ཀྲུང་གོ་བོད་ཀྱི་དྲ་བ།

དོན་གྲུབ་རྒྱལ་གྱི་བརྩམས་སྒྲུང་གི་བརྗོད་བྱའི་གཞི་རྐང་སྒྲིག་ལུགས་ལ་ཐོག་མར་དཔྱད་པ།

ཡོང་ཁུངས། : 《ཁྲི་ཤོར་རྒྱལ་མོ》2019ལོའི་འདོན་ཐེངས2པ་སྤྱིའི་དེབ་གྲངས26པ།   རྩོམ་པ་པོ། : འཇམ་དབྱངས་ཚེ་རིང་།   སྤེལ་དུས། : 2021-02-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

[ནང་དོན་གནད་བསྡུས།] བོད་ཀྱི་དེང་རབས་རྩོམ་པ་པོ་གྲགས་ཅན་དོན་གྲུབ་རྒྱལ་གྱི་སྒྲུང་གཏམ་ལས། བརྗོད་བྱའི་གཞི་རྐང་སྒྲིག་ལུགས་ཀྱི་མི་སྣ་གཙོ་ཕལ་དང་དྲང་ཕྱོགས་དང་ལྡོག་ཕྱོགས་ཀྱི་མི་སྣ་དེ་མིན་མི་སྣའི་འབྲེལ་བ་བཅས་ལ་དཔྱད་པ་རགས་ཙམ་བཏང་ཡོད།

[བརྡ་ཆད་གཙོ་བོ།]  དོན་གྲུབ་རྒྱལ།  སྒྲུང་གཏམ། གཞི་རྐང་སྒྲིག་ལུགས།

གླེང་གཞི།        

“རྩོམ་རིག་ནི་སྒྱུ་རྩལ་གྱི་གཟུགས་བརྙན་བརྒྱུུད་ནས་དངོས་ཡོད་འཚོ་བ་མཚོན་པར་བྱེད་པ་ཞིག་ཡིན་ཞིང་། སྒྱུ་རྩལ་གྱི་གཟུགས་བརྙན་ནི་རྩོམ་རིག་གི་ནང་དུ་བྲིས་པའི་མངོན་སུམ་གསོན་རྗེན་གྱི་འཚོ་བའི་ངོ་རིས་དེ་ཡིན།” [②]ཞེས་གསུངས་པ་བཞིན་སྒྲུང་གཏམ་ཡང་རྩོམ་པ་པོས་སྒྱུ་རྩལ་གྱི་ཐབས་ཤེས་ངེས་ཅན་ཞིག་བེད་སྤྱད་ནས་མི་སྣའི་སྣང་བརྙན་གསར་བཞེངས་བྱེད་པ་དང་། བྱུང་རིམ་ཀྱག་ཀྱོག་ཆེ་ཞིང་འགལ་འབྲེལ་དང་དོན་གྱི་འཕེལ་འགྲིབ་གསལ་བ། རྒྱ་ཆེ་ཞིང་གཏིང་ཟབ་པའི་སྒོ་ནས་སྐབས་དེའི་སྤྱི་ཚོགས་ཀྱི་འཚོ་བའི་ངོ་རིས་གསལ་བོར་མཚོན་ཤིང་རྩ་བའི་གྲུབ་ཆ་གསུམ་ཚང་བའི་དོན་གྱི་བྱུང་བ་གཙོ་བོར་སྟོན་པའི་རྩོམ་གྱི་རྣམ་པ་ཞིག་ཡིན་ལ། འདིར་བོད་ཀྱི་དེང་རབས་ཀྱི་རྩོམ་རིག་གི་གར་སྟེགས་སུ་འོད་ཏུ་འཚེར་བའི་ རྩོམ་རིག་ལས་རང་མོས་སྙན་ངག་གི་ཤིང་རྟའི་སྲོལ་འབྱེད་མཁན་རྩོམ་པ་པོ་གྲགས་ཅན་དཔལ་དོན་གྲུབ་རྒྱལ(1953—1985)གྱི་བརྩམས་སྒྲུང་གི་བརྗོད་བྱའི་གཞི་རྐང་སྒྲིག་ལུགས་ལས་མི་སྣ་གཙོ་ཕལ་དང་དྲང་ལྡོག་ཕྱོགས་གཉིས་ཀྱི་མི་སྣ་དང་། མི་སྣའི་འབྲེལ་བ་བཅས་ལ་རང་ནུས་ཅི་ཐུབ་ཀྱི་དཔྱད་བརྗོད་སྤེལ་བར་བྱ་བ་ལ།

དང་པོ། བརྩམས་སྒྲུང་གི་མི་སྣའི་གལ་ཆེན་རང་བཞིན་བཤད་པ།

བརྩམས་སྒྲུང་གི་ནང་དུ་ཐད་ཀར་ཁ་བྱང་ལ་མི་སྣ་བྲིས་ནས་བརྗོད་སྙིང་སྟོན་པའི་རིགས་ཡོད་ལ། བརྩམས་སྒྲུང་ལས་མི་སྣ་གཙོ་ཕལ་དང་དྲང་ལྡོག་ཕྱོགས་བཞི་ནས་ད་གཟོད་བརྩམས་སྒྲུང་གི་མི་སྣའི་གལ་ཆེན་རང་བཞིན་གསལ་བོར་མངོན་བཞིན་ཡོད། “རྩོམ་རིག་སྒྱུ་རྩལ་བརྩམས་ཆོས་ནང་གི་མི་སྣ་དང་ཁོར་ཡུག་བར་གྱི་འབྲེལ་བ་དེ་ཅི་ལྟ་བུ་ཞིག་ཡིན་ཞེ་ན་དེ་ནི་ཐོག་མར་མི་སྣ་དང་ཁོར་ཡུག་ནི་ཕན་ཚུན་འབྲེལ་བ་དམ་ཟབ་ཡོད་ཅིང་ཕན་ཚུན་གཏན་ནས་བྲལ་ཐབས་མེད་པ་ཞིག་ཡིན།”[③] ཞེས་པ་བཞིན་མི་སྣ་འགུལ་སྐྱོད་བྱེད་སའི་ཁོ་ར་ཁོར་ཡུག་གིས་མི་སྣའི་སྣང་བརྙན་དང་མི་སྣའི་སྐད་ཆ་མི་སྣའི་བྱ་སྤྱོད་མི་སྣའི་སེམས་ཁམས་སོགས་ལ་མཚོན་པར་བྱེད་ཐུབ་པ་དང་། དེ་ལ་བརྟེན་ནས་སྤྱི་ཚོགས་ཀྱི་འཚོ་བ་དངོས་མཚོན་པ་ཡིན་པས“རྩོམ་རིག་ནི་སྤྱི་ཚོགས་ཀྱི་འཚོ་བ་མཚོན་པ་ཞིག་ཡིན་ལ་ཡང་སྤྱི་ཚོགས་ཀྱི་འབྲེལ་བ་ཧྲིལ་པོའི་སྤྱི་བསྡོམས་ནི་མི་སྣ་ཡིན་རྐྱེན་སྤྱི་ཚོགས་ཀྱི་འཚོ་བ་མཚོན་སྐབས་མི་སྣ་འབྲི་རྒྱུ་དང་ཁ་བྲལ་ཐབས་མེད་པ་ཞིག་ཡིན། ”[④]ཞེས་དང“བརྩམས་སྒྲུང་ནང་གི་མི་སྣ་ནི་ལོ་རྒྱུས་ཀྱི་ཁོར་ཡུག་དང་རང་བྱུང་གི་ཁོར་ཡུག་ངེས་ཅན་ཞིག་གི་ནང་དུ་འཚོ་གནས་དང་འགུལ་སྤྱོད་བྱེད་དགོས་ལ། བརྩམས་སྒྲུང་གི་བྱུང་རིམ་ཡང་སྤྱི་ཚོགས་ཀྱི་ཁོར་ཡུག་དང་ཁ་བྲལ་ཐབས་མེད་ལ། ”[⑤]ཞེས་བརྩམས་སྒྲུང་གི་མི་སྣ་ཞིབ་འབྲི་བརྒྱུད་སྐབས་དེའི་སྤྱི་ཚོགས་ཀྱི་ཁོར་ཡུག་དང་རང་བྱུང་གི་ཁོར་ཡུག་གཉིས་མཚོན་པར་བྱེད་པའི་དོན་གྱི་བྱུང་བ་བརྗོད་པའི་རྩོ་ཡིག་ཅིག་ཡིན་པས། མི་སྣ་དང་ཁོར་ཡུག་གཉིས་ཕན་ཚུན་ཟུང་འབྲེལ་གྱི་སྒོ་ནས་སྤྱི་ཚོགས་འཚོ་བ་མཚོན་པས་མི་སྣ་ནི་བརྩམས་སྒྲུང་གི་བརྗོད་སྙིང་མཚོན་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ནོ།

གཉིས་པ། དོན་གྲུབ་རྒྱལ་གྱི་བརྩམས་སྒྲུང་ལས་མི་སྣ་གཙོ་ཕལ་གཏན་ལ་ཕབ་ཚུལ་བཤད་པ།

སྤྱིར་བརྩམས་སྒྲུང་གི་མི་སྣ་གཙོ་ཕལ་དང་དྲང་ལྡོག་ཕྱོགས་བཞི་ཡི་མི་སྣ་དེ་བརྩམས་སྒྲུང་གི་ནང་གི་མི་སྣའི་ཕྱིའི་རྣམ་པ་ཞིབ་འབྲི་དང་མི་སྣའི་སྐད་ཆ་ མི་སྣའི་སེམས་ཁམས་མི་སྣའི་སྤྱོད་པ་སོགས་ནང་དོན་གྱི་ཆ་ནས་མངོན་པ་སྟེ། གཅིག མི་སྣའི་རྣམ་པ་ཞིབ་འབྲི། 《དཔལ་དོན་གྲུབ་རྒྱལ་གྱི་གསུང་འབུམ་པོད་གཉིས་པ། བརྩམས་སྒྲུང་ཕྱོགས་བསྒྲིགས།》ལས་ཁྱོན་བསྡོམས་སྒྲུང་གཏམ་བཅོ་ལྔ་བྲིས་ཡོད་ལ། སྒྲུང་ཐུང《རྒྱུ་འབྲས་མེད་པའི་མནའ་མ》ཞེས་པའི་ནང་དུ་མི་སྣ་ཕལ་བ་བཟོད་པ་ལ་མཚོན་ན་བཅིངས་གྲོལ་བྱས་རྗེས་མར་ལོག་བྱས་ལ། རྗེས་སུ་འཐབ་རྩོད་སྐབས་སུ་མ་ཉེས་ཁ་གཡོག་ཐེབས་པས་གཅར་རྡུང་སྐོར་གསུམ་གྱིས་རྐང་པ་འཐང་པོར་བཏང་བ་དང་།ཁོང་གི་ཕྱིའི་རྣམ་པ་འབྲི་སྐབས“ཨ་ཙི། ཕ་གིའི་ལམ་ཕྲན་གྱི་གདོང་ཀ་ན་གྲིབ་མ་ཞིག་ནག་ཡོར་ཡོར་བྱེད་པ་དེ་ཅི་ཞིག་ཡིན་ནམ། དོམ་ཞིག་ཡིན་ནམ་ཡང་ན་དྲེད་མོ་ཞིག་ཡིན། ནགས་ཀློང་སྟུག་པོའི་དོ་ར་འདིར་གཅན་གཟན་མང་བོ་ཡོད་ངེས་རེད། འོན་ཀྱང་། གྲིབ་གཟུགས་དེ་གཡོ་འགུལ་བྱེད་ཚུལ་ལ་དཔྱད་ན་དུད་འགྲོ་ཞིག་མ་ཡིན་པར་གོག་འགྲོ་ཞིག་རེད། ཡིན་རྒྱུ་ནི་ལང་ཚོ་ཡོལ་བའི་བགྲེས་པོ་རྐང་འཐེང་ཞིག་རེད། ཁོའི་མགོ་ལ་ཞྭ་མོ་རྣ་བཞི་རྙིང་ཧྲུལ་ཚིལ་སྟུག་ལ་སོང་བ་ཞིག་གྱོན་ཡོད་པ་དང་། བསྙེར་མ་ཤ་ཤུར་བབས་པའི་མགྲིན་པའི་རྒྱན་དུ་ཙན་དན་དམར་པོའི་ཕྲེང་བ་ཞིག་གོན་ཡོད་ལ། རྒྱབ་ཏུ་ཁྲེས་པོ་གྲུ་བཞི་སྣ་རིང་ཞིག་འཕྲེད་ཀྱིས་ཁུར་བ་ལ་བལྟས་ན་རི་ཁྲོད་འགྲིམས་པའི་རྣལ་འབྱོར་པ་ཞིག་དང་འདྲ་མོད། འོན་ཀྱང་། ཁོས་དབུགས་ཧལ་ཧལ་གྱི་ངང་ནས་སྡུག་བསྔལ་གྱི་བསྙེར་མས་ཁེངས་པའི་དཔྲལ་བའི་རྔུལ་ཆུ་འཕྱིན་བཞིན་པར། “འཇིག་རྟེན་འཁོར་བའི་ནང་ན་སྐྱིད་ཟེར་བ་ཏིལ་འབྲུ་ཙམ་ཡང་མི་འདུག”ཅེས་བཟླས་བརྗོད་བྱེད་པ་ལ་བལྟས་ན། ཁོ་རང་ཡང་འཇིག་རྟེན་གྱི་ཁྱིམ་པ་ཞིག་ཡིན་པ་རྟོགས་ཐུབ། རྒན་པོ་ཁོ་རང་རྐང་བ་འཐེང་བོ་ཞིག་ཡིན་སྟབས་གོམས་པའི་འདེགས་འཇོག་དོ་མི་མཉམ་པ་ལ། ཕྲག་མགོ་གཡས་གཡོན་གཉིས་ལའང་མཐོ་དམན་ཡོད་པ་མ་ཟད། གུག་ཅིང་འཁྱོག་པའི་ལྕང་དཀར་གྱི་བེར་ག་ཞིག་ལག་རྟེན་དུ་བྱས་ཏེ་འགྲོ་ཚུལ་ལ་བལྟས་ན་རྐང་བ་རྨས་པའི་རི་དྭགས་གླ་བ་ཞིག་ནགས་གསེབ་ཏུ་མཆོང་ལྡིང་བྱེད་པ་དང་ཨ་ན་མ་ན་རེད།” ཞེས་མི་སྣ་ཕལ་བ་ལོ་ན་བགྲས་པའི་རྒན་པོ་བཟོད་པ་རྐང་བ་འཐེང་འགྲོ་ཅན་དེ་དལ་གྱི་བགྲོད་པའི་ཕྱིའི་རྣམ་པ་དེ་གོག་འགྲོ་ཞིག་དང་མཚུངས་པ་དང་། ཞྭ་མོ་རྣ་བཞི་རྙིང་ཧྲིལ་ཚིལ་སྟུག་སོང་བ་ཞིག་གྱོན་པ་དང་། རྒྱབ་ཏུ་ཁྲེས་པོ་གྲུ་བཞི་སྣ་རིང་ཞིག་འཕྲེད་ཀྱིས་ཁུར་བ་དེའི་དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་བཅུ་བའི་ནང་མི་རྣམས་ཀྱི་དངོས་པོ་སྐྱེལ་འདྲེན་བྱེད་པའི་ལག་ཆ་ཡིན་པ་དང་དེ་གཉིས་བྲིས་པ་བརྒྱུད་སྐབས་དེའི་སྤྱི་ཚོགས་ཀྱི་ཁོར་ཡུག་རང་ཤུགས་གོ་ནུས་སོ།། ཡང་ཁོང་གིས་སྒྲུང་རིང་《སད་ཀྱིས་བཅོམ་པའི་མེ་ཏོག་》ལས“དཔྲལ་བའི་དབྱེས་ནི་ཚེས་གསུམ་གྱི་ཟླ་བ་དང་འདྲ་ལ་ཐང་དཀར་རྒོད་ཀྱི་གཤོག་ཟུང་རྣམ་པར་བརྐྱངས་པ་ལྟ་བུའི་སྨིན་མའི་འོག་ཏུ་རྣམ་རིག་གྲུང་ཞིང་ཆུ་ཡི་འོད་གོར་འཁྱིལ་བའི་ཁྲ་ཆུང་རི་དྭགས་ཀྱི་མིག་ལྟ་བུ་གཉིས་ཁྲ་རིལ་བྱེད་པ་དང་། དེས་ནི་ཕ་རོལ་པའི་ཡུལ་གྱི་གསང་བ་ཐམས་ཅད་སྐད་ཅིག་ལ་བརྟོལ་བའི་མཐུ་ནུས་དང་ལྡན་པའི་ཡོན་ཏན་ངོམ་པ་དང་། གཞོན་ཤ་ཆགས་ཤིང་དཀར་ལ་དམར་མདངས་བཀྲ་བའི་འགྲམ་ཚོས་ཟུང་ནི་ཤིན་ཏུ་སྨིན་པའི་སིལ་ཏོག་ཀུ་ཤུ་ལྟར་མཛེས་ཤིང་ཡིད་དུ་འོང་ལ”[⑥]ཞེས་བརྩམས་སྒྲུང་གི་མི་སྣ་ཕལ་བ་བུ་མོ་ལྷ་སྐྱིད་ཀྱི་ཕྱིའི་རྣམ་པ་དེ་མི་སྣའི་གཟུགས་བརྙན་ངང་ངང་ཤུག་ཤུག་ཀྱིས་ཀློག་པ་པོའི་མིག་འདུན་ཏུ་འཆར་ཐུབ་པ་ལྟ་བུའི་འབྲི་ཐབས་སྤྱད་ནས། བརྩམས་སྒྲུང་གི་མི་སྣའི་ཕྱིའ་རྣམ་པ་ཞིབ་འབྲི་བྱས་ཡོད།

གཉིས། མི་སྣའི་སྐད་ཆ་ཞིབ་འབྲི། 《རྒྱུ་འབྲས་མེད་པའི་མནའ་མ》ཞེས་པའི་བརྩམས་སྒྲུང་འདིའི་ནང་དུ་མི་སྣ་གཙོ་བོ་བུ་མོ་ཀུན་ཏུ་བཟང་མོའི་སྐད་ཆ་ཞིབ་འབྲི་འདི་ལྟར་བྱས་ཡོད་སྟེ། བུ་མོ་ཀུན་ཏུ་བཟང་མོས་རང་གི་ཕ་ལ“འདྲེ-འདྲེ། ཁྱོད་འགྲོ་ཚུལ་ལ་ལྟོས་དང་། རེམ་མ་ཤོག་ཡ། སྡུག་གྱོང་སྐམ་པོ་རེད། སུས་ཁྱོད་ལ་རྐང་བ་དེ་ལྟ་བུ་ཞིག་ཐོགས་སུ་བཅུག་པ་ཡིན། འགྲོ་འགྲོ་འགྲོ། ཁྲམ་མེ་ཁྲོམ་མེ་མ་བྱེད།”[⑦]ཞེས་དང་བུ་མོ་ཀུན་ཏུ་བཟང་མོས་རང་གི་ཁྱོ་བོ་ལ་“ཁྱོད་དགའ་རྒྱུ་སྔ་དྲགས་སོང་། ཁོས་བཤད་ན་ཁོ་ལ་རིག་གི་ཟེར། གླེན་པ་ཁ་ནག་ཟེར་བ་ངོ་མ་རེད། གཞན་གྱིས་བུ་བཞག་ན་ད་དུང་རང་གི་བུ་ཡིན་ཟེར་ནས་དགའ་དགའ་སྤྲོ་སྤྲོ་བྱེད། གླེན་རྒན་དེའི་མགོ་ཁྱི་གཡོག་གཡོག་བྱས་ཆོག”ཞེས་བརྩམས་སྒྲུང་ནང་གི་མི་སྣ་གཙོ་བོ་ཀུན་ཏུ་བཟང་མོ་ནི་ཕ་མ་ཆུང་དུས་རང་གི་ཁོག་པའི་སྙིང་བཞིན་གཉོར་སྐྱོང་བྱས་ནས་ནར་སོན་དུས་རང་གི་ཕ་མ་རྒྱབ་ཏུ་དོར་ནས་དྲིན་ལན་དྲིན་དུ་མི་བསམ་པ་དང་། རང་གི་ཕ་ལའང་མགོ་སྐོར་གཏོང་ཕོད་པ་མ་ཟད། ལྐོག་ཏུ་བུ་བསོད་བྷེ་དང་གཉེན་སྒྲིག་པ་མ་ཟད། བུ་བསོད་བྷེ་ལ་རང་གི་རྒྱུད་མིན་པའི་རྒྱུད་གཞན་པ་ཞིག་སྐྱེས་པ་མཐར་རང་གི་ཡབ་རྩྭ་ཐང་ལ་ཁོ་མོ་འཚོལ་དུ་ཕྱིན་ཀྱང་ཁོས་ངོ་མི་ཤེས་པའི་རྣམ་འགྱུར་བསྟན་པ་དང་བུ་བསོད་བྷེ་དང་ཡང་ཁ་བྲལ་ནས་ཉི་མ་ལྷ་སར་ཕྱིན་པ་སོགས་ཕ་མར་སྲིད་ཞུ་མེད་པ་དང་། རང་གི་ཁྱོ་བོ་ལ་བློ་མི་དཀར་བ་དང་མ་རབས་ཡིན་པ་ཞིག་གི་མི་སྣའི་སྐད་ཆ་ཞིབ་འབྲི་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ཐོན་སྐྱེད་འགན་འཁྲི་ལམ་ལུགས་ཀྱི་ནང་དུ། བོད་ཀྱི་སྤྱི་ཚོགས་ནང་སྒྱུད་ལུག་དང་མ་རབས་ཀྱི་བུ་དང་བུ་མོས་འགའ་ཞིག་གིས་རང་གི་དྲིན་ཆེན་གྱི་ཕ་མ་རྒྱབ་ཏུ་སྐྱུར་ནས་དྲིན་ཆེན་གྱི་ཕ་མ་ལ་སྲིད་ཞུ་མི་བྱེད་པའི་མི་མ་རབས་སྐོར་ཞིག་ལ་སློབ་གསོ་བཏང་ནས་ཡ་རབས་ཕྱོགས་སུ་སྐུལ་སློང་བྱས་ཡོད། ཡང《རྒན་པོ་བློ་གྱོང》ཞེས་པའི་བརྩམས་སྒྲུང་ནང་མི་སྣ་གཙོ་བོ་རྒན་པོ་བློ་གྱོང་གི་སྐད་ཆ་ཞིབ་འབྲི་བྱེད་སྐབས་“རོང་བོ་དགོན་པ་ན་བཟའ་ཟླ་ཡོད་པའི་གྲྭ་པ་གཅིག་ཀྱང་མེད་པས།ངས་ཀྱང་མི་འཚོལ”[⑧]ཞེས་དང་“འོ། ང་རེབ་གོང་ན་ཡོད་དུས་རྒྱལ་པོ་དང་བློན་ཆེན་གཉིས་མ་འཆམས་པར་མི་མང་བོ་འདི་ལྟར་བཀྱིགས་པ་མཐོང་མྱོང”[⑨]སྙམ་སྟེ། སེམས་རྣལ་ལ་ཕབ་པ་དང་། ཡིན་ན་ཡང་། ཁོ་ཚོའི་གྱོན་པ་འདི་འགྲིག་མི་འདུག་བསམས་ནས། “ཨ་རོགས་ཚོ། ཁྱོད་ཚོས་ཚ་རུ་སྲམ་ཁ་ཅན་པོ་མ་གོན་ན་ང་བཟུང་མི་ཆོག”[⑩]ཅེས་ཀྱི་རྒན་པོ་བློ་གྱོང་ནི་མི་འཇིག་རྟེན་པ་དང་རབ་བྱུང་བ་གཉིས་ཕན་ཚུན་གོ་ལྡོག་པ། བྱ་དངོས་གསར་བ་དང་ལེན་བྱེད་རྒྱུ་དགའ་ནའང་བླངས་དོར་གྱི་གནས་ལ་རྨོངས་བ། གཤིས་རྒྱུད་གྱོང་བོ་ཡིན་པ་བཅས་བྲིས་པ་བརྒྱུད་ནས་དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་བཅུ་བའི་ནང་དུ། བོད་ཀྱི་སྤྱི་ཚོགས་ནང་འཁྲེགས་འཛིན་ལ་དགའ་བའི་མི་མང་པོ་ཞིག་གིས་ལྟ་བ་མཁྲེགས་འཛིན་གྱི་ཤན་ཤུགས་ཆེ་བ་ལ་ཟུར་ཟ་དང་ཚང་འབྱིན་བྱས་ཡོད།

གསུམ་པ། མི་སྣའི་སེམས་ཁམས་ཞིབ་འབྲི། ཁོང་གིས《བརྩེ་དུངས་ཀྱི་རྦ་རླབས》ལས་མི་སྣའི་སེམས་ཁམས་ཞིབ་འབྲི་བྱས་པ་ལ“ངས་འབྲུག་མོའི་ཡི་གེ་དེ་ཚར་གཅིག་བཀླགས་རྗེས་སྔོ་ཞིང་སངས་ལ་གཡའ་དག་པའི་བདག་བློའི་ཡིད་ཀྱི་ནམ་མཁའི་དབྱིངས་སུ་དགའ་བ་དང་སྐྱོ་བ། སོམ་ཉི་དང་ཐེ་ཚོམ། བདེ་སྐྱིད་དང་སྡུག་བསྔལ། མདོར་ན་ང་རང་ཉིད་ཀྱིས་ཀྱང་གཅོད་མི་ཐུབ་པའི་གནད་དོན་གྱི་སྤྲིན་དཀར་ནག་དུ་མས་ཡོངས་སུ་བསྒྲིབས་ཏེ་བསམ་བློའི་འཆར་རྒྱུན་ནི་གློག་དམར་འཁྱུག་འཁྱུག ཡིད་ཀྱི་དྲན་པ་ནི་འབྲུག་སྒྲ་ལྡིར་ལྡིར། བློ་ཡི་འཆར་སྒོ་ནི་སེར་བ་འབབ་འབབ་བྱས་ཏེ་སྐད་ཅིག་ཙམ་ལའང་བདེ་ལ་འབབ་མ་ཐུབ། འོ། དེ་ནི་ལོ་གསུམ་གྱི་སྔོན་ལ་བྱུང་བའི་གཏམ་རྒྱུད་ཅིག་རེད”[11]ཞེས་དང་ཡང《རྒྱུ་འབྲས་མེད་པའི་མནའ་མ》ཞེས་པའི་ནང་དུ“གླེན་མ་ང་། དེ་ལས་སླ་མོ་ཞིག་མ་ཡིན་ནམ། བསོད་བྷེ་ཡོད་བཞིན་དུ་སེམས་ཁྲལ་བྱ་དགོས་དོན་ནི་ཅི་ཡོད། ཞེ་གྱོང་མ་ཁྱོད། འུ་གཉིས་ཀྱི་རྩམ་པ་དལ་མོར་ཟ་ལ། བཟང་ངན་རིམ་གྱིད་འགྲན་ཆོག”ཞེས་མི་སྣ་གཙོ་བོ་ཀུན་ཏུ་བཟང་མོས་བུ་བསོད་བྷེ་ཡི་ཨ་མ་ལ་སྲིད་ཞུ་ལེགས་པོ་མ་བྱས་པ་མ་ཟད། ཁོ་ལ་འཚོ་བའི་བཟའ་བཏུང་ཐད་ལའང་ཤིན་ཏུ་ཞེན་པར་བཏང་བ་མ་ཟད། ཐ་ན་ཁྱིམ་གྱི་རྒྱུ་ནོར་ཡང་བདག་བཟུང་བྱེད་འདོད་པའི་སེམས་ཁམས་ཞིབ་འབྲི་བྱས་ནས། སྐབས་དེའི་སྤྱི་ཚོགས་ནང་བུ་དང་བུ་མོ་འགའི་མ་རབས་ཀྱི་བསམ་བློ་བྲིས་ཡོད། བཞི་བ། མི་སྣའི་བྱ་སྤྱོད་ཞིབ་འབྲི། མི་སྣའི་བྱ་སྤྱོད་ཞིབ་འབྲི་བྱས་པ་བརྒྱུད་ནས་མི་སྣའི་གཤིས་ཀ་དང་མི་སྣའི་ཀུན་སྤྱོད་ཀྱང་ཤེས་ཐུབ། དོན་གྲུབ་རྒྱལ་གྱིས་བརྩམས་སྒྲུང《རྒྱུ་འབྲས་མེད་པའི་མནའ་མ》ལས་མི་སྣ་གཙོ་བོ་བུ་མོ་ཀུན་ཏུ་བཟང་མོའི་ཀུན་སྤྱོད་ཞིབ་འབྲི་བྱེད་སྐབས་“སྐབས་དེར། བུ་མོ་གཞོན་ནུ་མ་ཞིག་བཟོད་པའི་མདུན་ལ་ཡོང་བ་དང་། ཁོའི་དཔྲལ་བར་མཛུབ་ཐུར་ཅིག་བྱས་ཏེ། ”[12]ཞེས་དང་ཡུད་ཙམ་ནས་ལྷུན་གྲུབ་ཀྱིས་མེ་མདའ་རིང་བོ་ཞིག་འཁྱེར་ནས་བསླེབས་བྱུང་།” [13] “གཅར་རྡུང་སྐོར་གསུམ་བྱས་པས། བཟོད་པའི་རྐང་བ་སྐྲངས་ནས་འགུལ་མི་ཐུབ་པར་གྱུར་པ་དང་། ལུས་ཡོངས་ལ་སྔོ་ཐིག་གིས་ཁེངས་འདུག”ཞེས་དུས་རབས་ཉེར་གཅིག་ལོ་རབས་བརྒྱད་ཅུའི་སྤྱི་ཚོགས་ནང་ཐོན་སྐྱེད་འགན་ཁུར་ལམ་ལུགས་སྐབས་སུ་རང་ཉིད་ཀྱི་ལྟོ་བ་འགྲངས་ཤིང་སྐྱིད་པོ་བྱུང་ན་ཕ་མ་མི་བསམ་པར་མ་ཟད། ད་དུང་ཕ་མའི་དྲིན་དེ་དྲིན་དུ་མི་སེམས་མོད། འོན་ཀྱང་ཕ་མས་དུས་དང་རྣམ་པ་ཀུན་ཏུ་རང་གི་བུ་དང་བུ་མོ་དྲན་ཡོད་པ་དང་རང་གི་ཁེ་ཕན་དང་དམིགས་ཡུལ་འགྲུབ་པའི་ཆེད་དུ་མི་གཞན་ལ་ཉེས་འགལ་དང་གཅར་རྡུང་བྱ་སྤྱོད་ལ་སུན་འབྱིན་བྱས་ཡོད།།

གསུམ་པ།དོན་གྲུབ་རྒྱལ་གྱི་སྒྲུང་གཏམ་ལས་དྲང་ཕྱོགས་ཀྱི་མི་སྣ་དང་ལྡོག་ཕྱོགས་ཀྱི་མི་སྣ་གཏན་ལ་ཕབ་ཚུལ་བཤད་པ།

དོན་གྲུབ་རྒྱལ་གྱི་སྒྲུང་གཏམ་ལས་དྲང་ཕྱོགས་ཀྱི་མི་སྣ་ནི་ནམ་རྒྱུན་རྒྱུ་འབྲས་བརྩི་སྲུང་བྱེད་པ་དང་དགེ་བའི་ཕྱོགས་ལ་བརྩོན་པ་སོགས་བྲིས་ཡོད་ལ། ཁོང་གིས་བརྩམས་སྒྲུང་ནང་དྲང་ཕྱོགས་ཀྱི་མི་སྣ་གཙོ་བོ་བྱས་ཏེ་བྲིས་པའི་བརྩམས་སྒྲུང《ཚུལ་ཁྲིམས་རྒྱ་མཚོ་》ལྟ་བུ་དང་། ལྡོག་ཕྱོགས་ཀྱི་མི་སྣ་བརྗོད་སྙིང་གཙོ་བོར་བྱས་ཏེ་བྲིས་པ《རྒན་པོ་བློ་གྱོང་》དང《སྤྲུལ་སྐུ་》《རྒྱུ་འབྲས་མེད་པའི་མནའ་མ》སོགས་ཡོད་དོ།

གཅིག མི་སྣའི་རྣམ་པ་ཞིབ་འབྲི། ཁོང་གིས་བརྩམས་སྒྲུང《སྤྲུལ་སྐུ》ནང་དུ“ཨ་ཁུ་ཉི་མ་ནི་ནམ་རྒྱུན་དང་འདྲ་བར་ཁང་བའི་ཁྱམས་ན་བལ་གདན་དཀར་པོ་ཞིག་གི་སྟེང་སྐྱིལ་དྲུང་བཅས་ཏེ་མ་ཎི་འདོན་བཞིན་འདུག ཙན་དན་གྱི་ཕྲེང་བ་གཡུ་ཡི་མདོ་འཛིན་ཅན་ཞིག་ལག་གཡོན་མའི་གོང་མཛུབ་དང་དཀྱིལ་མཛུབ་བར་དུ་བཟུང་སྟེ་མཐེ་བོང་གིས་ཕྲེང་རྡོག་རེ་རེ་བཞིན་ཉུག་ཙམ་བྱས་ཏེ་བགྲང་བའི་མོད་ལ། ཁ་ནས“ཨོཾ་མ་ཎི་པད་མེ་ཧཱཾ”ཞེས་སྒྲ་སྣ་ཁུང་དུ་འདྲེན་པ་ལས་ཚིག་གི་འབྲུ་མི་གསལ་ཡང་། མཐེ་བོང་གིས་ཕྲེང་རྡོག་བགྲང་ཚུལ་ལ་བལྟས་ན་ཨུམ་སྒྲ་རེའི་ནང་དུའང་མ་ཎི་ཡིག་དྲུག་རེ་འདུས་ཡོད་པ་ཤེས་ཐུབ། སྐབས་རེར་ཁོས་ལོབས་ཕྱོགས་ཀྱིས་མིག་གཉིས་ཀ་བཙུམས་ཤིང་། ལག་པ་གཉིས་དང་གར་ཐལ་མོ་སྦྱར་ཏེ“དཀོན་མཆོག་གསུམ་པོ་མཁྱེན”ཞེས་གསོལ་བ་རེ་འདེབས་ལ། དེ་དུས་ཁོའི་གདོང་གི་གཉེར་མ་རྣམས་ཕྱོགས་གཅིག་ཏུ་བསྡུས་ཏེ་རི་མོ་ཤ་ཤུར་དུ་ཤར་ཡོང་བ་མཐོང་ཐུབ།”[14]ཞེས་དང“སྐྱིལ་ཀྲུང་བྱས་ནས་འདུག་པ་ལ་གོམས་མེད་པ་འདྲ། མ་གཞིར་ཁོང་སྐྱིལ་ཀྲུང་གི་ཚུལ་དུ་བཞུགས་ཡོད་ན་ཡང་། ཞབས་གཉིས་ཨེན་ཙམ་ཡུད་ཙམ་ནས་བརྗེས་སྤོར་བྱེད་པ་དང་། སྐབས་རེར་སོ་གཙུགས་པའི་རྣམ་འགྱུར་སྟོན་པ་ལ་བལྟས་ན། ཁོའི་པུས་མོའི་ཚིགས་རྣམས་སྦྲིད་ཡོད་པ་ཤེས་ཐུབ།”[15]ཞེས་མི་སྣ་ཕལ་བ་ཨ་ཁུ་ཉི་མ་བྲིས་པ་བརྒྱུད་ལོ་རབས་བརྒྱད་བཅུ་བའི་ནང་རྒན་པོ་རྣམས་ཉི་མ་ལ་ལྡེ་བར་དགའ་བ་དང་། ཡང་ལྡོག་ཕྱོགས་ཀྱི་མི་སྣ་སྤྲུལ་སྐུའི་སྐྱིལ་དྲུང་བྱེད་ཐུབ་ཀྱིན་མེད་པ་བྲིས་ནས་སྐབས་དེའི་ཆོས་ལུགས་སྲིད་ཇུས་འདྲ་མཉམ་ནང་མི་འགའ་ཞིག་གིས་སྤྲུལ་སྐུ་རུ་བརྗུས་ནས་དད་ལྡན་མང་ཚོགས་ལ་མགོ་སྐོར་བྱེད་པའི་མ་རུངས་ཐ་ཤལ་གྱི་བྱ་སྤྱོད་ལ་དགག་བཞག་མཛད་ཡོད། “ཁོ་ཚོ་ནི་དགོན་པའི་ནང་གི་སྐུ་རྟེན་རྣམས་དང་འདྲ་བར་གྲགས་འགུལ་ཅི་ཡང་མི་འདུག”ཞེས་མི་སྣ་ཕལ་བ་དེ་དག་གི་ཕྱིའི་རྣམ་པ་ཞིབ་འབྲི་བྱས་པ་བརྒྱུད་ནས་སྐབས་དེའི་བོད་ཀྱི་དད་ལྡན་མང་ཚོགས་ཀྱི་དད་པ་ཧ་ཅང་བརྟན་པོ་ཡིན་པ་བྲིས་ཡོད། ཁོང་གིས《ཚུལ་ཁྲིམས་རྒྱ་མཚོ་》ལས“དཔོན་པོ་ཁ་ཤོ་ས་ཆ་འདི་གའི་སྡེ་བ་དང་ཚོ་བ་བཅུ་ལྷག་གི་དཔོན་པོ་ཡིན་ལ། གཟུགས་རིང་ཞིང་ཤ་རྒྱགས་པ་དང་། གདོང་ནག་ཅིང་ཁ་ཡི་ཡ་ཁ་དང་མ་ཁའི་བར་དུ་ཤོ་ཉག་ཆེན་པོ་ཞིག་ཡོད་པས་མཚང་མིང་ལ་དཔོན་པོ་ཁ་ཤོ་ཐོགས་པ་རེད།”[16]ཞེས་ལྡོག་ཕྱོགས་ཀྱི་མི་སྣ་དཔོན་པོ་ཁ་ཤོ་བྲིས་པ་བརྒྱུད་ནས། དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་བཅུ་བའི་ནང་དུ་བོད་ཀྱི་སྤྱི་ཚོགས་ནང་ཉམས་ཆུང་ལ་གཉའ་གནོན་བྱེད་མཁན་གྱི་མི་མང་པོ་ཞིག་བྲིས་ནས་སྐབས་དེར་མི་དང་མི་འདྲ་མཉམ་མ་ཡིན་པ་དང་། ཁྲིམས་ལུགས་དང་མི་མཐུན་པའི་སྤྱི་ཚོགས་སྟེང་གི་ཉེས་དོན་དག་ལ་སུན་འབྱིན་དང་དགག་པ་བརྒྱབ་ཡོད།  ཡང་ཁོང་གིས《སེམས་གཅོང》ལས“ལྷག་པར་དུ་གནག་ཅིང་སྟུག་པའི་སྨིན་མ་འཁྱོག་པོ་དང་། དཀར་ལ་སྨུག་ཅིང་དམར་མདངས་རྒྱས་པའི་ཁུར་ཚོས། སྦོམ་ཞིང་རིང་ལ་གནག་ཅིང་སྣུམ་པའི་སྐྲ་ཡི་ལན་བུ”[17]ཞེས་དང“ལང་ཚོའི་མཛེས་པ་མངོན་པའི་བྲང་གི་ནུ་འབུར་གཉིས་ཀྱང་ལྦུ་བ་མངོན་མཐོར་བརྩེགས་པའི་རྦ་རླབས་ཀྱི་རྩེ་མོ་གཉིས་དང་འདྲ་བར་སྙིང་གི་ལྡིང་འགྲོས་དང་རླུང་གི་རྒྱུ་ཕྱོགས་བསྡོངས་ནས་མཐོ་དམན་འགྲན་པ་བཞིན་དུ་མཆིས།”ཞེས་བདེ་འཚོ་ཡི་ཕྱིའི་མཛེས་པ་སྒྱུ་རྩལ་གྱི་མཚོན་ཐབས་གསོན་ཉམས་ལྡན་པའི་སྒོ་ནས་བྲིས་ཡོད། གཉིས། མི་སྣའི་བྱ་སྤྱོད་ཞིབ་འབྲི། ཁོང་གིས《ཚུལ་ཁྲིམས་རྒྱ་མཚོ་》ལས“དཔོན་པོ་ཁ་ཤོ་ས་ཆ་འདི་གའི་སྡེ་བ་དང་ཚོ་བ་བཅུ་ལྷག་གི་དཔོན་པོ་ཡིན་ལ། གཟུགས་རིང་ཞིང་ཤ་རྒྱགས་པ་དང་། གདོང་ནག་ཅིང་ཁ་ཡི་ཡ་ཁ་དང་མ་ཁའི་བར་དུ་ཤོ་ཉག་ཆེན་པོ་ཞིག་ཡོད་པས་མཚང་མིང་ལ་དཔོན་པོ་ཁ་ཤོ་ཐོགས་པ་རེད།”[18]ཞེས་དང་ཚུལ་ཁྲིམས་རྒྱ་མཚོས་རང་གི་ཨ་མ་སྐྱོབ་སྐབས་ཀྱི་རྣམ་པ་ཞིབ་འབྲི་བྱེད་སྐབས་“མྱུར་མོར་ཁང་ཐོག་ལ་འགོས་ཏེ། རྡོ་ཁུ་ཚུར་འདྲ་བ་ཞིག་དཔོན་པོ་ཁ་ཤོ་ལ་གཏད་ནས་འཕངས་པ་དང་རྡོ་རྗེ་དེ་ནི་རྒྱུ་འབྲས་ཀྱི་རྒྱབ་རྩ་གནོན་པའི་མདའ་མོ་ཞིག་དང་འདྲ་བར་མ་ཡོ་མ་འཁྱོག་པར་དྲང་ཤད་ལེར་དཔོན་པོ་ཁ་ཤོའི་རྣ་རྟིང་ལ་ཕོག་པ་དང་།”[19]ཞེས་མི་སྣའི་བྱ་སྤྱོད་བྲིས་པ་བརྒྱུད་སྐབས་དེར་བཙན་པོས་གཉོམ་ཆུང་ལ་ཐུབ་ཚོད་དང་། རང་དབང་གང་འདོད་ཀྱི་སྤྱི་ཚོགས་ནང་ཁྲིམས་འགལ་ལུགས་མིན་གྱི་བྱ་སྤྱོད་ལ་འཐེར་འདོན་བྱས་ཡོད།ཡང་ཁོང་གིས《སྤྲུལ་སྐུ》ཞེས་པའི་ནང་དུ“སྐབས་དེར། སྤྲུལ་སྐུས་བསམ་པ་བརྟན་ཅིང་བབ་བརླིང་ལྡན་པའི་ངང་ནས་ཇ་ལེན་ཞོར་དུ་འབྲུག་མོའི་ལག་མགོ་ལ་འཇུས། འབྲུག་མོས་ཚུལ་དེ་མཐོང་པས་དངངས་ཤིང་སྐྲག་པར་གྱུར་ཏེ་མདོག་ཀྱང་སྐྱ་རིལ་ལེར་གྱུར་སོང་། ”[20]བྲིས་པ་བརྒྱུད་ནས་སྐབས་དེའི་བོད་ཀྱི་སྤྱི་ཚོགས་ནང་སྤྲུལ་སྐུ་རྫུན་མ་རྣམས་ཀྱི་སྐྱུག་བྲོ་བའི་བྱ་སྤྱོད་ལ་དགག་བཞག་གནང་ཡོད། གསུམ་པ། མི་སྣའི་སེམས་ཁམས་ཞིབ་འབྲི། ཁོང་གིས་བརྩམས་སྒྲུང་ལས་དྲང་ཕྱོགས་ཀྱི་མི་སྣའི་སེམས་ཁམས་ཞིབ་འབྲི་བྱེད་སྐབས“རྒྱུ་འབྲས་རྣམ་རྒྱལ་གྱིས་སེམས་ལ། ད་ལན་ཨ་མའི་བཤད་ཚུལ་ལ་བལྟས་ན་ངས་ལས་རྒྱུ་འབྲས་དང་འགལ་བའི་བྱ་བ་ངན་པ་ཞིག་བྱས་པ་ཁོ་ཐག་རེད་སྙམ”[21]ཞེས་དང་ཡང“ཁོང་གིས་སེམས་ལ། མི་དམངས་དང་མི་རིགས་ལ་ཕན་ཐོགས་པའི་བྱ་བ་བྱེད་པ་ནི་དགེ་བའི་ནང་གི་དགེ་བ་ཡིན་ལ། ཁེ་གྲགས་དབང་གསུམ་རིང་དུ་སྤངས་ནས་ལུས་ངག་ཡིད་གསུམ་བརྟན་པོའི་ངང་མི་རབས་རྗེས་མ་སྐྱེད་སྲིང་བྱེད་པ་འདི་ནི་ཏང་གི་བཀའ་གསུང་ཡིན་པར་མ་ཟད། མི་དམངས་ཀྱི་རེ་བའང་ཡིན་པས། ངས་ཏང་དང་མི་དམངས་ཀྱི་རེ་འདུན་དེ་སྟོང་ཟད་དུ་གཏོང་མི་རུང་སྙམ། ”[22]ཞེས་སྐབས་དེར་སྤྱི་ཚོགས་ནང་དུ་རྒྱུ་འབྲས་བརྩི་བ་དང་ཕ་མའི་ཞལ་ཏ་ལ་ཉན་པའི་བོད་ཀྱི་བུ་དང་བུ་མོ་ཡ་རབས་རྣམས་ཀྱི་སྤྱོད་པ་ལ་གཟེངས་བསྟོད་བྱས་ཡོད། མི་སྣའི་སྐད་ཆ་ཞིབ་འབྲི། ཡང《རྒྱུ་འབྲས་མེད་པའི་མནའ་མ》འདིའི་ནང་དུ་ལྡོག་ཕྱོགས་ཀྱི་མི་སྣ་ལྷུན་གྲུབ་ཀྱི་སྐད་ཆ་ཞིབ་འབྲི་བྱེད་སྐབས“ བཟོད་པ། ལུག་ནང་གི་སྤྱང་ཀི ཞིང་ནང་གི་ཡུག་གོ མི་དམངས་ཀྱི་དགྲ་བོ་ཁྱོད།  རང་ཉེས་ཞུ་ན་གུ་ཡངས་དང་། ངོ་ཡ་བྱས་ན་དྲག་གནོན་བྱ་རྒྱུ་ཡིན།”[23] ཞེས་དང་ཁོང་གིས་བརྩམས་སྒྲུང《ཚུལ་ཁྲིམས་རྒྱ་མཚོ》ལས་ཚེ་རིང་རྣམ་རྒྱལ་གྱི་སྐད་ཆ་ཞིབ་འབྲི་བྱེད་པར་“དེས་ན་ཨ་ཕ་དང་ཨ་མའི་མིང་ཡང་བརྗེ་དགོས། ཨ་ཕའི་མིང་ལ་རྒྱུ་འབྲས་སྐྱབས་དང་། ཨ་མའི་མཚན་ལ་རྒྱུ་འབྲས་སྐྱིད་ཅེས་འདོགས་དགོས། ཨ་ཕ། དེ་ཨེ་རེད།”[24]ཞེས་དང“ལས་རྒྱུ་འབྲས་ཨེ། ཕ་མའི་ཁ་ལ་ཉན་པ་དང་། རྗུན་མི་གཏམ་པ། རྐུ་མི་བྱེད་པ། གཞན་ལ་གནོད་སེམས་མི་འཛིན་པ། བྱིས་པ་གཞན་དང་འཁོན་རེས་དང་རྡུང་རེས་མ་བྱས་ན། དེ་ནི་ལས་རྒྱུ་འབྲས་རེད”[25]ཞེས་ཚེ་རིང་རྣམ་རྒྱལ་གྱི་ཨ་ཕས་ཚེ་རིང་རྣམ་རྒྱལ་ལ་གསུངས་པའི་སྐད་ཆ་ཞིབ་འབྲི་དང“རྒྱུ་འབྲས་ཨེ། ང་ལ་རྒྱུ་སྟོབས་ཆེ་བས་ལས་རྒྱུ་འབྲས་ཟེར་བ་དེ་ང་ཡིན། ང་མིན་པའི་རྒྱུ་འབྲས་ཤིག་ལོགས་སུ་ག་ལ་ཡོད། ཧེ་ཧེ། རྒྱུ་འབྲས་རྒྱུ་འབྲས་ཚོ་གླེང་ཁོམ་མི་འདུག ཤོག་ཡ། ངའི་རྩིབ་ལ་ཤོག”[26]ཞེས་དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་བཅུ་བའི་སྤྱི་ཚོགས་ནང་དུ་བཙན་པོས་གཉོམ་ཆུང་ལ་ཐུབ་ཚོད་དང་ཁྲིམས་མེད་ལུགས་མེད་ཀྱི་འདྲ་མཉམ་མ་ཡིན་པའི་སྣང་ཚུལ་ལ་འཐེར་འདོན་དང་སུན་འབྱིན་བྱས་ཡོད།

བཞི་བ། དོན་གྲུབ་རྒྱལ་གྱི་སྒྲུང་གཏམ་ལས་མི་སྣའི་འབྲེལ་བ་གཏན་ལ་ཕབ་ཚུལ།

དེ་ཡང་ཁོང་གིས་བརྩམས་སྒྲུང《སྤྲུལ་སྐུ》ཞེས་པར་དང་ཐོག་ཚེ་རིང་གིས་སྤྲུལ་སྐུ་རང་ཡུལ་དུ་གདན་དྲངས་པ་དང་། དེ་ནས་སྤྲུལ་སྐུས་ཐབས་སྣ་ཚོགས་ལ་བརྟེན་ནས་འབྲུག་མོ་ཚང་གི་དངོས་པ་རྩ་ཆེན་དག་སྐབས་དང་བསྟུན་ནས་བརྐུས་པ་དང་། རྗེས་ནས་ཁྲིམས་ཁང་གིས་སྤྲུལ་སྐུ་འཛིན་བཟུང་བྱས་ནས་རྒྱུ་ནོར་རྣམས་ཕྱིར་སྤྲད་པ་སོགས་ལས། ཐོག་མར་སྤྲུལ་སྐུ་དང་ཨ་ཁུ་ཉི་མ་ཚང་གཉིས་བར་འབྲེལ་བ་བྱུང་བ་དང་རྗེས་སུ་སྤྲུལ་སྐུའི་ཚེ་རིང་ཚང་གི་བྱུ་རུ་དང་དངོས་པོ་རྩ་ཆེན་བརྐུས་པ་ལ་བརྟེན་ནས་འགལ་བ་བྱུང་བ་དང་། སྤྲུལ་སྐུ་བཙོན་དུ་བཅུག་པ་སོགས་བྲིས་ནས་དྲང་ཕྱོགས་ཀྱི་མི་སྣ་དང་ལྡོག་ཕྱོགས་ཀྱི་མི་སྣའི་འབྲེལ་བ་དང་འགལ་བ་གསལ་བོར་བྲིས་ཡོད་པ་མ་ཟད།མི་སྣ་གཙོ་བོ་དང་མི་སྣ་ཕལ་བ་གཉིས་ཀྱང་མཚོན་ཡོད།  ཡང་ཁོང་གིས《རྒྱུ་འབྲས་མེད་པའི་མནའ་མ》ཞེས་པའི་ནང་དུ་དང་ཐོག་རྒན་པོ་བཟོད་པ་དང་ཁོང་གི་ཨ་མ་གཉིས་ཀྱིས་བུ་མོ་ཀུན་ཏུ་བཟང་མོ་གཉོར་སྐྱོང་ལེགས་པོ་བྱས་པ་དང་། རྗེས་སུ་རིམ་བཞིན་ནར་སོན་དུས་བུ་མོ་ཀུན་ཏུ་བཟང་མོ་དར་ལ་བབས་པ་ན་རང་གི་ཨ་ཕ་ལ་མགོ་གཡོག་མགོ་སྐོར་བཏང་ནས། བྲག་དཀར་ཆུ་ཁོལ་ལ་ཁྲིད་པ་དང་ཕ་ལ་གསང་བའི་སྒོ་ནས་མི་སྣ་བསོད་བྷེ་དང་འབྲེལ་བ་བྱུང་ནས་བསོད་བྷེ་ཡི་ཆུང་མ་བྱས་ནས་བུ་བཞི་བཙས་པ། ཨ་ཕ་བཟོད་པ་རྩྭ་ཐང་ལ་མོ་རང་འཚོལ་དུ་བྱིན་ནའང་མོས་ཕ་ངོ་མི་ཤེས་པ་བཞིན་ཨ་ཕ་སྣང་མེད་དུ་བཞག་པ་ལ་བརྟེན་ནས་མི་སྣའི་འབྲེལ་བ་དང་འགལ་བ་གཉིས་ལྷན་དུ་བསྡེབས་ནས་མི་སྣའི་འབྲེལ་བ་གཏན་ལ་ཕབ་ཡོད།  ཡང་ཁོང་གིས་བརྩམས་པའི《སེམས་གཅོང》ལྟ་བུ་ལ་མཚོན་ན་བུ་མོ་བདེ་མཚོ་དང་དགེ་རྒན་གཉིས་བར་དུ་ཐོག་མར་ཕ་མས་བཙན་ཤད་ཀྱི་སྒོ་ནས་གཉེན་སྒྲིག་བྱེད་དུ་བཅུག་པ་དང་། ཁོང་གཉིས་བར་དུ་བརྩེ་དུང་གི་མྱུ་གུ་འབུས་ནས་བུ་མོ་ཞིག་བཙས་པ། ཡང་དགེ་རྒན་མཚོ་སྔོན་མི་རིགས་སློབ་ཆེན་དུ་སློབ་སྦྱོང་ལ་སོང་བ་ནས་མགོ་ལོག་གི་བུ་མོ་ཞིག་འབྲེལ་བ་བྱུང་ནས་ཡུལ་དེར་ཆས་སོང་བས། ཁོང་གཉིས་ཀྱི་བརྩེ་དུང་གི་བར་ལ་རྨ་ཁ་བྱུང་བ་ལ་བརྟེན་ནས་མི་སྣའི་འབྲེལ་བ་དང་འགལ་བ་གཉིས་མངོན་གསལ་བྱས་ཡོད་ལ། མི་སྣའི་འགལ་བ་དང་འབྲེལ་བ་བྲིས་པ་བརྒྱུད་ནས་དུས་རབས་ཉེར་གཅིག་པའི་ལོ་རབས་བརྒྱད་བཅུ་བའི་ནང་དུ་བོད་ཀྱི་བུ་མོའི་བརྩེ་དུང་རང་དབང་ལ་ཡིད་སྨོན་དང་། སྲོལ་རྒྱུན་གྱི་གཉེར་སྒྲིག་གི་ལྟ་བ་ལས་ཐེར་འདོད་ཀྱིས་བསམ་བློ་མངོན་པར་མཚོན་ཡོད།

མཇུག་བསྡོམས།

བདག་གིས་དོན་གྲུབ་རྒྱལ་གྱི་བརྩམས་སྒྲུང་གི་གཞི་རྐང་སྒྲིག་ལུགས་ལས་མི་སྣ་གཙོ་བོ་དང་མི་སྣ་ཕལ་བ་དྲང་ཕྱོགས་ཀྱི་མི་སྣ་དང་ལྡོག་ཕྱོགས་ཀྱི་མི་སྣ། མི་སྣའི་འབྲེལ་བ་བཅས་ལ་ཐོག་མར་དཔྱད་བརྗོད་སྤེལ་ཡོད། ཁོང་གིས་བརྩམས་སྒྲུང་ནང《སྤྲུལ་སྐུ》དང《རྒྱུ་འབྲས་མེད་པའི་མནའ་མ》ལྟ་བུ་ལ་མཚོན་ན་ལྡོག་ཕྱོགས་ཀྱི་མི་སྣ་ཁ་བྱང་ལ་བྲིས་ནས་དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་བཅུ་བའི་ནང་། ཐོན་སྐྱེད་མགན་འཁྲི་དང་ཆོས་ལུགས་དད་མོས་རང་དབང་གི་སྲིད་ཇུས་ནང་བུ་དང་བུ་མོས་རང་གི་ཕ་མ་ལ་སྲིད་ཞུ་དང་དྲིན་ལན་མི་འཇལ་བའི་མ་རབས་ཀྱི་སྤྱོད་པ་ལ་སུན་འབྱིན་བྱས་ནས། བོད་ཀྱི་སྤྱི་ཚོགས་ཧྲིལ་བའི་ནང་དེ་ལྟ་བུའི་བུ་དང་བུ་མོ་རྣམས་ལ་ཡ་རབས་དང་ཕ་མ་ལ་དྲིན་ལན་མཇལ་དགོས་པའི་སློབ་གསོ་བཏང་ཡོད་ལ། ཆོས་ལུགས་དད་མོས་སྲིད་ཇུས་ནང་ཆོས་ལུགས་པ་རྫུན་མ་མང་པོས་བོད་ཀྱི་སྤྱི་ཚོགས་སྟེང་མགོ་གཡོག་མགོ་སྐོར་གཏོང་བའི་གནས་ཚུལ་དེ་རྩོམ་ཡིག་གི་ལམ་ནས་སྤྱི་ཚོགས་སྟེང་བསྒྲགས་ནས་སྤྲུལ་སྐུ་རྫུན་མ་ལ་ཚང་མས་གཟབ་གཟབ་གཏོང་བ་ལས་དེ་དག་གི་གཡོ་འོག་ཏུ་མི་ཚུད་པའི་བསླབ་བྱ་དང་རྐུལ་མ་བཏང་ཡོད། དེ་བས་ཁོང་གིས་རྩལ་རྫོགས་པའི་སྒྱུ་རྩལ་མཚོན་ཐབས་སམ་ཚིག་སྦྱོར་རྨད་དུ་བྱུང་བ་དང་། བོད་དམངས་ཁྲོད་ཀྱི་གཏམ་དཔེ་མང་པོ་བེད་སྤྱད་ནས་དུས་རབས་ཉི་ཤུ་བའི་ནང་། བོད་ཀྱི་སྤྱི་ཚོགས་ནང་གི་བྱ་བ་མི་ལེགས་པ་དང་འཕེལ་རྒྱས་ལ་གནོད་པའི་དོན་དག་རྣམས་བརྩམས་སྒྲུང་གི་ལམ་ནས་ཀློག་པ་པོ་རྣམས་ཀྱི་སྤྱན་ལན་དུ་དྲངས་ནས་དེ་དག་ལ་ཕལ་རྒྱས་དང་སྔོན་ཐོན་གྱི་ལམ་བུ་སྙེགས་དགོས་པར་ཁ་ཚ་དགོས་གཏུགས་ཀྱི་རྐུལ་མ་བཏང་ཡོད།

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།