ་དང་འཕྲད་ཚེ/yɑ/ལྟར་འབྱིན།  དབྱངས་ཨོ་ད་མཐའ་ཅན་མང་པོ/ø/དང/e/ལྟར་ཀློག་ནའང་།  དམིགས་བསལ་འགའ་ཞིག་ཏུ/y/དང/æ/ /yø/བཅས་སུ་ཀློག་པའང་ཡོད།  དབྱངས་ཨོ་ག་མཐའ་ཅན་ཕལ་ཆེ་བ/uɑ/སྒྲར་འབྱིན་ཡང་།  ལྕེ་ངོས་ནས་སྐྱེ་བའི་གསལ་བྱེད་ཡི་གེ་དང་སྦྱར་ཚེ/yɑ/ལྟར་ཀློག་ཀྱང་།  མཚམས་མཚམས་སུ/æ/དང/ɔ/ /o/བཅས་སུ་ཀློག  དབྱངས་ཨོ་མ་མཐའ་ཅན་མང་པོ་ཞིག/o/དང/uɑ/བཞིན་འབྱིན་ནའང་།  ཚེག་ཁྱིམ་ཕྱི་མར་ཀ་སྡེ་ཐོན་དུས།  གསལ་བྱེད་མཐའ་ཅན་གྱི་དབྱངས/oŋ/ལྟར་ཀློག་བཞིན་ཡོད།  དབྱངས་ཨོ་ན་མཐའ་ཅན་མང་པོ་ཞིག/ø/བཞིན་ཀློག་ཀྱང་།  ཚེག་ཁྱིམ་ཕྱི་མ་མིང་མཐའ་རྐྱང་པ“པ”དང“པོ”སོགས་ཡིན་ན།  སྔ་མའི་རྗེས་འཇུག“མ”ཡི་སྒྲ་གནས་ཕྱི་མའི་མིང་མཐར་གནས་སྤར་ནས་དབྱངས་ཀྱང/o/ཁོ་ནར་འབྱིན།  དེ་མིན་དམིགས་བསལ་འགའ་ཞིག་ཏུ/a/དང/y/ /uɑ/བཅས་སུ་ཀློག་པའང་མཆིས། དབྱངས་ཨོ་ས་མཐའ་ཅན་ཕལ་ཆེ་བ/ø/ལྟར་ཀློག་ཀྱང་།  སྐྱེ་གནས་མཆུ་ལས་བྱུང་བའི་གསལ་བྱེད་ཡི་གེ་དང་སྦྱར་ན/e/བཞིན་ཀློག  གཞན་ཡང་དབྱངས་ཨོ་ང་མཐའ་ཅན་མ་ལུས/o/ལྟར་ཀློག་ཅིང་།  ར་མཐའ་ཅན་ཡོད་ཚད/uɑ/དང/o/བཞིན་ཀློག  ལ་མཐའ་ཅན་ཡོངས་རྫོགས/ø/དང/i/སྒྲར་འབྱིན་ནོ། །

མདོར་ན།  པེ་མ་སྐད་ལ་བོད་སྐད་བྱིངས་ཀྱིས་བཀོལ་བཞིན་པའི་དབྱངས་ཨི་སོགས་བཞི་ཡོད་པ་གཞིར་བཞག་ཏུ།  དམིགས་བསལ་དབྱངས་གསར་པ/ø/སོགས་དྲུག་དང་།  དབྱངས་སྦྲགས་མ/uɑ/སོགས་དྲུག་བྱུང་བ་ནི།  གཅིག་ནས་འཇུག་ཡུལ་མིང་གཞིའི་ཡི་གེས་ཤན་ཞུགས་པ་དང་།  གཉིས་ནས་རྗེས་འཇུག་ཡི་གེའི་ནུས་པས་སྐྱེ་བ་ཡིན་པར་འདོད།  སྤྱིར་སྐད་རིགས་གང་ཞིག་ཡིན་རུང་།  ཡུལ་དང་དུས་ཀྱི་འགྱུར་བ་དང་བསྟུན་ནས་དེ་ལའང་འཕེལ་འགྲིབ་སྣ་ཚོགས་ཤིག་འབྱུང་སྲིད།  འོན་ཀྱང་དེ་དག་གི་འཕེལ་སྲོལ་ལམ་འགྲིབ་ཚུལ་ལ་ཐུན་མོང་གི་ཁྱད་ཆོས་ཤིག་ཡོད་པ་ནི།  ངག་ནས་ཀློག་ཚེ་ཚེགས་ཆེ་བ་རྣམས།  སྒྲ་ཟུར་ཆག་པའམ།  སྒྲ་ཡོངས་སུ་ཉམས་པའམ།  སྒྲ་གནས་བརྗེ་སྤོར་བྱེད་པའམ།  གསལ་བྱེད་དབྱངས་སུ་འགྱུར་བའམ།  དབྱངས་གདངས་སུ་འགྱུར་བ་སོགས་ཀྱི་ཐབས་ཀྱིས་ཅིས་ཀྱང་ཚེགས་ཡང་མོར་བསྒྱུར་བ་དེའོ། །  འདིའི་ཆོས་ཉིས་འདི་ནི་བོད་སྐད་ཀྱི་སྐད་ཆའི་འཕེལ་འགྱུར་ནས་ཤིན་ཏུ་གསལ་བས།   པེ་མ་ཡུལ་སྐད་ནས་མིང་གཞི་དང་རྗེས་འཇུག་གིས་དབྱངས་ལ་ཤན་ཞུགས་པའམ་འཕྲི་སྣོན་བྱེད་པའམ་འདི་ལས་མ་འདས་སྙམ་མོ། །  

བཞི་པ།  གདངས་ཀྱི་སྐོར།

པེ་མ་སྐད་ལ་དོན་ཐ་དད་དུ་འབྱེད་ནུས་པའི་གདངས(གདངས་ཚད)⁵³ ⁴² ³⁵ ³⁴¹ ²¹ ⁵⁵བཅས་བསྡོམས་པས་གྲངས་དྲུག་ཏུ་བཅད་ཡོད་ལ།  དེ་དག་ལས་ལ་ལ་ཞིག་མིང་གཞི་ཡི་གེ་འབའ་ཞིག་ལ་འབྲེལ་ནས་ཡོད་ཅིང་།  འགའ་ཞིག་མཐའ་རྟེན་གྱིས་ཤན་ཞུགས་ནས་སྐྱེ་བ་དང་།  གཞན་དུ་མ་དབྱངས་དང་འབྲེལ་བ་ཟབ་མོར་ཆགས་ཡོད།  རེ་རེ་བཞིན་གསལ་ཁ་ཕུད་ན། 

(1)གདངས་ཀྱི་འགྱུར་ལུགས་མིང་གཞི་ཡི་གེ་དང་འབྲེལ་བ།  དེ་ཡང་པེ་མ་སྐད་ནས་གསལ་བྱེད་སྒྲ་མེད་ཅན་དང་སྲོག་ཆེན་སྒྲ་མེད་སྣ་སྒྲ་མ་ཡིན་པ་ཅན་རྣམས་གདངས་ཚད⁵³ལ་གཞོལ་ཆེ་ཞིང་།  གསལ་བྱེད་སྒྲ་ལྡན་ཅན་དང་སྒྲ་མེད་སྣ་སྒྲ་ཅན་དག་གདངས་ཚད⁴²སུ་ཀློག  དོན་དུ་སྒྲ་ལྡན་སྣ་སྒྲ་ཅན་དང་མཐའ་སྒྲ་ཅན།  འདར་སྒྲ་ཅན་ཡིན་ཡང་ངག་ནས་ཀློག་ཚེ་སྒྲ་མེད་དུ་གྱུར་ནས་འདོན་པ་ཅན་དག་གདངས་ཚད³⁵རུ་ཀློག་ལ།སྒྲ་ལྡན་སྲོག་མེད་ཅན་གྱི་མིང་གཞི་ཡི་གེར་འཕུལ་དང་མགོ་ཅན་ཞུགས་པ་རྣམས་གདངས་ཚད³⁴¹ཏུ་ཀློག་བཞིན་ཡོད།  དཔེར་ན།  བཏབ་ཅེས་པ་ལtʋ⁵³དང་།  བཅུར་ལtɕa⁵³སྤགས་ལpɑ⁵³ ཚེ་ཞེས་པ་ལ་tshæ⁵³ཆད་ལtɕe⁵³ཁུར་ལkhu⁵³ཞེས་པ་ལྟ་བུ། རྫ་ལdza⁴²ཞེས་པ་དང་།  རྒྱ་ལndʑæ⁴²འདུག་ལde⁴² མཚོ་ལndzuɑ⁴²འཕྲེད་ལndʐæ⁴² འཕུར་ལnbu⁴²ཞེས་པ་ལྟ་བུ།  གྱོན་ཞེས་པ་ལtɕø³⁵དང་།  དུང་ལtʋ³⁵ལང་ལjɔ³⁵ རལ་ལʐæ³⁵ ནས་ལne³⁵ཞེས་པ་ལྟ་བུ།  ལྔ་ཞེས་པ་ལŋɦa³⁴¹དང་།  སྣ་ལnɦa³⁴¹མཉེད་ལȵɦyæ³⁴¹རྙེད་ལŋɦe³⁴¹ སྣང་ལŋɦuɑ³⁴¹དངུལ་ལȵɦi³⁴¹ཞེས་པ་ལྟར་རོ། །འདིའི་དང་པོའི་མིང་གཞི་ཡི་གེ་ཕལ་ཆེ་བ་ཕོ་ཡི་ཡི་གེ་ཡིན་པས་སྒྲ་རྩོལ་དྲག་པར་ཀློག་པ་ཡིན་ན་དེའི་གདངས་ཀྱང་རང་བཞིན་གྱིས་མར་ཕབ་ནས⁵³ལྟར་ཀློག་པ་ཡིན་པར་སྙམ་ལ།  གཉིས་པའི་མིང་གཞི་མང་ཆེ་བ་མོ་དང་མ་ནིང་གི་ཡི་གེར་གཞོལ་ཆེ་བས་སྒྲ་རྩོལ་ཞན་པའི་ཚུལ་གྱིས་ཀློག་དགོས་ན་དེའི་གདངས་ཀྱང་སྔ་མ་ལས་དམའ་བར་གྱུར་པ་ཡིན་པར་འདོད།

(2)གདངས་ཀྱི་འགྱུར་ལུགས་རྗེས་འཇུག་དང་འབྲེལ་བ།

དེ་ཡང་པེ་མ་སྐད་དུ་མིང་གཞི་ཡི་གེ་གང་ལ་རྗེས་འཇུག་ག་ད་བ་ས་བཞི་བོ་གང་རུང་ཞུགས་ན་ཕལ་ཆེ་བ་གདངས་ཚད⁵³ལྟར་ཀློག་པ་དང་།  ང་མ་འ་ན་ར་ལ་བཅས་དང་སྦྱར་ན་གདངས་ཚད³⁵བཞིན་དུ་ཀློག དཔེར་ན།  བཏབ་ཅེས་པ་ལ tʋ⁵³དང་།  པགས་ལpɑ⁵³འདྲེད་ལndʐə⁵³གོས་ལkø⁵³ཞེས་པ་ལྟ་བུ།  སྐུམ་ཞེས་པ་ལkʋ³⁵དང་།  སྤྲིན་ལʂe³⁵ བཙང་ལtsɔ³⁵ ཁལ་ལkhe³⁵འདུ་ལdu³⁵བཅར་ལtɕa³⁵ཞེས་པ་ལྟ་བུའོ། །འདི་ནི་འཇུག་བྱེད་རྗེས་འཇུག་ཡི་གེ་ག་ད་བ་ས་བཞི་སྟེ་ཕོ་རྣམས་རང་གི་འཇུག་ཡུལ་མིང་གཞི་ཡི་གེ་གང་ལ་ཞུགས་པ་ལས་བརྗོད་པའི་སྒྲ་གདངས་དྲག་པར་འགྱུར་ན་གདངས་ཚད་ཀྱང་དེ་དང་མཐུན་པར⁵³ལྟར་ཀློག་པ་དང་།  ང་མ་འ་གསུམ་མོ་དང་ན་ར་ལ་གསུམ་མ་ནིང་བཅས་རང་གི་འཇུག་ཡུལ་མིང་གཞི་ཡི་གེ་གང་ལ་ཞུགས་པ་ལས་བརྗོད་པའི་སྒྲ་གདངས་ནི་ཞན་པའམ་རན་པར་འགྱུར་ན་གདངས་ཚད་ཀྱང་དེ་དང་བསྟུན་ནས³⁵བཞིན་ཀློག་པ་ཡིན་པར་འདོད་དོ། །  འོན་ཀྱང་དམིགས་བསལ་ལ་ལར་མིང་གཅིག་ལ་སྒྲ་གདངས་རྣམ་པ་གཉིས་སུ་ཀློག་པའང་མཆིས།  དེ་ནི་གཙོ་བོ་རྗེས་འཇུག་དང་མིང་གཞི་གཉིས་ཀས་གདངས་ཚད་ལ་ཤན་ཞུགས་པས་ཡིན་པར་སྙམ།  དཔེར་ན།  བཅར་ལtɕa³⁵དང་བཅུར་ལtɕa⁵³གོས་ལkø⁵³ དང kø³⁵ཞེས་པ་ལྟ་བུའོ། །

(3)གདངས་ཀྱི་འགྱུར་ལུགས་དབྱངས་དང་འབྲེལ་བ།

པེ་མ་སྐད་དུ་རིགས་ཅན་གང་གི་ཆུང་ངུ་སྟོན་བྱེད་ཀྱི“འུ”དང་།  དོན་གང་ཞིག་རེ་ཞིག་རྫོགས་པར་སྟོན་བྱེད་ཀྱི“འོ”།  འབྲེལ་བ་སྟོན་བྱེད་ཀྱི“འི”བཅས་མིང་གཞི་ཡི་གེ་དང་སྦྱར་ཚེ།  སྒྲ་རྫས་སོ་སོ་ཕྲལ་ནས་མི་ཀློག་པར་གདངས་ཚད⁵⁵ཡིས་གོ་ཆོད་པར་བྱས་ཡོད།  དཔེར་ན།  བྱེའུ་ཞེས་པ་ལɕe⁵⁵དང་།  སྤྲེའུ་ལtʂe⁵⁵  ཁྱེའུ་ལtɕe⁵⁵ བཅུའོ་ཞེས་པ་ལtɕo⁵⁵དང་།  སྤོའོ་ལpo⁵⁵ངའི་ཞེས་པ་ལŋə⁵⁵དང་།  ཁྱོའི་ལtɕo⁵⁵  མིའི་ལȵe⁵⁵ཞེས་པ་ལྟ་བུའོ། །  འདིའི་རིགས་ནི་དོན་དུ་ཕྱི་མའི་དབྱངས་ཨུ་ཨི་ཨོ་གསུམ་གྱིས་སྔ་མའི་གདངས་ཚད་ལ་ཤན་ཞུགས་པ་ཡིན་པར་འདོད་དེ།  ངག་ནས་ཀློག་ཚེ་སྔ་མའི་མིང་གཞིའི་དབྱངས་དང་ཕྱི་མའི་དབྱངས་གཉིས་ཕྲལ་ནས་སོ་སོར་མ་བཀླག་པར་གོ་གཅིག་ཆོད་ཀྱིས་དབྱངས་གཅིག་རིང་དུ་བསྲིངས་ནས་བཀླགས་པས་གདངས་ཚད་ཀྱང་རིང་ཆ་ཅན⁵⁵རུ་གྱུར་པ་ཡིན་པར་སྙམ།

དེ་ཡང་པེ་མ་སྐད་ནས་གདངས་ཚད་ཀྱི་རིམ་པ་འདི་ཆེས་བྱ་དཀའ་བར་སྣང་སྟེ།  དཔེར་ན། མིང་ལ་ལ་ཞིག་ཚེག་ཁྱིམ་གཉིས་ཅན་གྱི་ཕྱི་མར་བྱུང་ཚེ་གདངས་ཚད⁵³བཞིན་ཀློག་ཀྱང་།  སྔ་མར་བྱུང་དུས་གདངས་ཚད²¹ལ་འགྱུར་བ་དང་།  ཚིག་གི་སྦྱོར་བ་རུ་སྦྱར་ཚེ་འདི་ནས་གདངས་ཚད⁵⁵བཞིན་ཀློག་ཀྱང་།  གཞན་ཞིག་ནས་གདངས་ཚད³⁴¹ལྟར་ཀློག་པའང་ཡོད་པས།  ཀུན་ལ་མཐུན་པའི་ཆོས་ཉིད་ཅིག་གམ་སྤྱི་འགྲོས་ཤིག་ཤིན་ཏུ་འཚོལ་དཀའ་འོ། །གཞན་མཁས་པ་རྣམས་ཀྱི་བཞེད་པའང་མི་མཐུན་ཏེ།  དཔེར་ན།   སྐུ་ཞབས་སུང་ཧོང་ཁའེ(孙宏凯)ལགས་ཀྱིས་པེ་མ་སྐད་ལ་གདངས་ཚད⁵³ ³⁵ ¹³ ³⁴¹དང་བཅས་བཞི་ཡོད་པར་འདོད་པ་དང་།[15]རྒན་ཧུང་པའུ་ཧྥན(黄布凡)ལགས་ཀྱིས་གདངས་ཚད⁵³ ⁴² ³⁵ ³⁴¹ ²¹དང་བཅས་ལྔ་ཡོད་པར་བཞེད་པ་ལྟ་བུའོ། །[16] དེ་བས་འདིའི་སྐོར་ལ་བློ་ལྡན་རྣམས་ཀྱིས་མི་མཐུད་དུ་བརྟག་དཔྱད་ཞིབ་འཇུག་བྱ་རྒྱུ་ཤིན་ཏུ་གལ་ཆེ་བར་འདོད་དོ། །

ལྔ་པ། མཇུག་སྡུད་པ། 

གོང་ནས་གསལ་བྱེད་དང་།  དབྱངས།  གདངས་བཅས་ཟུར་གསུམ་ནས་པེ་མ་སྐད་ཀྱི་ཁྱད་ཆོས་རྣམས་ངོ་སྤྲད་པ་ཡིན།  མཐའ་མར་དམིགས་བསལ་དེ་དག་གཅིག་ཏུ་དྲིལ་ནས་ཚན་པ་འདིར་དགོད་པར་བྱ།  གཅིག  མིང་གཞིའི་ཐད་ནས།  1.པེ་མ་སྐད་ལ་གསལ་བྱེད་སྒྲ་ལྡན་དང་སྒྲ་མེད།  སྲོག་ཆེན་སྲོག་ཆུང་།  སྣ་སྒྲ་ཅན་དང་མཐའ་སྒྲ་ཅན་ཅི་རིགས་ཤིག་མཆིས་པས་མིང་གཞིའི་མ་ལག་ཧ་ཅང་འཛོམས་པོ་ཡིན།  2.འདིའི་སྐད་ལ་སྒྲ་མེད་སྒྲ་ལྡན་དུ་ཀློག་པ་དང་།  སྒྲ་ལྡན་སྒྲ་མེད་དུ་འདོན་པ།  སྐྱེ་གནས་ཅུང་ཙམ་རེ་བརྗེ་བ།  སྲོག་ཆེན་སྲོག་ཆུང་དུ་ཀློག་པ།  སྲོག་ཆུང་སྲོག་ཆེན་ལྟར་འདོན་པའི་སྲོལ་ཡོད། 3.གཟུགས་གཅིག་སྒྲ་གཉིས་སམ་དུ་མར་ཀློག་པ་དང་།  སྒྲ་དུ་མ་གཟུགས་གཅིག་གིས་མཚོན་པ་ཅན་ཡང་གདའ། 4.འཕུལ་དང་མགོ་ཅན་གྱི་སྒྲ་ཕལ་ཆེ་བ་ཟུར་ཆག་པའམ་ཡོངས་སུ་ཉམས་ནས་རང་གི་འཇུག་ཡུལ་མིང་གཞི་ཡི་གེ་གང་ཡིན་པ་དེ་འབའ་ཞིག་ཏུ་ཀློག་བཞིན་མཆིས། 5.འདོགས་ཅན་སྦྱར་ཏོ་ཅོག་ཡང་ན་འདོགས་ཅན་ཅི་ཡིན་པ་དེ་ལྟར་ཀློག་པ་དང་།  ཡང་ན་མིང་གཞིའི་སྐྱེ་གནས་དེ་དང་ཉེ་བར་བསྒྱུར་ནས་འདོན་བཞིན་གདའ།  6.གཞན“ལ”ཐམས་ཅད“ཡ”དང་།  “ཡ”མང་ཆེ་བ“ཞ”དང“ཤ”རུ་ཀློག་པའི་ཆོས་ཉིད་ཅིག་ཀྱང་བདོག  གཉིས།  དབྱངས་ཀྱི་ཐད་ནས།  པེ་མ་སྐད་ལ་དབྱངས་རྐྱང་པ་དང་སྦྲགས་མ་གཉིས་ཀ་ཡོད་དེ།  བོད་བྱིངས་ཀྱིས་བཀོལ་བཞིན་པའི་ཨི་སོགས་བཞི་ཕུད་པའི་གཞན་རྣམས་ནི་མིང་གཞིའི་སྐྱེ་གནས་མི་འདྲ་བས་ཤན་ཞུགས་ནས་སྐྱེ་བ་དང་།  སྦྲགས་མ་ཕལ་ཆེ་བ་རྗེས་འཇུག་གི་ནུས་པས་བྱུང་ངོ་། །གསུམ།  གདངས་ཀྱི་ཐད་ནས།  པེ་མ་སྐད་དུ་བསྡོམས་པས་གདངས་ཚད་རིགས་དྲུག་ཡོད་པ་དེ་དག་ཀྱང་ལ་ལ་ཞིག་མིང་གཞི་དང་འབྲེལ་ནས་ཡོད་ཅིང་།  ལ་ལ་ཞིག་དབྱངས་དང་རྗེས་འཇུག་ལ་འབྲེལ་ནས་ཡོད།  དེ་དག་ལས་དབྱངས་ལ་འབྲེལ་བ་ཅན་ཅུང་ཉུང་ཞིང་།  མིང་གཞི་དང་རྗེས་འཇུག་ལ་འབྲེལ་བ་ཅན་ཧ་ཅང་མངས་སོ། །རང་ལུགས་ནི་གདངས་ཚད་རིགས་བཞི་བོའང་མཐར་གཏུགས་ན་མིང་གཞིའམ།  རྗེས་འཇུག་གི་རྟགས་སམ་སྒྲ་རྩོལ་ལ་ཐུག་ཡོད་སྙམ།  སྒྲ་རྩོལ་དྲག་པའི་རིགས་ནི⁵³སྟེ་མར་ཕབ་ནས་ཤུགས་ཀྱིས་ཀློག་ཅིང་།  སྒྲ་རྩོལ་ཞན་པའི་རིགས་ནི³⁵དང³⁴¹ལྟར་ཀློག་པ་ཤུགས་ཆེ་ལ།  སྒྲ་གདངས་དྲག་ཞན་བར་མ་ཅན་རྣམས་གདངས་ཚད་ཀྱང²¹ལྟར་སྙོམ་པར་ཀློག་པ་དང་། དབྱངས་གཉིས་བསྟུད་མར་བྱུང་བ་ཅན་སྔ་མའི་དབྱངས་ཁོ་ནར་ཀློག་པའི་མུར་གདངས་ཚད⁵⁵སྟེ་རིང་ཆ་ཅན་ལ་འགྱུར་བཞིན་ཡོད་དོ། །

མདོར་ན།  པེ་མ་ཡུལ་སྐད་ནི་བོད་ཀྱི་ཡུལ་སྐད་གཞན་དག་དང་བསྡུར་ན་ཁྱད་པར་ཅུང་ཙམ་ཆེ་ནའང་།  སྒྲ་གདངས་ཀྱི་ཐད་ནས་དེ་དག་གི་བར་ལ་ཆོས་ཉིད་ངེས་ཅན་ཞིག་གྲུབ་ཡོད་ཅིང་།  སྒྲ་དང་གཟུགས་ཡན་ཆད་ནས་ཐོ་གཏུག་རྒྱུ་ཡོད་པའི་ཐ་སྙད་ཀྱང80%ཡན་ལ་བསླེབས་ཡོད།  གཞན་སྐུ་ཞབས་སུང་ཧོང་ཁའེ(孙宏凯)ལགས་ཀྱིས“བོད་འབར་སྐད་རིགས་སུ།  རྒྱུན་སྤྱོད་ཀྱི་མིང1000—1500ཡི་ནང་ནས།  ཁུངས་གཅིག་པའི་མིང་ངམ་སྒྲ་དང་གཟུགས་ཡན་ཆད་ནས་ཐོ་གཏུག་རྒྱུ་ཡོད་པའི་མིང་གིས་གྲངས་བརྒྱ་ཆའི་ལྔ་བཅུའི་ཡན་ཟིན་ན།  སྐད་བརྡ་གཅིག་གི་ནང་ཁུལ་གྱི་ཡུལ་སྐད་ཀྱི་འབྲེལ་བ་ཡིན་པ་དང་།  20%ནས30%ཟིན་ན་སྐད་སྡེ་ནང་ཁུལ་གྱི་འབྲེལ་བ་ཡིན་ནོ། །”[17] ཞེས་གསུངས་པར་གཞི་བཅོལ་ཚེའང་།  པེ་མ་སྐད་ནི་བོད་ཀྱི་ཡུལ་སྐད་ཀྱི་གྲས་ཤིག་ཡིན་པ་ལས་འོས་མེད་པར་འདོད་དོ། །         

རྩོམ་ཁུངས།  མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ༢༠༢༠ལོའི་དེབ་དང་པོ།


[1] འཇིགས་བྱེད་སྐྱབས། ཕོ། བོད་རིགས། ཕ་ཡུལ་མཚོ་སྔོན་ཞུན་ཧྭ།  ཧྲང་ཧེ་དགེ་ཐོན་སློབ་གྲྭ་ཆེན་མོའི་སྐད་བརྡ་ཞིབ་འཇུག་ཁང་གི་འབུམ་རམས་ཞིབ་འཇུག་སློབ་མ་ཡིན།ཞིབ་འཇུག་གི་ཁ་ཕྱོགས་གཙོ་བོ་ནི་སྐད་བརྡ་རིག་པ་ཡིན། དཔྱད་རྩོམ་འདི་ནི་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་གནད་ཆེའི་ལས་གཞི་སྟེ།“ས་ཁམས་ཆ་འཕྲིན་གཞིར་བྱས་ཏེ་མཚོ་སྔོན་ནང་ཁུལ་གྱི་བོད་ཀྱི་ཡུལ་སྐད་གྲངས་མཛོད་འཛུགས་སྐྲུན”(ཐེབས་རྩའི་ཆོག་མཆན་ཨང་གྲངས།14ZD102)ཞེས་པའི་དཔྱད་འབྲས་ཀྱི་ནང་གསེས་ཤིག་ཡིན། དཔྱད་རྩོམ་འབྲི་བའི་གོ་རིམ་ཁྲོད་དུ་དགེ་རྒན་ཆེན་མོ་བཱང་ཧྲུང་ཁྲེན་ལགས་ཀྱིས་བསམ་འཆར་གལ་ཆེན་མང་བོ་བཏོན་པར་ཆབས་གཅིག་ཏུ་ཐུགས་རྗེ་ཆེ་ཞུ།

[2] (荷)齐卡佳.白马语和藏语方言的示证范畴[J].民族语文.2008年第3期,第28页。

[3] སྤྱི་ལོ༢༠༡༧ལོའི་ཟླ༦པར་རྩོམ་པ་པོ་རང་ཉིད་དངོས་སུ་སི་ཁྲོན་ཞིང་ཆེན་གྱི་ཕེན་ཝུའུ་ས་ཆའི་བོད་དམག་གི་སྡེ་བའི་ནང་དུ་རྟོག་དཔྱོད་ལ་སོང་ཞིང་།  སྒྲ་འདོན་མཁན་ནི་པེ་མ་མིང་ལ་ཀེ་ཏི་ཧེ་ཟེར་བའི་རྒན་རབས་པ་ཞིག་ཡིན།  རང་ཉིད་ཀྱིས་དེ་ག་ནས་པེ་མའི་སྐད་ལ་དབྱེ་ཞིབ་ནན་མོ་ཞིག་བྱས་པར་མ་ཟད།  སྒྲ་ཕྱིར་ཁྱེར་ཡོང་སྟེ་བོད་ཀྱི་ཡུལ་སྐད་དང་ཕན་ཚུན་བསྡུར་བ་ན།  དེ་ནི་བོད་སྤྱིའི་སྐད་དུ་གཏོགས་པའི་ནང་གསེས་ཀྱི་ཡུལ་སྐད་ཅིག་ཡིན་པ་འདར་མེད་དོ་ཞེས་པའི་ལྟ་ཚུལ་བཏོན་ཡོད། 

[4] <<西番译语>>是明清时代官方组织编写的一组藏缅语言与汉语的对照词典,其中有编丰富的藏语书面语和各方言的对照材料。

[5]孙宏凯、齐卡佳、刘光坤.白马语研究[M].民族出版社,2007年,第30页。

[6] དམུ་དགེ་བསམ་གཏན། དྭགས་པོ་མི་རིགས་སྐོར་གྱི་གནད་དོན་འགའ་ལ་དཔྱད་པ།[J]སྦྲང་ཆར།1981ལོ།འདོན་ཐེངས་གཉིས་པ། ཤོག་ངོས19

[7]དམུ་དགེ་བསམ་གཏན། དྭགས་པོ་མི་རིགས་སྐོར་གྱི་གནད་དོན་འགའ་ལ་དཔྱད་པ།[J]སྦྲང་ཆར།1981ལོ།འདོན་ཐེངས་གཉིས་པ། ཤོག་ངོས19

[8]阿旺措成.赞拉阿旺措成论文集[M].四川民族出版社,2004年,第201-229页。

[9]黄布凡.白马语支属问题研究[J].中国藏学.1995年,第2期,第43页。

[10]张济川.白马语和藏语[J]. 民族语文.1994年,第3期,第56页。

[11]魏琳.从语言词汇看白马藏族的农耕文化特征[J]. 广西民族师范学院学报.2012年,第1期,第70页。

[12]论白马藏语词汇的一般特点[J]. 凯里学院学报.2011年,第10期,第23页。

[13]白马族属研究文集[M].平武县白马人族属研究会,1978年,第10-16页。

[14]周银锡、冉光荣.白马藏人族属问题讨论集[M].四川省民族研究所,1980年,第4-14页。

[15]孙宏凯、齐卡佳、刘光坤.白马语研究[M].民族出版社,2007年,第30页。

[16]黄布凡.白马语支属问题研究[J].中国藏学.1995年,第2期,第43页。

[17]孙宏凯.试论中国境内藏缅语的谱系分类[J]. 云南民族语文.1990年,第2期,第80页。

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།