ཀྲུང་གོ་བོད་ཀྱི་དྲ་བ།

ས་པཎ་གྱི་ལེགས་བཤད་འཕྲུལ་གྱི་དྲ་བ་ལས་འཕྲོས་ཏེ་སྐད་ཆའི་ཐབས་རྩལ་སྐོར་གླེང་བ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : ལྷ་མོ་དོན་གྲུབ།   སྤེལ་དུས། : 2021-04-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

《ལེགས་བཤད་འཕྲུལ་གྱི་དྲ་བ》སློབ་ཁྲིད་ཐེངས་མང་བྱས་པ་དང་ཡང་ཡང་ལྟ་ཀློག་བྱས་པའི་གོ་རིམ་ཁྲོད་དུ། ལེགས་བཤད་དེ་ནི་མི་ཆོས་ཀྱི་གདམས་པ་རྩལ་དུ་བཏོན་པའི་བསྟན་བཅོས་ཤིག་རེད་སྙམ་པའི་ངེས་ཤེས་བྱུང་ལ། མི་བྱེད་ལུགས་དང་ལས་བསྒྲུབ་ལུགས་ཀྱི་གདམས་པ་མང་པོ་མཐོང་ཡང་རྩོམ་འདིར་ལེགས་བཤད་ཁྲོད་ཀྱི་སྐད་ཆ་འཆད་ཐབས་ཀྱི་ནང་དོན་རྣམས་གསེད་ནས་དེ་རྒྱ་བསྐྱེད་དེ་སྐད་ཆའི་ཐབས་རྩལ་སྐོར་ཅུང་ཙམ་གླེང་པ་ལ། སྐད་ཆ་མ་བཤད་གོང་གི་གྲ་སྒྲིག་དང་། སྐད་ཆ་འཆད་པའི་སྐབས་ཀྱི་ཐབས་ཤེས་ཞེས་ཕྱོགས་གཉིས་ནས་གླེང་བར་འདོད་དེ།

དང་པོ། སྐད་ཆ་མ་བཤད་གོང་གི་གྲ་སྒྲིག

བལྟས་ཚོད་དུ་སྐད་ཆ་བཤད་པ་ནི་བཤད་མཁས་མིན་དང་འབྲེལ་བའི་ངག་གི་སྤྱོད་ལམ་ཞིག་ལས་མིའི་རིགས་ཀྱི་བསམ་པའི་རྩོལ་བ་ལས་བྱུང་བའི་རྙོག་འཛིང་སྣ་མང་གི་གོང་བུ་ཞིག་མིན་པར་སྣང་ཡང་། 《ལེགས་བཤད་འཕྲུལ་གྱི་དྲ་བ》རུ། “མ་བསམ་པའི་ཞལ་ལྕེ་མ་བཏང”ཞེས་པ་དང“སྨྲ་ཚད་སོམས་ལ་སྨྲོས”ཞེས་པའི་ཚིག་གི་བབ་ལ་བརྟགས་ན་སྐད་ཆ་མ་བཤད་གོང་ལ་དེར་བསམ་བློ་ཡག་པོ་གཏོང་དགོས་པ་ཤུགས་ཀྱིས་རྟོགས་འོངས། དེ་བས་ན་ཐོག་མར་གྲ་སྒྲིག་མ་བྱས་གོང་དུ“སྐད་ཆ་བཤད་པ་ནི་མི་དང་མིའི་འབྲེལ་འདྲིས་ཁྲོད་མེད་དུ་མི་རུང་བའི་ལག་ཆ་མི་དམན་པ་ཞིག་ཡིན”པར་ངེས་ཤེས་བརྟན་པོ་འདྲོངས་དགོས་ཏེ། དེ་ཡང《ལེགས་བཤད་འཕྲུལ་གྱི་དྲ་བ》རུ། ཅི་བསམ་འགྲུབ་པའི་སྔོན་འགྲོའི་ཆ་རྐྱེན་ལྔ་བརྗོད་ཡོད་དེ། འཕྲལ་གྱི་ཚོད་ཤེས་པ། ཕུགས་ཀྱི་འདུན་མར་དམིགས་པ། ལག་ལེན་དུ་བསྟར་པ། རང་ཉིད་ཀྱི་འཇོན་ཐང་ལ་བསྟུན་པ་དང་བརྩོན་འགྲུས་ལྷོད་མེད་བྱེད་པ་བཅས་ཡིན་ལ། ཞིབ་ཏུ་བཀྲོལ་ན་འདི་ལྟ་སྟེ།

གཅིག འཕྲལ་གྱི་ཚོད་རྟོགས་པ། “འཕྲལ་གྱི་ཚོད”ཅེས་པ་ནི“རང་གཞན་ཆོས་གསུམ་གྱི་ཚོད་དམ་ཚུལ”ལ་གོ་ཆོག་ལ། རང་གཞན་གྱི་ཚུལ་རྟོགས་སྟངས་ཀྱང་ཐོག་མར་རང་གཞན་གྱི་གཤིས་ཀ་ལ་རྒྱུས་མངའ་ཡོད་དགོས་ཏེ།《ལེགས་བཤད་འཕྲུལ་གྱི་དྲ་བ》རུ། “འཕྲལ་ཚོད་ལེན་ཅིང་བྱེད་པ་ཕོ་རྒོད་ཀྱི་མཐར་ཐུག་ཡིན། འཕྲལ་བཅོས་མ་ཐག་འཛུམ་དམུ་ལེ་བྱེད་པ་འདི་གྲུང་པའི་མཐར་ཐུག་ཡིན། འགྲས་པའི་མི་ལ་སྙིང་མི་ན་བའི་མི་སུ་ཡང་མེད། ཡིན་མིན་ཐམས་ཅད་ལ་འཐད་མི་འཐད་སུ་ལ་ཡང་འོང་སྟེ་གཟུ་ཁོག་ལ་ལེན་པ་འདི་ཟབ་པའི་མཐར་ཐུག་ཡིན། སེམས་ལ་མནོ་མི་མནོ་འཆར་ཏེ། མནོ་ཚད་ཁར་མི་འདོན་པ་འདི་མཁས་པའི་མཐར་ཐུག་ཡིན།རང་རྒྱལ་བ་ལ་མི་དགའ་བ་སུ་ཡང་མེད་དེ་ངག་འཇམ་ངང་བློ་ཁོག་ནས་བྱེད་པ་འདི་སྤྱང་པའི་མཐར་ཐུག་ཡིན”ཞེས་པས་ཕོ་རྒོད་དང་གྲུང་པོ། ཟབ་པོ། མཁས་པ་དང་སྤྱང་པོ་ལ་ཁྱད་ཆོས་གང་དག་ལྡན་ཚུལ་སྟོན་པ་དང་དེའི་ཟུར་ནས་རང་དང་གཞན་ལ་ཁྱད་ཆོས་གང་དག་ཚང་མིན་བརྟག་འོས་པ་དང་། དེ་བཞིན་དུ“ཟབ་མི་ཟབ་ཁ་མང་ཉུང་ལ་བྱེད་པ་ཡིན། དོན་མེད་མ་སྨྲ། སྤྱང་གླེན་ཕ་རོལ་གྱི་དགོངས་པ་ལོན་མ་ལོན་ལ་བྱེད་པ་ཡིན། ཡུན་རིང་དུ་སོམས། སེམས་གྲུང་རང་མགོ་ཐོན་མི་ཐོན་ལ་བྱེད་པ་ཡིན། རང་མགོ་ཐོན་པར་གྱིས”ཞེས་པས་ཀྱང་རང་དང་གཞན་གཉིས་ཀ་ཤེས་པར་བྱེད་པའི་སྐྱེས་ཤིག་བསྩལ་ཡོད་ལ། “མི་སྤྱང་པོ་དང་མགོ་སྟོང་ལ་ནོར་ས་ཡོད། དྲང་པོ་དང་གླེན་པ་ལ་ནོར་ས་ཡོད། ཚོད་ཅན་དང་ནོག་པོ་ནོར་ས་ཡོད། བརྫུ་བག་དང་མ་ཤེས་པ་ནོར་ས་ཡོད། མི་རབ་ཁོང་ཡངས་དང་བརྫུ་ཁོང་ནས་ཟབ་ཚོལ་བ་ནོར་ས་ཡོད། ཕོ་འབྲིང་གླེན་པ་དང་འཇམ་ཁོང་ནས་ཟབ་ཚོལ་བ་ནོར་ས་ཡོད། ཕོ་མཐའ་མགོ་སྟོང་དང་ཁོང་ནས་ཟབ་ཚོལ་བ་ནོར་བ་ཡང་མཐོང་ངོ”ཞེས་པས་ཟབ་པོ་དང་ནོག་པོ་ལ་རྟོག་དཔྱོད་ཞིབ་མོ་མ་བྱས་ན་ཁྱད་ཆོས་འདྲ་པོ་ཡོད་པས་གཟབ་དགོས་ཚུལ་སོགས་སྐད་ཆ་ཤོད་པའི་དངོས་གཞི་ལ་མ་གཞུག་གོང་དུ་རང་གཞན་གྱི་ཚུལ་རྟོགས་པ་ནི་མེད་དུ་མི་རུང་ཚུལ་བསྟན་ཡོད།

གཉིས། བཟང་ལ་རན་པར་སྨྲ་བའི་ཐད་དུ། 《ལེགས་བཤད་འཕྲུལ་གྱི་དྲ་བ》རུ། “བཟང་ལ་ངོ་བསྟོད་མ་ཆེ། ད་གཟོད་ཅི་འགྱུར་མི་ཤེས”ཞེས་པ་དང་། “བཟང་པོ་ལ་བཀུར་ཆ་མ་ཆེ། བཟང་སྐད་ཐོན་པ་འདི་དཀའ”ཞེས་པས་བཟང་པོ་ལ་ངོ་བསྟོད་ཐལ་མི་དྲགས་པར་རན་པར་བརྗོད་པ་བསྟན་པ་དང་།“བཟང་པོ་ཁ་ཆེ་མ་འདོན། ཀུན་ལ་རྒྱུས་ཡོད”ཅེས་པས་རང་བསྟོད་བྱ་མི་རིགས་པར་གདམས་ལ། “བཟང་པོ་གཞན་ན་མི་གཤེ་བ་ཅིག་དགོས”ཞེས་པས་རང་ཉིད་བསྟོད་པའི་ཞོར་ལ་མི་གཞན་ལ་དམའ་ཕབ་མི་རིགས་ཚུལ་སོགས་བསྟན་ཡོད་དོ། །

གསུམ། ངན་པ་ལྕེ་རྩར་འཛིན་པའི་ཐད་དུ། 《ལེགས་བཤད་འཕྲུལ་གྱི་དྲ་བ》རུ། “ཕན་བཏགས་པ་ལ་དྲིན་མ་འདྲེན། བྱས་པ་ཡལ་ནས་འགྲོ་བ་ཡིན”ཞེས་ཡུས་བཤད་པའི་གཏམ་དང་། “གཏམ་སྙིང་ལ་རྣོ་བ་དེ་ལྕེ་རྩར་བཟུང”ཞེས་གཞན་ལ་གནོད་པའི་གཏམ་དེ་མགུལ་བར་བསྐྱིལ་དགོས་ཚུལ་བསྟན་ལ། “མཚང་ནས་འདྲུ་མ་བསླབས”ཞེས་པས་གཞན་མཚང་འདྲི་མི་རིགས་པར་བསྟན་པ་དང་། “མི་བདེན་པ་ལ་ཤགས་མ་འདེབས”ཞེས་གནས་ལུགས་མེད་པའི་དོན་ལ་ཁ་རྩོད་མ་རྒྱག་ཅེས་སོགས་མདོར་ན་ངན་བཤད་དང་ཧམ་རྩོད་ཀྱི་རིགས་སུ་གྱུར་པ་རྣམས་གྲེ་བར་བསྐྱིལ་དགོས་ཚུལ་བསྟན་ཡོད།

བཞི། བར་མ་ལྷུག་པར་བརྗོད་པའི་ཐད་དུ། 《ལེགས་བཤད་འཕྲུལ་གྱི་དྲ་བ》རུ། “མ་བཤད་ན་ཕས་ཀྱང་མི་གོ་བས་ལྷུག་པོར་ཤོད”ཅེས་གཏམ་བར་མའི་རིགས་ལྷུག་པོར་བརྗོད་དགོས་ཚུལ་བསྟན་མོད། སྙིང་གཏམ་དང་མ་གྲུབ་པའི་གཏམ་གྱི་རིགས་གྲེ་བར་བསྐྱིལ་དགོས་ཚུལ་ཡང་བསྟན་ཏེ། “སྙིང་གཏམ་ཟབ་མོ་གྲོགས་ལ་མ་བཤད”དང“ཐམས་ཅད་ལ་སྙིང་གཏམ་མ་བཤད།”“གྲོས་མ་གྲུབ་པར་མ་བཤད”ཅེས་པ་སོགས་ཀྱིས་མཚོན་ནོ། །

ལྔ། གྲོས་དོན་བསྟུན་ནས་བརྗོད་པའི་ཐད་དུ། 《ལེགས་བཤད་འཕྲུལ་གྱི་དྲ་བ》རུ།“མ་ཉན་པ་ལ་གྲོས་མ་འདེབས”ཞེས་པ་དང་། “གྲོས་ལ་མི་དབང་བའི་མི་གྲོས་སར་མ་འབོད། གྲོས་སྟབས་ལ་མི་ཕེབས་པ་ཡིན། གྲོས་ལ་མི་དགའ་བའི་མི་མ་བཀུག །གྲོས་ཀྱི་དཀྲུགས་ཤིང་བྱེད་པ་ཡིན”ཞེས་པས་གྲོས་དང་མི་བསྟུན་པ་རྣམས་ལ་གྲོས་འདེབས་མི་རིགས་ཚུལ་བསྟན་ལ། “གྲོས་ལ་གཡང་ཡོད་པས་བསྟུན”ཞེས་པས་གྲོས་ལ་བསྟུན་དགོས་ཚུལ་རྒྱུ་མཚན་དང་བཅས་ཏེ་སྟོན་པ་དང་། “གྲོས་ལེགས་དུས་སུ་ཚོད་ཟིན་དགོས་པ་ཡིན”ཞེས་པས་གྲོས་ལེགས་དུས་སུ་ཚོད་དང་བསྟུན་དགོས་པར་བསྟན་ལ། “ཚོད་མེད་པོ་ལ་གྲོས་མ་དྲིས”ཞེས་པ་དང་། “མང་པོའི་ནང་དུ་གྲོས་མ་གླེངས། ཀུན་གྱིས་ཚོར་བ་ཡིན། གྲོས་མ་གྲུབ་པ་མ་བཤད། ཡལ་ནས་འགྲོ་བ་ཡིན”ཞེས་པས་གྲོས་ལ་བསྟུན་དགོས་པ་ཁོ་ནས་མི་ཆོག་པར་བསྟུན་ཐབས་ཤེས་ཚུལ་བརྗོད་པ་སོགས་མདོར་ན་ཐམས་ཅད་གྲོས་དང་བསྟུན་ན་ལེགས་ཚུལ་བརྗོད་ཡོད་དོ། །

གཉིས་པ། སྐད་ཆ་འཆད་པའི་སྐབས་ཀྱི་ཐབས་ཤེས།

སྐད་ཆ་འཆད་པའི་གནས་སྐབས་སུ“ཕྱི་མ་སྔ་མའི་སྒྲུབ་བྱེད་དུ་འགྲོ་བ”གཞིར་བྱས་ནས། བཤད་ན་འདོམ་བདེ་ཞིང་ཉན་ན་གཟུང་བདེ་ཚེ་གང་བརྗོད་པར་འདོད་པའི་དོན་དེ་བདག་པོ་ཉན་པ་པོ་ལ་འཕྲོད་པ་ཡིན། དེ་བཞིན་དུ་ལེགས་བཤད་དངོས་གཞི་རུ་རན་ལ་མཛེས་པ། འཛུམ་བཅས་ཕོག་པ། དྲང་ཞིང་ལྷུག་པ་དང་གྲོས་དང་བསྟུན་ནས་སྨྲ་བ་སོགས་སྐད་ཆ་འཆད་པའི་ཐབས་དྲུག་ཙམ་བརྗོད་ཡོད་དེ།

གཅིག མི་སྨྲ་བའི་བརྟུལ་ཞུགས་འཛིན་པ། དེ་ཡང་སོ་སོ་སྐྱེ་བོ་ཞིག་གི་ངོས་ནས་བརྗོད་ན་བདག་ཉིད་སྒྲོག་འདོད་ཀྱི་བསམ་བློ་ཞིག་གྱི་ནར་ཡོད་པས། སྐད་ཆ་བཤད་པའི་སྐབས་སུ་ཕྱོགས་གཅིག་གིས་རང་འདོད་བསྐྱུང་ཐུབ་ན་ཕ་རོལ་པོ་དང་སྐད་ཆ་བཤད་བདེ་སྟེ། དེ་ཡང《ལེགས་བཤད་འཕྲུལ་གྱི་དྲ་བ》རུ།“མ་བསམ་པའི་ཞལ་ལྕེ་མ་བཏང་། གང་གི་ཐོག་ཏུ་ཅི་བབས་མི་ཤེས”ཞེས་མ་བསམ་པའི་གཏམ་མི་སྨྲ་བ་དང་། “གཏམ་སྙིང་ལ་རྣོ་བ་དེ་ལྕེ་རྩར་ཟུང”ཞེས་གཞན་སེམས་ལ་ཟུག་པའི་གཏམ་མི་སྨྲ་བ་དང་། “ཁ་འཐབ་རྒྱལ་ཡང་དགྲ་མི་ཐུབ་པས། བརྣག་པ་དེ་ཞེ་ལ་འཆང་། ངོ་བསྟོད་ཀྱིས་གཉེན་མི་བསྐྱངས་པས། བྱམས་པ་དེ་སེམས་ལ་ཞོགས”ཞེས་ཁ་འཐབ་དང་ངོ་བསྟོད་ཀྱི་ཚིག་མི་སྨྲ་བ་དང་། “བློ་ཁོག་ཆུང་ལ་སྣ་ཐུང་བའི་མི་ལ་ཀུ་རེ་མ་བྱེད”ཅེས་ཕ་རོལ་པོ་ལ་ལྟོས་ནས་ཀུ་རེ་མི་ཐེག་པའི་མི་ལ་ཀུ་རེ་མི་བྱེད་པ་སོགས་ཧ་གོ་བར་བྱས་ནས་མི་སྨྲ་བའི་བརྟུལ་ཞུགས་འཛིན་པ་ནི་མན་ངག་ཁོ་ནར་ཟད་དོ། །

གཉིས། ཉུང་ཞིང་བསྡུས་ཏེ་སྨྲ་བ། ཚང་ཞིང་མདོར་བསྡུས་པ་རང་གིས་འཆད་བདེ་ཞིང་གཞན་གྱིས་གཟུང་བདེ་བའི་རྒྱུ་ཡིན་པ་ནི《ལེགས་བཤད་འཕྲུལ་གྱི་དྲ་བ》རུ། “ཁ་མང་ན་དགྲ་ལྡང་བས་སྨྲ་བ་སྐུང”ཞེས་སྨྲ་མང་དགྲ་ཡི་གཡབ་མོ་ཡིན་ཚུལ་བརྗོད་པ་དང་།“མང་པོ་མ་སྨྲ། སྨྲ་ཚོད་སོམས་ལ་སྨྲོས”ཞེས་པས་སྐད་ཆ་ལ་བསམ་བློ་བཏང་ནས་བཤད་པ་ལས་གང་དྲན་དྲན་སྨྲ་མི་རུང་བ་བཤད་པ་དང་། “ཁ་མང་ན་གྲོས་ཁྱུར་མི་ཚུད་པ་ཡིན། ཁ་མ་མང”ཞེས་པས་ཁ་མང་ན་གྲོས་ལ་མི་གཞུག་པ་དང་། “ཁ་ཉུང་ལ་ལག་གཙང་བར་གྱིས”ཞེས་པ་དང“སྨྲ་བ་ཉུང་བ་ལྐུགས་མ་ཤོར་བ”ཞེས་པས་མ་ལྐུགས་ཙམ་དུ་སྐད་ཆ་ཉུང་བཤད་བྱེད་དགོས་པ་སོགས་བསྟན་ཡོད།

གསུམ། རན་ལ་མཛེས་པར་འཆད་པ། ལེགས་བཤད་དུ། “རན་ལ་མཛེས་པ་ཤོད་ཨང”ཞེས་མངོན་པར་བརྗོད་ཡོད་པ་དང་། “བཟང་ལ་ངོ་བསྟོད་མ་ཆེ། ད་གཟོད་ཅི་འགྱུར་མི་ཤེས། མ་གྲུབ་པར་ཁ་པོ་མ་འདོན།ཕྱིས་ཅི་འགྱུར་མི་ཤེས”ཞེས་གང་བཤད་ཀྱང་ཐལ་མི་དྲགས་པར་རན་པར་བསྟེན་དགོས་ཚུལ་བརྗོད་པ་དང་། “ངན་ཁོང་ན་ཡོད་ཀྱང་ཁ་རུ་འཇམ་སྐད་ཐོན། མི་ལ་མཛེས་པ་ཡིན”ཞེས་པས་ཁོག་ལ་དྲན་ཚུལ་ཇི་ལྟར་ཡིན་ཀྱང་ཁ་ནས་འཇམ་ཞིང་མཛེས་པར་སྨྲ་དགོས་ཚུལ་གདམས་ཡོད། “འབར་འཐབ་དྲག་པོ་བྲན་ལ་ཡང་མ་བྱེད། འཁོར་མཁན་མི་ཡོང་བ་ཡིན”ཞེས་པས་སྡིགས་དམོད་བྱེད་པ་སོགས་མི་རུང་བར་བརྗོད་དོ། །

བཞི། འཛུམ་བཅས་ཕོག་པར་སྨྲ་བ། ལེགས་བཤད་འཕྲུལ་གྱི་དྲ་བ་རུ།“གཏམ་མགོ་འཛུམ་གྱིས་བསུས། གཏམ་གཞུག་འཛུམ་ལ་ཞོགས”ཞེས་པས་འཛུམ་མདངས་དང་བཅས་བརྗོད་དོན་ཕོག་པར་སྨྲ་དགོས་ཚུལ་གདམས་ཡོད།

ལྔ། དྲང་ཞིང་ལྷུག་པོར་སྨྲ་བ། ལེགས་བཤད་འཕྲུལ་གྱི་དྲ་བ་རུ། “མ་བཤད་ན་ཕས་ཀྱང་མི་གོ་བས་ལྷུག་པར་ཤོད”ཅེས་པ་དང་། གཙོ་བོའི་ཡོན་ཏན་དྲུག་ལས་གསུམ་པར“གཏམ་དྲང་བ་དང་གསུམ”ཞེས་པ་དང་། “རྫུན་དང་གཡོ་སྒྱུ་སྤོངས་དང་གར་ཡང་འགྲིམས་པ་ཡིན”ཞེས་པ་སོགས་ཀྱིས་སྐད་ཆ་དྲང་པོར་བརྗོད་དགོས་ཚུལ་བསྟན་ཡོད།

དྲུག གྲོས་དོན་བསྟུན་ནས་སྨྲ་བ། ལེགས་བཤད་འཕྲུལ་གྱི་དྲ་བ་རུ། “གྲོས་མགོ་ལ་ལོང་། གྲོས་རྒྱུ་བག་བགབ་ལ་ཚོལ། དགོས་དོན་སྡུས་ལ་ཕོག་པར་སྨྲོས། གྲོས་གཞུག་ནན་ལ་སྡུས་ཨང”ཞེས་ཐོག་མར་གྲོས་གཞི་འདོན་ཅིང་། དེ་ནས་གྲོས་རྒྱུ་རིམ་གྱིས་འཚོལ་ལ། དགོས་དོན་རྣམས་དམིགས་སུ་བཏོན་ནས་ཕོག་པར་སྨྲ་བར་མ་ཟད། གྲོས་གཞུག་ལ་གལ་པོ་ཆེ་ལ་ནན་ཏན་གྱི་ཚུལ་དུ་བསྡུས་ནས་སྨྲ་དགོས་ཚུལ་བསྟན་ཡོད།

མཇུག་བསྡུ་བ།

རྩོམ་འདིར《ལེགས་བཤད་འཕྲུལ་གྱི་དྲ་བ》རུ་བསྟན་པའི་སྐད་ཆ་འཆད་ཐབས་ཀྱི་མན་ངག་དག་གུང་བསྒྲིགས་ཤིང་དེ་ལས་འཕྲོས་ཏེ་སྐད་ཆ་མ་བཤད་གོང་དུ་རང་གཞན་ཆོས་གསུམ་གྱི་ཚུལ་རྟོགས་པའི་རྨང་གཞིའི་སྟེང་། བཟང་ལ་རན་པ། ངན་པ་གྲེ་བར་བསྐྱིལ་བ། བར་མ་ལྷུག་པར་བརྗོད་པ། གྲོས་དོན་བསྟུན་ནས་སྨྲ་བ་སོགས་ངེས་པར་བྱེད་ཚུལ་དང་། འཆད་པའི་སྐབས་སུ་ཉུང་ཞིང་བསྡུས་པ། རན་ལ་མཛེས་པ། འཛུམ་བཅས་ཕོག་པ། དྲང་ཞིང་ལྷུག་པ་དང་གྲོས་དང་བསྟུན་ནས་སྨྲ་བ་བཅས་སྐབས་བསྟུན་གྱིས་སྨྲ་བ་སོགས་ཀྱི་ཕྱོགས་ནས་སྐད་ཆ་འཆད་པའི་སྒྱུ་རྩལ་ལ་འཇུག་ཁུལ་བགྱིས་ཤིང་ལེགས་བཤད་འདིའི་རྩོམ་པ་པོའི་ཚིག་བརླིང་ཞིང་ཚགས་དམ་པས་དེ་དོན་ཚང་བར་རྟོགས་པར《གཉེན་ལྟག་གཉའ་སྟོང་གཟིགས་ཀྱིས་བསྟན་པའི་རིན་ཆེན་ཟུང་དྲུག》དང་། 《སྐྱེས་བུའི་རྣམ་འབྱེད་བཤད་པ་གཞོན་ནུའི་མགུལ་རྒྱན》ཞེས་པའི་ལེགས་བཤད་གཉིས་མཇལ་ན་ཆད་པ་ཁ་སྐོང་དང་ཆེད་སྤྱོད་ཐ་སྙད་གསལ་བར་འགྲོ་བའི་ཕན་ནུས་ལྡན་པས་དེ་གཉིས་གར་ཡང་ཞིབ་ཏུ་འཇུག་ཁུལ་བགྱིས་མོད་བློ་གྲོས་ཀྱི་གཤོག་རྩལ་ཞན་པ་སོགས་རྒྱུ་རྐྱེན་དུ་མའི་དབང་གིས་མ་བཤད་དང་ལོག་བཤད། མ་འདང་བའི་ཆ་ངེས་པར་ཡོད་སྲིད་པས་དཔྱོད་ལྡན་དག་གིས་དགོངས་འཆར་ལྷུག་པོར་སྩོལ་བའི་རེ་བ་སྙིང་ནས་ཞུ་བ་ཡིན། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།