ཀྲུང་གོ་བོད་ཀྱི་དྲ་བ།

སྒེར་གྱི་གདམ་ཀ་དང་ཐུན་མོང་བསམ་གཞིག

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རྨེ་རུ་ཡུལ་ལྷ་ཐར།   སྤེལ་དུས། : 2020-12-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

----ན་གཞོན་འཁྲབ་ཁྲིད་པ་རྐ་ཕུག་བསོད་རྡོའི་བརྙན་འཕྲིན་ཟློས་གར་སྐོར་ལ་བྲིས་པའི་མྱོང་སྣང་ཐན་ཐུན།

ལོ་འདི་དག་ནང་། བོད་དུ་ན་གཞོན་འཁྲབ་ཁྲིད་པ་དང་གློག་བརྙན་སྒྲིག་སྦྱོར་ལས་ཀ་པ་མང་དག་ཅིག་ཆར་རྗེས་ཀྱི་ཤ་མོ་བཞིན་འཚར་ལོངས་བྱུང་ཞིང་། ཁོང་ཚོ་ནི་བོད་ཀྱི་དེང་རབས་གློག་བརྙན་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱི་རྗེས་ལ་བྱུང་བའི་གློག་བརྙན་སྒྱུ་རྩལ་པ་རབས་གཉིས་པ་དང་གསུམ་པའི་རིགས་རེད། ཁོ་བོ་སྒེར་ནི་གློག་བརྙན་དང་བརྙན་འཕྲིན་ཟློས་གར་སྒྱུ་རྩལ་ལ་མྱོང་ཆ་ཆེར་མེད་ཅིང་དེར་དཔྱོད་པའི་བློ་མིག་ལྡོངས་པས་གློག་བརྙན་སྐོར་ལ་ཆེད་དུ་དཔྱད་པ་བགྱི་བའི་སྤོབས་པ་མེད་མོད། གློག་བརྙན་དང་བརྙན་འཕྲིན་ཟློས་གར་ལ་བལྟ་རྒྱུར་དགའ་བའི་ལྟད་མོ་བ་ཞིག་དང་གློག་བརྙན་དང་བརྙན་འཕྲིན་ཟློས་གར་མྱོང་རོལ་ལ་སྒེར་ངོས་ནས་སྤྲོ་བ་ཡོད་པ་ཞིག་ཡིན་སྟབས། སོ་སོའི་མྱོང་སྣང་ཁྲོད་ཀྱི་གློག་བརྙན་དང་བརྙན་འཕྲིན་ཟློས་གར་ལ་རང་གི་དྲན་ཚུལ་གླེང་བའི་ཐོབ་ཐང་ནི་ལོས་ཡོད་སྙམ། དེ་འདྲའི་བསམ་གཞིག་གཏོང་སྟངས་ཀྱིས་དབུ་བསླངས་ཏེ།  ཐེངས་འདིར་བོད་ཀྱི་གློག་བརྙན་འཕྲིན་ཟློས་གར་ལས་ཀ་བ་དག་ལས་བོད་རང་གི་འཚོ་བའི་ཟ་ཟུར་མཚོན་པར་འབད་ཀྱིན་པའི་ན་གཞོན་འཁྲབ་ཁྲིད་པ་རྐ་ཕུག་བསོད་རྡོའི་བརྙན་འཕྲིན་ཟློས་གར་སྐོར་ལ་དྲན་འཆར་ཙམ་གླེང་བར་འདོད་དོ། །

དེ་ཡང་རྐ་ཕུག་བསོད་ནམས་རྡོ་རྗེ་ཞེས་པའི་གསར་བུ་ཁོ་ངོ་ཤེས་དུས་ནི་དེ་སྔ་ཁོང་ཉིད་མཚོ་སྔོན་བརྙན་འཕྲིན་ཁང་དུ་ཐོག་མར་ལས་ཀ་བྱེད་པའི་སྐབས་ཙམ་ཡིན་འདུག་ཅིང་། དུས་དེར་ཁོ་བོ་རང་ཡང་འབུམ་རམས་ཞིབ་འཇུག་སློབ་མ་མཐར་ཕྱིན་ཏེ་སློབ་ཆེན་དུ་ལས་བགོ་བྱས་མ་ཐག་ཡིན་ལ། ན་ཚོད་ཀྱང་ལྟོས་བཅོས་ཀྱིས་ཅུང་ཟད་གཞོན་པ་བཅས། ཉེ་འཁོར་གྱི་གྲོགས་པོ་དང་འབྲེལ་འདྲིས་བྱ་ཡུལ་རྣམས་ཀྱང་སྤྱིར་བཏང་ལོ་ན་གཞོན་པ་དེའི་རིགས་རེད། སྐབས་དེར་ཟི་ལིང་དུ་ན་གཞོན་ཤེས་ཡོན་པ་རབ་ཅིག་འདུག་ཅིང་། དེའི་ནང་རང་རང་སོ་སོའི་ཕུགས་བསམ་སྣ་ཚོགས་ཆེད་འབད་འཐབ་བྱེད་ཀྱིན་པའང་མི་ཉུང་ཙམ་མཆིས། སློབ་གཉེར་གྱི་བརྒྱུད་རིམ་ནམ་མི་ཚེའི་ལྟ་སྟངས་ལ་འབྲེལ་བ་ཡོད་པ་གང་ལྟར། ཁོ་བོ་ནི་འདི་ལྟ་བུའི་ན་གཞོན་རིགས་ལ་དགའ་ཞིང་གཤིབ་བདེ་ཅན་ཡིན་པས། རྐ་ཕུག་བསོད་རྡོ་ལགས་ཀྱང་དེ་འདྲའི་ངང་ལ་རང་བཞིན་གྱིས་ངོ་ཤེས་པར་གྱུར་བའོ། །

སྐབས་དང་སྐབས་སུ་ཇ་ཁ་ཆང་ཁ་ནས་ཁ་བརྡ་བྱེད་ཐེངས་རེར། ཁོ་ནི་རང་གི་བསམ་བློ་ཡོད་ཅིང་སྒེར་གྱི་ལས་ཀའི་དམིགས་འབེན་གསལ་བ་ཅན་ཞིག་ཡིན་པ་ཤེས་རྟོགས་བྱུང་ཞིང་། རིམ་གྱིས། ཁོང་གིས་མཚོ་སྔོན་བོད་སྐད་བརྙན་འཕྲིན་དུ་རང་གི་བརྩམས་ཆོས་འགའ་ཡང་གསར་རྩོམ་བྱེད་བཞིན་པ་ཚོར། དེ་ནས་དུས་ཡུན་རིང་བོ་མ་འགོར་བ་འདྲ་སྟེ། ནམ་ཞིག་ཡང་བསྐྱར་འཕྲད་པའི་སྐབས་ལ། ཁོང་གིས་ལས་གནས་སྤར་ཏེ་མཚོ་ནུབ་ཏུ་ཐོན་རྒྱུའི་གྲ་སྒྲིག་བྱེད་བཞིན་པ་ཐོས། དེར་བྱ་བའི་ལས་རྐང་གི་རྒྱུ་དང་ལས་ཀའི་ཁོར་ཡུག་གི་རྐྱེན། སྒེར་གྱི་གདམ་གསེས་ཀྱི་དོན་སོགས་མང་པོ་ཞིག་ཡོད་ངེས་པ་ཐག་གིས་ཆོད་མོད། ང་རང་གི་བསམ་པར། ཁོང་ཟི་ལིང་ནས་གྱེས་ཏེ་མཚོ་ནུབ་ཏུ་ཕྱིན་པ་ནི་བཀོད་སྒྲིག་ཡག་པོ་ཞིག་རེད་སྙམ་སྟེ། དེའི་ཕྱིས་ཀྱི་སྐབས་དང་སྐབས་སུ། ཁོང་གིས་བོད་མི་དག་མ་རྣམས་ལ་མཚོན་ན་འགུག་ཤུགས་ཆེ་བའི་བརྙན་འཕྲིན་ཟློས་གར་སྐོར་གྱི་བརྩམས་ཆོས་རབ་དང་རིམ་པ་བྱས་ནས་ཁྱེར་འོངས་པས་སོ། །དེའི་ཁྲོད་སྐོར་ཞིག་བརྙན་འཕྲིན་བརྒྱུད་ནས་བོད་མི་ལྟད་མོ་བ་དག་གིས་བལྟས་པའི་མོད་ལ། ཆེན་པོར་འོས་པའི་བོད་འབྲེལ་གློག་བརྙན་དང་བརྙན་འཕྲིན་ཟློས་གར་གཞན་དག་ཁག་ཅིག་གི་ནུས་པ་ལས་ཆེས་ཆེར་འགོངས་ཏེ། བོད་མི་ཕལ་གྱིས་ཧ་ཅང་དགའ་བསུ་བྱེད་བཞིན་པ་གོ་ཐོས་བྱུང་། ང་རང་སྒེར་ལ་མཚོན་ནའང་། ལོ་ངོ་བཅུ་ཕྲག་གཉིས་ཀྱི་རིང་བོད་འབྲེལ་གློག་བརྙན་དང་བརྙན་འཕྲིན་ཟློས་གར་ཧ་ལམ་ཆ་ཚང་ལ་མཇལ་བའི་གོ་རིམ་ཁྲོད། བོད་རང་གི་འཚོ་བ་དང་ཐག་ཆེས་ཉེ་ཞིང་བོད་ཀྱི་གནད་དོན་ངོ་མ་མཚོན་པ་ནི། རྐ་ཕུག་བསོད་རྡོས་འཁྲབ་ཁྲིད་ཕབ་བསྐྲུན་བྱས་པའི་གློག་བརྙན་དང་བརྙན་འཕྲིན་ཟློས་གར་འདིའི་རིགས་རེད་སྙམ་པའི་ཚོར་བ་ཞིག་ནར་མར་འབྱུང་བཞིན་ཡོད་ལ། ལྷག་པར་ཉེ་བའི་ལོ་འདི་དག་རིང་གི་ཁོང་གི་བརྙན་འཕྲིན་ཟློས་གར་སྒྱུ་རྩལ་གྱི་ལམ་བུར་བལྟས་ན། སྒེར་གྱི་གདམ་ཀ་ཡིན་ནའང་གཞི་རྐང་བོད་ཀྱི་འཚོ་བ་བྱས་ཏེ་ཐུན་མོང་བའི་བསམ་གཞིག་ཅིག་ལ་སྟེགས་བྱས་ཡོད་དོ་སྙམ།

དོན་ལ། རྐ་ཕུག་བསོད་རྡོའི་སྒྱུ་རྩལ་བརྩམས་ཆོས་དག་ནི་ངེས་པར་གློག་བརྙན་སྒྱུ་རྩལ་གྱི་ཐབས་ཤེས་རྙོག་འཛིང་ཞིག་ལ་བརྟེན་ཞིང་དཀའ་ལས་བརྒྱབ་སྟེ་མྱོང་རོལ་བྱེད་མི་དགོས་པར། ཧ་ཅང་སྟབས་བདེ་དང་བབ་ཆགས་ངང་ལ་མྱོང་ཆོག་པར་འདུག་ཅིང་། བོད་མི་རང་གི་འཚོ་བའི་ཁ་དོག་རྣལ་མ་ཅི་ཡོད་བསམ་གཞིག་གི་མེ་སྟག་ཅིག་ལ་བསྒོས་ཏེ་ཀུན་གྱི་མོས་བློར་བསྟར་བཞིན་ཡོད་པས། འདི་ནི་ཁོང་གི་བརྙན་འཕྲིན་ཟློས་གར་སྒྱུ་རྩལ་གཞན་དང་མི་མཚུངས་པའི་གནད་གཙོ་བོ་དེའང་ངོ་། །དེ་ལ་ཁ་ཅིག་གིས་སྔར་ཡང་ཁོ་བོར་འདི་བཞིན་བསྙད་མྱོང་སྟེ། བརྙན་འཕྲིན་ཟློས་གར་ནི་སྒྱུ་རྩལ་གྱི་རིགས་ཤིག་ཡིན་པའི་ཆ་ནས། དེའི་ངོས་ནས་དཔྱོད་རྒྱུ་མ་གཏོགས་ཕལ་བའི་མིག་གིས་སྐབས་རེར་དོན་སྙིང་དངོས་མི་མཐོང་བའི་དུས་ཀྱང་ཡོད་ཟེར་མོད། ང་རང་གི་བསམ་ཚོད་ལ། གློག་བརྙན་དང་བརྙན་འཕྲིན་ཟློས་གར་གང་ཡིན་ནའང་རུང་སྟེ། དེའི་ཁ་གཏོད་ཡུལ་གཙོ་བོ་ནི་སྒྱུ་རྩལ་པ་ཉུང་ཤས་དེ་ཚོ་མིན་པར་། ཕལ་བའི་སྤྱི་ཚོགས་ཁྲོད་ཀྱི་བལྟ་མཁན་ཁྲི་སྟོང་མང་པོ་དེའི་རིགས་ཡིན་པར་འདོད་ཅིང་། གློག་བརྙན་དང་བརྙན་འཕྲིན་ཟློས་གར་ལ་སྒྱུ་རྩལ་གྱི་འགུག་ཤུགས་ཡོད་མིན་དང་སློབ་གསོའི་ནུས་པ་ལྡན་མིན། རོལ་མྱོང་གི་མཛེས་སྡུག་མཆིས་མིན་རྣམས་ཀྱང་། ཤས་ཆེར་བལྟ་མཁན་ཁྲི་སྟོང་མང་པོ་འདིའི་རིགས་ཀྱིས་རྟོགས་དགོས་ཤིང་གླེང་དགོས་པ་ཞིག་ཡིན་པར་འདོད་དོ། །ངས་ནམ་རྒྱུན་ཉེ་འཁོར་གྱི་གྲོགས་པོ་ཚོར་འདི་བཞིན་བཤད་པ་ཡིན་ཏེ། གློག་བརྙན་དང་བརྙན་འཕྲིན་ཟློས་གར་བརྩམས་ཆོས་ཤིག་མང་མང་གིས་ཧ་མ་གོ་བར་ངེས་པར་འགྲེལ་བཤད་ཅིག་ལ་བརྟེན་དགོས་ཚེ། བརྩམས་ཆོས་དེའི་རིན་ཐང་མང་ཚོགས་ཅན་དུ་མ་ཆགས་པ་ཡིན་ཞིང་། དེ་ནི་གློག་བརྙན་དང་བརྙན་འཕྲིན་ཟློས་གར་གྱི་མཐར་ཐུག་དམིགས་ཡུལ་ཡང་ཨེ་ཡིན་ནམ་ཞེས་པ་དེའོ། །

རྐ་ཕུག་བསོད་རྡོས་གློག་བརྙན་དང་བརྙན་འཕྲིན་ཟློས་གར་སྐོར་ཞིག་འཁྲབ་ཁྲིད་དང་ཕབ་བསྐྲུན་མཛད་ཡོད་ལ། རིག་རྩལ་དགོང་ཚོགས་ལྟ་བུའང་མི་ཉུང་ཙམ་ཇུས་འགོད་འཁྲབ་ཁྲིད་དང་བརྙན་ལེན་སྒྲིག་སྦྱོར་སོགས་གནང་ཡོད་པ་ལས། འདིར་ནི་ཁོང་གིས་འཁྲབ་ཁྲིད་དང་ཇུས་འགོད་བྱས་པའི་གློག་བརྙན་དང་བརྙན་འཕྲིན་ཟློས་གར་ཁག་ཅིག་གཞིར་བཟུང་ནས་གླེང་རྒྱུ་ཡིན་ཞིང་། དེས་ད་ལྟའི་བོད་པའི་སྤྱི་ཚོགས་ལ་མཚོན་ནས་བཤད་ན་དོན་སྙིང་གང་འདྲ་ཞིག་ཟིན་ཡོད་མེད་གླེང་རྒྱུ་ཡིན། དེ་བཞིན་གོང་དུའང་ཞུས་པ་ལྟར་ཁོ་བོ་ནི་གློག་བརྙན་དང་བརྙན་འཕྲིན་ཟློས་གར་སྒྱུ་རྩལ་གྱི་དཔྱད་བརྗོད་པ་མིན་པས་ན། འདིར་གླེང་བའང་ལྟ་མཁན་དཀྱུས་མ་ཞིག་གི་མིག་དབང་གིས་བོད་འབྲེལ་གློག་བརྙན་འཕྲིན་ཟློས་གར་གླེང་བ་ཙམ་མོ། །

རྐ་ཕུག་བསོད་རྡོའི་བརྙན་འཕྲིན་རིག་རྩལ་དང་མུ་འབྲེལ་བརྙན་འཕྲིན་ཟློས་གར་སྒྱུ་རྩལ་གྱི་ལམ་བུར་བལྟས་ན། འཁྲབ་ཁྲིད་པ་ཞིག་གི་ངོས་ནས་བཤད་ན་དུས་ཡུན་ཐུང་ངུར་གྲུབ་འབྲས་གཟེངས་སུ་ཐོན་པ་བླངས་པ་ཅན་དུ་བརྩི་ཆོག་སྟེ། དཔེར་མཚོན་ཙམ་དྲངས་ན། 2008ལོར་ཁོང་གིས《མདོ་ལ་རིང་མོའི་སྐྱ་རེངས》ཞེས་པའི་ན་ཆུང་བྱིས་པའི་ལོ་སར་དགོང་ཚོགས་ཤིག་ལ་ཇུས་འགོད་འཁྲབ་ཁྲིད་དང་སྒྲིག་སྦྱོར་བྱས་ནས། ཡར་སྔོན་ལ་བོད་སྐད་བརྙན་འཕྲིན་གྱི་ན་ཆུང་བྱིས་པའི་ལོ་སར་དགོང་ཚོགས་མེད་པའི་ལོ་རྒྱུས་ལ་སྟོང་ཆ་བསྐངས་ཤིང་། དེར་མཐུད།《གཡང་དཀར་གྱི་གཏམ་རྒྱུད》ཅེས་པའི་བོད་སྐད་ཀྱི་སྲོག་ཆགས་རབ་བཏགས་བརྙན་འཕྲིན་ཞིག་ལ་བརྙན་བསྐྲུན་དང་བརྙན་ལེན་གྱི་འགན་ཁུར་ཏེ་བོད་ཀྱི་ལྟད་མོ་བའི་སྡེར་གྲགས་འགུལ་མི་ཆུང་བ་ཞིག་བཟོས་ལ། བོད་སྐད་སྲོག་ཆགས་རབ་བཏགས་བརྙན་འཕྲིན་གྱི་བརྙན་ལེན་པ་ཐོག་མའང་གྱུར། ལོ་དེར་མཚོ་སྔོན་བོད་སྐད་བརྙན་འཕྲིན་དུ་ཤར་གཏོང་བྱས་པའི་ལེའུ་བརྒྱད་ཅན་གྱི་མུ་འབྲེལ་བརྙན་འཕྲིན་ཟློས་གར《ཁ་སང་གི་གཏམ་རྒྱུད》ཅེས་པའང་། དོན་ལ་ཁོང་ཡང་བརྙན་ལེན་པའི་འགན་ཁུར་གྱི་ལས་སུ་ཞུགས་ཡོད་པ་རེད། རྒྱལ་ཡོངས་བོད་ཁུལ་མ་བུ་བདེ་སྲུང་དང་ཨེ་ཙིའི་རིམས་ནད་སྔོན་འགོག་སྐོར་གྱི་མུ་འབྲེལ་བརྙན་འཕྲིན་ཟློས་གར་ཐོག་མ《སྐྱིད་སྡུག་གི་ལོ་ཟླ》ཞེས་པ་ནི། ཁོང་གིས2013ལོར་འཁྲབ་ཁྲིད་བྱས་པའི་བརྙན་འཕྲིན་ཟློས་གར་ཞིག་ཡིན་ཞིང་། བརྙན་འཕྲིན་ཟློས་གར་འདིས་འཆམ་མཐུན་ཁྱིམ་ཚང་ཕལ་བ་ཞིག་གི་བཟའ་ཟླའི་བརྩེ་འདང་དེ་མི་འདོད་ལོག་ལམ་དུ་འཁེལ་ཏེ་རང་གཞན་གཉིས་ཕུང་གི་ལམ་དུ་ཕྱིན་པའི་གཏམ་རྒྱུད་ཅིག་ཞིབ་བརྗོད་བྱས་ཡོད། གློག་བརྙན《མཐར་མཇུག་གི་སྦྲ་ནག》ཡང་བོད་སྐད་སྨྲ་བའི་སྡེར་འགུག་ཤུགས་ཆེ་བའི་གློག་བརྙན་ཞིག་ཡིན་ལ། 2014ལོར་མཉམ་འབྲེལ་རྒྱལ་ཚོགས་ཚན་སློབ་རིག་གསུམ་རྩ་འཛུགས་དང་ཀྲུང་གོའི་མི་རིགས་གློག་བརྙན་འཕྲིན་སྒྱུ་རྩལ་འཕེལ་རྒྱས་ཡར་སྐུལ་ཚོགས་པས་མཉམ་སྒྲུབ་གནང་བའི“གསེར་གཤོག་རྟགས་མའི”གསར་རྩོམ་བྱ་དགའི་མཛད་སྒོའི་སྟེང་། གློག་བརྙན་འཕྲིན་གསར་རྩོམ་རིགས་ཀྱི་བྱ་དགའ་ཨང་དང་པོ་ཐོབ། དངོས་བཤུས་གློག་བརྙན《རྗེ་བཙུན་བླ་མའི་མཛད་རྣམ》ནི། སྐུ་འབུམ་བྱམས་པ་གླིང་གི་ཁྲི་ཆེན་བརྒྱ་དང་གསུམ་པ་དགེ་ཀྱཱ་སྐུ་ཕྲེང་བརྒྱད་པ་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་མཆོག་གི་ཐུན་མོང་རྣམ་ཐར་ལས་གལ་ཆེ་བ་དག་བརྙན་རིས་དང་ངོ་སྤྲོད་སྦྲགས་མའི་ཐབས་ཀྱིས་ཕབ་བསྐྲུན་བྱས་པ་ཞིག་ཡིན་ཞིང་། 2018ལོར་ཀྲུང་གོའི་བརྙན་འཕྲིན་སྒྱུ་རྩལ་མཐུན་ཚོགས་ཀྱི“བརྩམས་ཆོས་བཟང་པོའི”བྱ་དགའ་ཐོབ་འདུག  ཉེ་དུས་ཚ་ཚ་འུར་འུར་ཡིན་པའི《ནར་སོན་གྱི་ལོ་ཟླ》ཞེས་པ་ནི་ད་ལོར་གསར་དུ་ཤར་གཏོང་བྱས་པའི་ལེའུ་དྲུག་ཅན་གྱི་མུ་འབྲེལ་བརྙན་འཕྲིན་ཟློས་གར་ཞིག་ཡིན་ཞིང་། ཁྲིམས་ལུགས་དང་སློབ་གསོ་བརྗོད་དོན་དུ་བཟུང་ནས། མིའི་རིགས་ཀྱི་ལས་དབང་གཞི་གཅིག་ཅན་གྱི་བྱ་གཞག་སྟེ། མིའི་རིགས་ངེས་པར་དུ་བརྒྱུད་དགོས་པའི་སློབ་གསོའི་ཁོར་ཡུག་གསུམ་གྱི་གཏམ་རྒྱུད་ཁྲོད། རང་ས་རང་ཡུལ་ལས། སློབ་གསོའི་ཁོར་ཡུག་གང་ཞིག་གིས་མི་ཚེའི་ནར་སོན་གྱི་ལོ་ཟླ་ལ་གཙེས་པའི་སྐྱོ་གར་དང་། ཕུགས་འདུན་ལམ་ཁའི་ཁྲོད་འཕྲད་པའི་མངར་སྐྱུར་ཚ་གསུམ་གྱི་གཏམ་རྒྱུད་བརྗོད་ཡོད།  ཁོ་བོས་གོ་ཐོས་ལྟར་ན། བརྙན་འཕྲིན་ཟློས་གར་འདི་ནི་ཉིས་སྟོང་ཉི་ཤུའི་ལོར། རྒྱལ་ཁབ་རྒྱང་སྒྲོག་གློག་བརྙན་བརྙན་འཕྲིན་སྤྱི་ཁྱབ་ཅུའུ་ནས་ཞིབ་བཤེར་ཆོག་མཆན་གྱི་ལག་རྟགས་ཆ་ཚང་ཐོབ་པའི་རྒྱལ་ཡོངས་ཀྱི་སྐབས་ཐོག་མའི་བོད་སྐད་མུ་འབྲེལ་བརྙན་འཕྲིན་ཟློས་གར་ཡིན་ལ། བཅིངས་འགྲོལ་བྱས་པའི་ཚུན་ལ། བོད་ཁུལ་དུ་བོད་སྐད་མུ་འབྲེལ་བརྙན་འཕྲིན་ཟློས་གར་གྱི་ལོ་རྒྱུས་སྟེང་རྒྱལ་ཁབ་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཅུའུ་ནས་ཞིབ་བཤེར་འགྲོ་ལུགས་ཀྱི་ལག་རྟགས་ཆ་ཚང་ཐོབ་པའི་མུ་འབྲེལ་བརྙན་འཕྲིན་ཟློས་གར་ཐོག་མ་རེད། ད་ལྟའི་སྐབས་ལའང་། མི་མང་བོས་སྔར་བཞིན་བརྙན་འཕྲིན་ཟློས་གར་འདིའི་སྐོར་གླེང་ཞིང་དེའི་ཕ་རོལ་ཕག་གི་དོན་ལ་མནོ་བསམ་གཏོང་བཞིན་པ་འདིའོ། །

གོང་ཞུས་བཞིན་རྐ་ཕུག་བསོད་རྡོས་གློག་བརྙན་དང་བརྙན་འཕྲིན་ཟློས་གར་མི་ཉུང་ཙམ་ཞིག་གསར་རྩོམ་མཛད་པ་ཕུད། ཁོང་གིས་ད་དུང་རིག་རྩལ་དགོང་ཚོགས་དང་བྱ་འགུལ་གཞན་པ་སྐོར་ཞིག་ཀྱང་ཇུས་འགོད་འཁྲབ་ཁྲིད་བྱས་ཡོད་ཅིང་། དེ་རྣམས་ཀྱང་ཁོང་གི་སྒྱུ་རྩལ་ལམ་བུའི་སྟེང་གསར་རྩོམ་ལྟ་བ་དྲང་ཐད་དུ་མངོན་པ་རྐྱང་སྟེ། ཕལ་མོ་ཆེ་བྱིས་པའི་ན་ཚོད་ལ་རན་ཞིང་གཞོན་ནུའི་ཚོགས་ལ་ཕན་པའི་རིགས་ཡིན་འདུག་པས། སྒྱུ་རྩལ་འཁྲབ་ཁྲིད་པ་ཁོང་གི་ཕུགས་བསམ་ཕྱིར་མཚོན་བྱེད་སྟངས་གཞན་ཞིག་ཏུ་གོ་བ་ལེན་རུང་ངོ་། །

རྐ་ཕུག་བསོད་རྡོའི་བརྙན་འཕྲིན་ཟློས་གར་སྒྱུ་རྩལ་གྱི་བརྩམས་ཆོས་འདི་དག་ལ་ཞིབ་ཀྱིས་མཇལ་ན། ཁོ་བོའི་བསམ་པར་ཁོང་གི་སྒྱུ་རྩལ་གསར་གཏོད་ལ་གཤམ་གྱི་ཁྱད་ཆོས་དང་རིན་ཐང་འགའ་ཞིག་ལྡན་པར་འདོད་དེ།

གཅིག  ཕལ་བའི་མིག་ཟུང་ལ་འཁོར་བའི་བོད་ཀྱི་སྐྱིད་སྡུག

རྐ་ཕུག་བསོད་རྡོའི་བརྙན་འཕྲིན་ཟློས་གར་གྱི་ལམ་བུར་བལྟས་ན། ཁོང་གི་མིག་ཟུང་དེ་ནམ་ཡང་མི་སེར་ཕལ་བའི་འཚོ་ཚིས་ལ་གཏད་ཡོད་པ་མཐོང་ཐུབ་ལ། ཕལ་བ་དག་གི་མིག་ཟུང་ལ་བོད་ཀྱི་སྐྱིད་སྡུག་ཇི་ལྟར་སྣང་བ་དེ། ཁོང་གི་སྒྱུ་རྩལ་པའི་མིག་དབང་ལའང་དེ་བཞིན་འཁོར་ཏེ་བརྗོད་བྱའི་ས་བོན་དུ་བླངས་པ་རྟོགས་ཐུབ་བོ། །ད་ལྟའི་བར་བོད་དུ་བོད་འབྲེལ་གློག་བརྙན་དང་བརྙན་འཕྲིན་ཟློས་གར་མེད་པ་ཁ་སྐོང་ཙམ་ནི་བྱུང་ཟིན་ཞིང་། དེ་དག་ཁྲོད་རྒྱལ་སྤྱིའི་གློག་བརྙན་འགྲན་བསྡུར་ནང་བྱ་དགའ་ཐོབ་པའང་རབ་ཅིག་འདུག་ནའང་། དེ་རྣམས་ལས་ཕལ་མོ་ཆེ་ཞིག་བོད་པ་བྱིངས་ལ་འདྲིས་ཆ་མེད་པའམ་བལྟས་ཟིན་ཡང་ཚོར་བ་ཡན་པོའི་ངང་ལ་གནས་པ་ཞིག་ཡིན་ཚུལ་མང་བོར་གསལ། བོད་ཀྱི་གློག་བརྙན་ནམ་བརྙན་འཕྲིན་ཟློས་གར་ཞིག་ཡིན་ཕྱིན། ནམ་ཡང་བོད་ཀྱི་སྤྱི་ཚོགས་སམ་གནད་དོན་དངོས་མ་ཞིག་མཚོན་དགོས་པ་ཡིན་ལ། མིན་ན་བོད་ཀྱི་སྐྱིད་སྡུག་རྗེན་པར་སྟོན་པ་ཞིག་ཡིན་ན་འགྲིག དེ་ལས་གཞན་པའི་རིགས་ཀྱང་གང་མཁོ་དེ་བཞིན་ཡོད་ན་ཡང་རབ་ལོས་ཡིན་མོད། ད་ལྟའི་རང་རེའི་སྣང་ཚུལ་ལ་བལྟས་ན། ཆེས་ཉེར་མཁོའི་རྣམ་པ་ནི་འདི་དག་ལ་བརྟེན་དགོས་པ་ཞིག་ཡིན་པར་འདོད་ཅིང་། ཕལ་བའི་མིག་ཟུང་ལ་བོད་ཀྱི་སྐྱིད་སྡུག་གང་འདྲ་སྣང་བ་དེ་ཉིད། གློག་བརྙན་དང་བརྙན་འཕྲིན་ཟློས་གར་སྒྱུ་རྩལ་པ་དག་གིས་སོ་སོའི་འཇོན་ནུས་ལ་བརྟེན་ནས་རྙེད་པར་བྱ་རྒྱུ་ཙམ་མ་ཟད། ཧ་ཅང་བདེ་མོའི་ངང་ལ་བསམ་གཞིག་ཡོད་པའི་སྒྱུ་རྩལ་གྱི་ལམ་སྣེར་དྲངས་ཏེ་བོད་པ་བྱིངས་ལ་ཕྱིར་མཚོན་བྱ་རྒྱུ་ནི་གལ་ཆེའོ་སྙམ། གལ་ཏེ་བོད་ཀྱི་འཚོ་བའི་གདོང་རིས་ཙམ་ཐོན་ནའང་། བོད་ཀྱི་སྐྱིད་སྡུག་ཅེས་པའི་འཚོ་བའི་གནས་བབ་དངོས་ཀྱི་ཟ་ཟུར་རྙེད་མི་ཐུབ་པའམ་མཚོན་མ་ནུས་ཚེ། བོད་ཀྱི་སྣང་བརྙན་མཚོན་པའི་སྒྱུ་རྩལ་བརྩམས་ཆོས་སུ་བརྩི་ཐབས་མེད་དོ། །འདིའི་ངོས་ནས་དཔག་ན། རྐ་ཕུག་བསོད་རྡོས་ནི་བོད་མི་ཕལ་བ་དག་གི་མིག་ལ་འཁོར་བའི་བོད་མིའི་སྐྱིད་སྡུག་གི་འཚོ་བའི་ལོངས་སྤྱོད་དག་རྙེད་ཡོད་ཅིང་། དེ་ཡང་ཧ་ཅང་རན་པོའི་ངང་ལ་སྒྱུ་རྩལ་གྱི་ལག་སྣེར་བཅིངས་པས། རང་ཅག་བོད་མི་ཕལ་བ་དག་གིས་བལྟས་ཚེ་དངོས་སྣང་ཐོན་ཞིང་བག་བྲོ་ལ་རང་གི་སྐྱིད་སྡུག་འདྲེས་མའི་ཚོར་བ་ཉམས་སུ་མྱང་ཆོག་པ་བྱུང་བ་རེད། འདི་ནི་ཧ་ཅང་འགངས་ཆེ་བ་ཞིག་སྟེ། བརྒྱ་ལ་བོད་མི་ལྟ་མཁན་དག་གིས་ཅི་ལྟར་བལྟས་རུང་རང་གི་སྐྱིད་སྡུག་ནི་འདིའོ་ཞེས་པ་ཞིག་འཛུགས་ས་མེད་ཚེ། དངོས་སྣང་གི་འཚོ་བ་ཞེས་པ་ཅི་ལྟར་འགྲེལ། རྐ་ཕུག་བསོད་རྡོས་འཁྲབ་ཁྲིད་ཕབ་བསྐྲུན་མཛད་པའི་གློག་བརྙན་དང་བརྙན་འཕྲིན་ཟློས་གར་དག་གིས། གཅིག་ན་བོད་མི་ཕལ་བ་དག་གིས་ཉམས་སུ་མྱོང་བཞིན་པའི་སྐྱིད་སྡུག་གི་འཚོ་བ་རྗེན་པར་མཚོན་ཡོད་སྟབས་ཁོང་གིས་ཐོག་མར་དེ་ཉིད་ཡང་དག་པར་རྙེད་ཟིན་པ་ཁ་ཚོན་བཅད་ཆོག་ཅིང་། གཉིས་ནས་སྐྱིད་སྡུག་གི་འཚོ་བའི་ལེགས་ཉེས་དག་ལ་རང་གི་ལྟ་བས་འགྲེལ་བརྗོད་ཕྱིར་མཚོན་བྱས་པ་ཡིན་པས། གོ་བསྐོན་བློ་འགུག་དང་བླང་དོར་དབྱེ་འབྱེད་ཀྱི་བློ་མིག་བསྩལ་ཡོད་དོ། །སྐྱིད་སྡུག་གི་འཁོར་བ་ནི་ཕལ་བའི་མིག་ཟུང་ལ་སྣང་རྒྱུ་ཞིག་ལས་ཆེན་པོར་འོས་པ་དག་གི་ལོངས་སུ་སྤྱོད་བྱ་མིན་ཞིང་། སྤྱི་ཚོགས་གང་ཞིག་ལ་མཚོན་ནས་བཤད་རུང་། ཕལ་བའི་སྐྱིད་སྡུག་མེད་ཚེ་སྤྱི་ཚོགས་གཞི་གྲུབ་མི་ཐུབ་བོ། །དེར་བརྟེན། བརྙན་འཕྲིན་ཟློས་གར་གྱི་འཁྲབ་ཁྲིད་པ་ཞིག་དང་ལྷག་པར་བོད་རང་གི་འཚོ་བ་མཚོན་པར་འབད་པའི་སྒྱུ་རྩལ་པ་ཞིག་ལ་མཚོན་ནས་བཤད་ན། བོད་མི་ཕལ་བ་དག་གི་སྐྱིད་སྡུག་གི་འཁོར་བ་ངོས་ཟིན་རྒྱུ་གལ་ཆེ་ཞིང་། ནམ་ཡང་སྐྱིད་སྡུག་དེའི་ལེགས་ཉེས་དབྱེ་འབྱེད་ལ་སྟེགས་བྱས་པ་ཡིན་ཚེ། བོད་མི་རང་གིས་དགའ་བསུ་བྱེད་པའི་བརྩམས་ཆོས་བར་མ་ཆད་པར་འབྱུང་ཐུབ་བོ། །

གཉིས། ཕལ་བའི་སྤྱི་ཚོགས་ལ་ཁ་གཏད་པའི་སྒྱུ་རྩལ་གྱི་གསར་གཏོད།

བོད་མི་ཕལ་བ་དག་གི་སྐྱིད་སྡུག་ལ་མིག་ཟུང་གཏད་པའི་དབང་གིས། རྐ་ཕུག་བསོད་རྡོའི་སྒྱུ་རྩལ་གསར་གཏོད་ཀྱང་ཕལ་བའི་སྤྱི་ཚོགས་ལ་ཁ་གཏད་པ་དེ་ཆགས་ཡོད། མི་སེར་གྱི་སྐྱིད་སྡུག་ནི་ཕལ་བའི་སྤྱི་ཚོགས་ཀྱི་རྩ་བའི་སྒྲོམ་གཞི་ཆགས་བྱེད་དེ་ཡིན་ཞིང་། མི་སེར་གྱི་སྐྱིད་སྡུག་དངོས་མར་དོ་སྣང་རྟོག་ཞིབ་བྱས་པ་ཡིན་ཚེ། དོན་ལ་ཕལ་བའི་སྤྱི་ཚོགས་ལ་གཟབ་ཉན་བྱས་པ་ཞིག་ཡིན། སྒྱུ་རྩལ་གྱི་ལས་རིགས་གང་ཞིག་གཉེར་མཁན་ཡིན་རུང་ཆོག་གི། ཐོག་མའི་ཆ་རྐྱེན་ནི་སྤྱི་ཚོགས་ལ་ཟབ་ཞུགས་དང་བརྟག་ཞིབ་བྱེད་རྒྱུ་དེ་ཡིན་ཞིང་། སོ་སོའི་དམིགས་པ་མི་མཚུངས་པས། སྤྱི་ཚོགས་ཀྱི་ནང་དོན་མི་འདྲ་བར་དོ་སྣང་དང་ལྟ་ཞིབ་བྱེད་པ་ཡིན། རྐ་ཕུག་བསོད་རྡོ་ནི་དམའ་རིམ་མི་སེར་གྱི་ཕལ་བའི་སྐྱིད་སྡུག་གི་རྣམ་པར་བརྟག་གཞིག་གཏོང་མཁན་དེའི་རིགས་ཡིན་པས། ཁོང་གི་བརྩམས་ཆོས་རྣམས་ཀྱང་ཕལ་བའི་སྤྱི་ཚོགས་ལ་ཁ་གཏད་པའི་གསར་རྩོམ་གྱི་འབྲས་བུ་ཡིན་འདུག་ཅིང་། འདིའི་ཁོང་གི་སྒྱུ་རྩལ་གྱི་ལམ་བུ་གང་ཡིན་ར་སྤྲད་པ་ཞིག་ཀྱང་རེད། བོད་ཀྱི་སྤྱི་ཚོགས་ནི་གྲོང་ཁྱེར་སྤྱི་ཚོགས་ཆེར་མེད་ཅིང་མཐོ་རིམ་སྐུ་དྲག་སྤྱི་ཚོགས་གྱེས་འཐོར་ཅན་གྱི་སྤྱི་ཚོགས་ཤིག་ཡིན་རྐྱེན། སྤྱིར་བཏང་ཕལ་བའི་སྤྱི་ཚོགས་དེ་ཉིད་གཞི་རྩའི་རྣམ་པ་བྱས་ཏེ་གྲུབ་པ་ཞིག་ཏུ་གོ་བ་ལེན་དགོས་ཆགས་ཡོད། དེས་ན། རྐ་ཕུག་བསོད་རྡོ་ལགས་ནས་ཕལ་བའི་སྤྱི་ཚོགས་འདི་ལ་ནམ་ཡང་ལྟ་ཞིབ་དང་གཟབ་ཉན་བྱས་བྱས་ལ་ཡོད་པ་ནི། དོན་ལ་བོད་མི་ལྟད་མོ་བ་བྱིངས་ལ་མཚོན་ན་ལས་དྲང་བ་ཞིག་ཏུ་བརྩིས་ཆོག་སྟེ། རྒྱུ་མཚན་དེང་གི་བོད་འབྲེལ་གློག་བརྙན་དང་བརྙན་འཕྲིན་ཟློས་གར་ཁག་ཅིག་བོད་པ་བརྗོད་གཞི་ཡིན་རུང་ཕལ་བའི་སྤྱི་ཚོགས་ལ་རྐང་བཙུགས་མེད་པ་དང་། བོད་ཡུལ་བརྙན་མིག་ཏུ་བསྐྱོན་རུང་ཡང་ན་འདས་པའི་སྤྱི་ཚོགས་ཤིག་ལ་འཁྲལ་འཁྲུལ་གྱིས་གོ་བ་བླངས་པའམ། མིན་ན་འཆར་ཡན་སྤྱི་ཚོགས་ཤིག་རྟོག་བཟོ་བྱས་ཡོད་པས་སོ། །བོད་ཀྱི་གློག་བརྙན་དང་བརྙན་འཕྲིན་ཟློས་གར་དག་གིས་གཞན་པ་ནང་བཞིན་དམག་འཁྲུག་དང་འཆར་ཡན་དང་རྟོག་འགྱུ་དང་དྲག་རྩལ་སོགས་མཚོན་པར་དཀའ་ཁག་ཆེ་བས་ན། རབ་ནི་འདི་བཞིན་ཕལ་བའི་སྤྱི་ཚོགས་ཀྱི་ཟུར་སྣ་ཚོགས་ལ་རྐང་བཙུགས་ཏེ་བོད་མིའི་སྤྱི་ཚོགས་ཀྱི་དངོས་ཡོད་གནད་དོན་རྣམས་ཇི་བཞིན་ཚུར་སྣང་བྱེད་པ་དང་། དེ་ལ་སྒྱུ་རྩལ་པ་སོ་སོའི་ཐུན་མིན་གསར་གཏོད་ཀྱིས་འགུག་ཞགས་སྤྲད་དེ་བོད་མི་ཕལ་ལ་ལོངས་སྤྱོད་དུ་འཇུག་རྒྱུ་དེའོ། །

གསུམ། ཕལ་བའི་ཐབས་ཤེས་ལ་འདྲིས་པའི་བབ་ཆགས་དྲང་བརྗོད་ཀྱི་ཐབས་ལམ།

གོང་སྨོས་བཞིན་རྐ་ཕུག་བསོད་རྡོའི་བརྩམས་ཆོས་རྣམས་ཕལ་བའི་སྐྱིད་སྡུག་ལ་གཞི་བཅོལ་ཞིང་ཕལ་བའི་སྤྱི་ཚོགས་ཕྱིར་མཚོན་བྱས་པ་ཅན་ཡིན་པས། སྒྱུ་རྩལ་གྱི་མཚོན་ཐབས་ཀྱང་སྤྱིར་བཏང་ཕལ་བའི་ཐབས་ཤེས་ལ་བརྟེན་པ་འབའ་ཞིག་རེད། དེ་ནི་ཏག་ཏག་བརྗོད་བྱ་འདི་རིགས་ལ་འཚམ་ཞིང་ད་ལྟའི་བོད་མི་བྱིངས་ཀྱི་བརྙན་འཕྲིན་ཟློས་གར་སྒྱུ་རྩལ་གྱི་མྱོང་རོལ་ནུས་པ་དང་མཛེས་དཔྱོད་ལྟ་བར་མཐུན་པ་ཞིག་གོ །མ་གཞིར་ཡང་། བརྙན་འཕྲིན་ཟློས་གར་གྱི་སྒྱུ་རྩལ་ནི་ནང་དོན་རྣམ་པའི་ངོས་ནས་སྒྱུ་རྩལ་གྱི་རིགས་གཞན་དག་དང་བསྡུར་ན་གབ་སྦེད་ཆེར་མེད་པ་ཞིག་ལགས་པས། ཕྱིར་མཚོན་བྱེད་སྟངས་ཀྱང་རྩོམ་རིག་བརྩམས་ཆོས་དང་རི་མོའི་སྒྱུ་རྩལ་བཞིན་དཀྱོགས་ནས་སྟོན་པ་དེ་འདྲ་མིན་པར། རང་བཞིན་ཅུང་ཟད་དྲང་བོར་སྟོན་པ་ཞིག་རེད། ལྟ་མཁན་དག་ལ་མཚོན་ནའང་། ཕལ་མོ་ཆེས་བརྙན་འཕྲིན་ཟློས་གར་གྱི་མ་གཞིའི་ནང་དོན་དང་དེ་ལས་འཕྲོས་པའི་གནད་དོན་ཁག་ལ་བསམ་གཞིག་བྱེད་པ་ལས། སྤྱིར་བཏང་བརྙན་རིས་མི་འདྲ་བའི་མཚོན་སྟངས་དང་སྐད་ཆའི་ཞིབ་བརྗོད་ཕག་གི་དོན་གྱི་གོ་བ། ཁ་དོག་གི་མཚོན་དོན། སྣང་བརྙན་གྱི་བསྟན་དོན་སོགས་ལ་ཞིབ་ཆ་བཏོད་དེ་བརྟག་དཔྱད་གཏོང་ནུས་མཁན་ཆེར་མེད། བརྙན་འཕྲིན་ཟློས་གར་གྱི་སྒྱུ་རྩལ་ནི་སྒྱུ་རྩལ་གྱི་རིགས་རྣམས་ལས་ཕལ་བའི་རང་བཞིན་མངོན་པར་གསལ་བ་ཅན་ཞིག་ཏུ་སྣང་བས་ན། རྐ་ཕུག་བསོད་རྡོའི་གློག་བརྙན་དང་བརྙན་འཕྲིན་ཟློས་གར་ཁག་ཕལ་བ་བྱིངས་ལ་འདྲིས་པའི་ཐབས་ཀྱིས་ཕྱིར་མཚོན་བྱས་པ་ཞིག་ཡིན་ཕྱིར།།  ཁོང་གི་མཚོན་ཐབས་ཀྱང་རྣམ་པའི་ཐད་ནས་བབ་ཆགས་དྲང་བརྗོད་ཅན་གཙོ་ཆེར་བཟུང་ཡོད་ཅིང་། དེ་ཉིད་ཏག་ཏག་ཕལ་བའི་མིག་ཟུང་ལ་མཛའ་ཞིང་འཕྲོད་པ་ཅན་ཞིག་དང་། རན་ཞིང་འོས་པ་ཅན་ཞིག་གོ །

བཞི། ཕལ་བའི་མི་སེར་ལ་ཁ་ཕྱོགས་པའི་ཞབས་ཞུའི་སྙིང་སྟོབས།

བོད་ཀྱི་བརྙན་འཕྲིན་ཟློས་གར་ལས་རིགས་ནི་བྱུང་ནས་རིང་བོ་འགོར་མེད་པ་དང་། འགོར་ཡང་གྲུབ་འབྲས་མངོན་གསལ་ཞིག་མེད་ལ། ཡོད་ཀྱང་ལྟ་མཁན་དཔུང་སྡེའི་རོལ་མྱོང་ཆུ་ཚད་ཞན་པ་ཞིག་གོ །དེ་ལྟ་བུས་ན། བོད་ཀྱི་བརྙན་འཕྲིན་ཟློས་གར་ནི་སྔར་བཞིན་མི་སེར་སྤྱི་ཚོགས་གཞི་རྒྱུ་བྱས་པའི་སྒྱུ་རྩལ་གསར་གཏོད་དང་རོལ་མྱོང་གི་ལས་ཀ་ཞིག་ཡིན་ཞིང་། ད་དུང་ལྟད་མོ་བའི་བག་ཆགས་མུ་མཐུད་བསྔོག་དགོས་པའི་ཐོག་མའི་དུས་རིམ་ཞིག་ཏུ་ངོས་འཛིན་དགོས་པ་ཡིན། རྐ་ཕུག་བསོད་རྡོ་ལགས་ནས་གནད་འདི་ལ་བསམ་གཞིག་བཏང་ཡོད་པ་ཡིན་ངེས་ཏེ། ཁོང་གི་བརྩམས་ཆོས་དག་གིས་ཕལ་བའི་སྤྱི་ཚོགས་བརྗོད་གཞིར་བཟུང་ཞིང་དེ་ལས་ཉེ་བར་འོངས་པའི་གནད་དོན་རྣམས་སྔོག་འདོན་དང་དེའི་ལེགས་ཉེས་གཙོར་བཏོན་ནས་ལྟ་མཁན་དག་ལ་དབྱེ་འབྱེད་དུ་རོལ་མྱོང་བྱེད་དུ་འཇུག་བཞིན་པས། དམིགས་པ་གཙོ་བོ་ཕལ་བའི་མི་སེར་ལ་ཁ་ཕྱོགས་ཤིང་བོད་མི་ཤེས་ཡོན་པ་ཞིག་གི་མ་མཐའི་རྒྱུ་འབྲས་བློ་མིག་རྟག་གུས་བརྩོན་པས་བླངས་ཏེ། བོད་མི་བྱིངས་ལ་ཞབས་ཞུ་སྒྲུབ་བཞིན་པ་འདིའོ། །རང་རེའི་གནས་བབ་ནི་ཉམས་ཐག་ལ་ཉེན་ཁས་བཟུང་བ་ཞིག་ལགས་ཤིང་། ཉེ་བར་མཁོ་བའི་རིགས་ཀྱང་ཀླད་ནས་བཀའ་ཤོག་རྩོམ་མཁན་དེའི་རིགས་མིན་པར། གཤམ་ནས་རམ་སྐྱོར་བྱེད་མཁན་དེའི་རིགས་ཡིན་པས། ང་ཚོར་ངེས་པར་དགོས་པའང་ཞབས་ཞུའི་བསམ་བློ་ཡོད་ཅིང་ལྷག་བསམ་དྭངས་མ་ཅན་དེའི་རིགས་སོ། །འདིའི་ངོས་ནས་བལྟས་ན། རྐ་ཕུག་བསོད་རྡོ་ལགས་ཀྱི་བརྙན་འཕྲིན་ཟློས་གར་གྱི་སྒྱུ་རྩལ་ལས་ཀ་ནི་རང་འཁྲིའི་ལས་ཀ་བརྩོན་པའི་ལྷུར་བླངས་པ་ཞིག་དང་། ཕལ་བའི་བསམ་བློ་སྙིང་སྟོབས་ཀྱི་གོ་ཆར་བསྒོས་པ་ཞིག ལྷག་བསམ་དག་མ་སྒེར་གྱི་མོས་པར་བརྒྱུས་པ་ཞིག མི་སེར་ཕལ་ལ་ཞབས་ཞུའི་རྣམ་འགྱུར་འཆིང་བ་ཞིག་གོ་སྙམ།

ལྔ། ཕལ་བ་ཐུན་མོང་གི་སྤྱི་ཕན་ལས་སྒོ་སྙེག་པའི་ཕུགས་བསམ་པའི་རང་གཤིས།

རྐ་ཕུག་བསོད་རྡོ་ལགས་ནི་བརྙན་འཕྲིན་ལས་ཁུངས་ག་གེ་མོར་ལས་ཀ་བྱེད་བཞིན་པའི་ན་གཞོན་བརྙན་འཕྲིན་གཞུང་ལས་པ་ཞིག་ཡིན་ནའང་། ཁོང་གིས་རང་གི་བྱ་བའི་ལས་རྐང་ལ་གཞི་བྱས་ཏེ་སྒེར་གྱི་སྒྱུ་རྩལ་ལམ་བུར་ཞུགས་པ་ཡིན་ཞིང་། ཐུན་མོང་སྤྱི་ཕན་གྱི་ལས་ཀའི་ཁུར་བོ་ཆེ་ཞིག་བབ་བཞིན་འཁུར་ནས་ཡོང་། ཁོང་གིས་ད་ལྟའི་བར་དུ་འཁྲབ་ཁྲིད་དང་འཆར་འགོད། ཕབ་བསྐྲུན་སོགས་བྱས་པའི་བརྩམས་ཆོས་དག་གི་བརྒྱུད་རིམ་ལ་བལྟས་ན། མ་དངུལ་གྱི་གཏོང་སྒོ་ཆུང་ཡང་ལས་ཆོད་ཆེན་པོས་དབུ་བརྩམས་ཡོད་པ་དང་། བརྗོད་བྱའི་བསྟན་དོན་རྒྱ་མི་ཆེ་ཡང་བོད་སྤྱི་ཚོགས་ཀྱི་ཁ་ཚ་དགོས་གཏུག་གི་གནད་དོན་མང་བོ་དྲངས་ནས་ཡོང་། ལྷག་པར། ཁོང་གིས་གསར་རྩོམ་མཛད་པའི་སྒྱུ་རྩལ་གྱི་བརྩམས་ཆོས་འདི་དག་ཁ་ཚང་ཐུན་མོང་སྤྱི་ཕན་གྱི་དམིགས་འབེན་ཞིག་ལ་གཞི་བྱས་ཡོད་པ་དང་། བོད་ཀྱི་དམའ་རིམ་སྤྱི་ཚོགས་ལ་ཕན་བདེ་བསྐྲུན་པའི་དོན་སྙིང་འབའ་ཞིག་སྙིང་ལ་བཅིངས་ཡོད་པས་ན། ང་ཚོའི་གཟིགས་མོར་བྱོན་པའི་མུ་འབྲེལ་བརྙན་འཕྲིན་དག་ཀྱང་ལྟད་མོ་བའི་ནང་བྲིན་པོ་བྱུང་སྟེ། ཀུན་གྱིས་དགའ་བསུ་བྱེད་པའི་བརྩམས་ཆོས་སུ་གྱུར་པ་རེད། སྤྱི་ཕན་ལས་ཀ་ནི་རྒྱུན་ཡོད་དགོས་པའི་ལས་ཀ་ཞིག་ལགས་ཤིང་། ཕུགས་བསམ་ཅན་དག་གི་སྩོལ་བ་ལས་ད་གཟོད་འགྲུབ་ནུས་པ་ཞིག་ཡིན་པར་བརྟེན། རྐ་ཕུག་བསོད་རྡོའི་བརྙན་འཕྲིན་ཟློས་གར་འདི་རིགས་ཀྱང་རིམ་པ་དང་རིམ་པ་བྱས་ཏེ་རང་ཅག་གི་བགོ་སྐལ་དུ་མུ་རུ་བྱུང་བ་ཡིན་ལ། ཁོ་བོ་དེ་ལ་མོས་པའི་རྐྱེན་ཡང་གཙོ་བོ་འདི་གཅིག་ཡིན་ནོ། །དཔེར་ན་ཨེ་ཙེའི་ནད་ཀྱི་དོན་དང་སློབ་བྱོལ་གྱི་དོན་དང་བཟའ་ཚང་ཁ་འཐོར་གྱི་དོན་དང་སྔོན་གྱི་སྲོལ་ལུགས་ལ་གས་ཆག་ཤོར་བའི་དོན་སོགས་གང་ཡིན་ཡང་། ཁོང་གིས་གཟས་ནས་བརྗོད་དོན་དུ་བཟུང་སྟེ་ཐུན་མོང་སེམས་ཁུར་ཡོད་པ་གཞིར་བྱས། ཀུན་ལ་བསམ་གཞིག་གི་དོད་དུ་བརྙན་འཕྲིན་ཟློས་གར་དུ་ཕབ་བསྐྲུན་བྱས་པ་ཡིན་ཞིང་། འདིས་ཁོང་གི་ཐུན་མོང་མིན་པའི་མི་གཤིས་ཤིག་ཀྱང་སྟོན་བཞིན་འདུག་གོ་སྙམ།

གོང་དུ་རྐ་ཕུག་བསོད་རྡོ་ལགས་ཀྱི་བརྙན་འཕྲིན་ཟློས་གར་གྱི་སྒྱུ་རྩལ་གྱི་ལམ་བུར་ཕྱིར་རྟོག་ཙམ་པོ་བ་ཞིག་བགྱིས་ཏེ་རང་གི་མྱོང་སྣང་ཐན་ཐུན་ཙམ་གླེང་བ་ཡིན་ཞིང་། དེའང་ན་གཞོན་སྒྱུ་རྩལ་པ་འདིའི་བྱས་པར་གོང་བཀུར་དང་ཕལ་བའི་སྤྱི་ཚོགས་ལ་མིག་གཏད་རྣ་བ་གཡར་བའི་ཤེས་ཡོན་པ་དག་ལ་ཡི་རངས་འབུལ་བའི་ཕྱིར་དུ་ཡིན། བོད་དུ་གློག་བརྙན་དང་བརྙན་འཕྲིན་ཟློས་གར་སྒྱུ་རྩལ་པ་རྒན་གཞོན་མང་ཞིང་ཁོང་ཚོར་ཡང་སོ་སོའི་ཁྱད་ཆོས་དང་ནུས་པ་ཡོད་ངེས་གཏན་ཡིན་མོད། ཁོ་བོ་སྒེར་ངོས་ནས་བརྗོད་ན། རྐ་ཕུག་བསོད་རྡོའི་སྒྱུ་རྩལ་གྱི་ལམ་བུ་འདེད་སྟངས་འདིར་ཡིད་མོས་ཤིང་བོད་མི་དྲང་མོ་ཞིག་གི་ལྷག་བསམ་དག་པའི་རྣམ་འགྱུར་མཚོན་བཞིན་ཡོད་སབས། ཆེད་དུ་ཁོང་ཉིད་དཔེ་གཞིར་བཟུང་ནས་གླེང་བ་ཡིན། དེ་མིན། རྐ་ཕུག་བསོད་རྡོའི་བརྙན་འཕྲིན་ཟློས་གར་ལ་བརྙན་འཕྲིན་ཟློས་གར་སྒྱུ་རྩལ་རང་གི་ངོས་ནས་སྐྱོན་དང་ནོར་འཁྲུལ་ངེས་པར་ཡོད་སྲིད་ཅིང་། འཁྲུལ་སེལ་བཅོས་སྒྱུར་གྱི་མི་འདང་སའང་ཡོད་པར་སྲིད་མོད། དེ་ནི་བརྙན་འཕྲིན་ཟློས་གར་དཔྱད་བརྗོད་པ་དངོས་མ་དག་གི་ལས་དང་བྱ་ར་བྱེད་ཡུལ་ཡིན་པས་ན། འདིར་ཁོང་རྣམས་ལ་བརྩི་བཀུར་གྱིས་དགག་བཞག་ཐེར་འདོན་གྱི་ཁུར་བོ་ཆེ་ནི་ཁྱེད་རྣམས་ཀྱིས་ཐེག་པར་མཛོད་ཅིག་ཅེས་ཞར་ལ་ཞུས་པ་ཡིན་ནོ། །  ། །

2222222222r5555.jpg

རྨེ་རུ་ཡུལ་ལྷ་ཐར་ནི།  1979ལོར་བོད་མདོ་སྨད་བྱང་ཤར་ཡུལ་གྱི་གཅན་ཚར་སྐྱེས།  2000ལོར་སློབ་ཆེན་མཐར་ཕྱིན་རྗེས་གཅན་ཚ་རྫོང་དོ་རྒྱ་ཡུལ་ཚོར་སློབ་ཆུང་དགེ་རྒན་བྱས་མྱོང་།  2008ལོ་ནས2016ལོའི་བར་མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་བོད་ཡིག་སྡེ་ཁག་ཏུ་ལས་ཀ་གཉེར་ཞིང་།  ད་ལྟ་མཚོ་སྔོན་མི་རིགས་སློབ་ཆེན་མི་རིགས་རིག་པ་དང་སྤྱི་ཚོགས་རིག་པའི་སློབ་གླིང་གི་དགེ་རྒན་ཆེན་མོ་ཡིན།  ཤེས་ལྡན་མི་སྣ་བརྒྱ་སྟོང་ཁྲི་ལས་གྲའི་རྒྱལ་ཁབ་རིམ་པའི་ཆེད་མཁས་དང་།“རྒྱལ་ཁབ་ལ་བྱས་རྗེས་འབུར་ཐོན་བཞག་པའི་དར་གཞོན་ཆེད་མཁས”རྒྱལ་ཁབ་སློབ་གསོ་པུའུ་ཡི“དུས་རབས་གསར་བའི་ཕུལ་བྱུང་ཤེས་ལྡན་མི་སྣ”མཚོ་སྔོན་ཞིང་ཆེན་གྱི་རིག་གཞུང་སྣེ་ཁྲིད་མི་སྣ་སོགས་ཡིན།  བོད་རིག་པའི་ཆེད་ལས་ཀྱི་འབུམ་རམས་ཞིབ་འཇུག་སློབ་མའི་མཛུབ་སྟོན་སློབ་དཔོན་དང་།  ལོ་རྒྱུས་ཡིག་ཚང་རིག་པ་དང་མི་རིགས་ལོ་རྒྱུས།  ཆོས་ལུགས་རིག་པ་བཅས་ཀྱི་རབ་འབྱམས་ཞིབ་འཇུག་སློབ་མའི་མཛུབ་སྟོན་སློབ་དཔོན་ཡིན།  གཙོ་བོར་བོད་ཀྱི་ལོ་རྒྱུས་རིག་པ་དང་ལོ་རྒྱུས་ཡིག་ཚང་།  ཆོས་ལུགས་ལོ་རྒྱུས།  དེ་མིན་ཧི་མ་ལ་ཡའི་ཤེས་རིག་ཐད་ཀྱི་སློབ་ཁྲིད་དང་ཞིབ་འཇུག་གི་ལས་ཀ་སྒྲུབ་ཀྱིན་ཡོད།  སྔ་ཕྱིར་མཚོ་སྔོན་མི་རིགས་དགེ་འོས་མཐོ་རིམ་ཆེད་སྦྱོང་སློབ་གྲྭ་དང་།  ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པ་ཞིབ་འཇུག་གླིང་།  ནུབ་བྱང་མི་རིགས་སློབ་ཆེན་བོད་ཀྱི་སྐད་ཡིག་རིག་གནས་སློབ་གླིང་སོགས་རིམ་པར་འགྲིམས་ཏེ་བོད་ཀྱི་ཡིག་རྙིང་རིག་པའི་འབུམ་རམས་པའི་བསླབས་གནས་ཐོབ།  2014ལོར་ཧྲའན་ཞི་དགེ་འོས་སློབ་ཆེན་འཛམ་གླིང་ལོ་རྒྱུས་ཆེད་ལས་འབུམ་རམས་ཕྱི་ཚར་གྱི་ཞིབ་འཇུག་རྟེན་གཞི་ལས་འབུམ་རམས་ཕྱི་ཚར་བའི་ཞིབ་འཇུག་མཐར་སོན།  ད་ལྟའི་བར་བོད་རྒྱ་ཡིག་རིགས་གཉིས་ཀྱི་ལམ་ནས་རིག་གཞུང་ཆེད་དེབ་ལྔ་བཏོན་ཞིང་།  ལོ་ཙཱའི་འགྱུར་དེབ་གཉིས་པར་བསྐྲུན་བྱས་ལ།  དཔྱད་རྩོམ་དགུ་བཅུ་ཙམ་དུས་དེབ་སྣ་ཚོགས་སུ་སྤེལ་བ་དང་།  རྒྱལ་ཁབ་རིམ་པའི་ལས་གཞི་བཞི་ཆེད་གཉེར་གྱིས་མཇུག་བསྡུས་ཡོད།  ད་ལྟ་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་གནད་ཆེའི་ལས་གཞི་སྟེ“མདོ་ཁམས་བོད་ཀྱི་ས་གནས་ལོ་རྒྱུས་ཡིག་ཚང་འཚོལ་ཞིབ་དང་མདོ་ཁམས་བོད་ཀྱི་ལོ་རྒྱུས་ཆེན་མོའི་རྩོམ་འབྲི”ཞེས་པར་དབུ་འཛིན་ཞིབ་འཇུག་བྱ་བཞིན་ཡོད་ཅིང་།  རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་ཚོགས་མི་ཡིན་ནོ། ། 

78785.jpg

བསོད་ནམས་རྡོ་རྗེ། བསྡུས་མིང་དང་སྨྱུག་མིང་ལ་བསོད་རྡོའམ་རྐ་ཕུག་བསོད་རྡོ་ཟེར། མཚོ་སྔོན་གཅན་ཚ་རྫོང་ཁམས་ར་གྲོང་རྡལ་རྐ་ཕུག་ས་ཆའི་རུ་མཚེར་སྡེ་བའི་ཡ་མཁར་ཚོ་བར་ཞིང་ཁྱིམ་ཕལ་བ་ཞིག་ཏུ་སྐྱེས། སྐབས་དེར་ཕ་ཡུལ་ལུང་པར་ཆ་ཚང་སློབ་གྲྭ་ཟེར་བ་ཞིག་མེད་པས། གཞན་ཡུལ་བསྙེགས་ཏེ་འོས་འགན་སློབ་གསོ་མྱངས་པའི་སྐལ་བ་ལྡན་ལ། སྤྱི་ལོ༢༠༠༥ལོར་མཚོ་སྔོན་དགེ་ཐོན་སློབ་ཆེན་ནས་དངོས་གཞི་མཐར་ཕྱིན། ལོ་དེར་རི་སྡེ་ལུང་པ་དེ་རུ་སློབ་ཆེན་དངོས་གཞི་སློབ་མ་ཐོག་མར་གྱུར། 

སྤྱི་ལོ༢༠༠༥ལོའི་ཟླ༩པ་ནས་༢༠༡༠ལོའི་ཟླ༣པའི་བར་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་ཨ་མདོ་བརྙན་འཕྲིན་ནས་གསར་འགྱུར་ལོ་ཙྰ་དང་རྩོམ་སྒྲིག་གསར་འགོད།  རིག་རྩལ་དང་ཆེད་སྒྲིག་ལེ་ཚན་ཇུས་འགོད་དང་སྒྲིག་ཁྲིད། བརྙན་ཕབ། རྩོམ་འབྲི། སྒྲིག་སྦྱོར་སོགས་ཀྱི་ལས་ཀ་གཉེར། སྤྱི་ལོ༢༠༡༠ལོའི་ཟླ༤པར་བྱ་བའི་དགོས་དབང་གིས་མཚོ་ནུབ་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་དུ་ལས་གནས་སྤར། གསར་འགྱུར་དང་ཆེད་སྒྲིག་ དངོས་བྲིས་སོགས་ཀྱི་བརྙན་འཕྲིན་བརྩམས་ཆོས་མང་པོར་ཞིང་ཆེན་དང་རྒྱལ་ཁབ་རིམ་པའི་བྱ་དགའ་མང་པོ་ཐོབ་མྱོང་། བརྩམས་ཆོས་ལ་དམངས་སྲོལ་བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》དང་།དངོས་བྲིས་བརྙན་འཕྲིན《རྗེ་བཙུན་བླ་མའི་མཛད་རྣམ》དང་《སྐྱིད་སྡུག་གི་ལོ་ཟླ》སོགས་ཡོད། སྙན་ངག་སོགས་རྩོམ་སྟངས་རིགས་མི་འདྲ་བའི་རྩོམ་ཡིག་བརྩམས་ཆོས་འགའ་ཞིང་ཆེན་ཕྱི་ནང་གི་སྒེར་གཞུང་དུས་དེབ་དང་ཚགས་པར། བརྙན་འཕྲིན་དང་རྒྱང་སྒྲོག  དྲ་ཚིགས་སྣ་ཚོགས་སུ་བཀོད་མྱོང་། ལས་རྐང་ལ་འབད་པའི་ཞོར་དུ་ཀྲུང་གོའི་རིག་གནས་སྒྱུ་རྩལ་ལྷན་ཚོགས་ཀྱི་སྐབས་ལྔ་པའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་ས་ཁུལ་གྱི་རིག་རྩལ་རྐང་འཛིན་པའི་འཁྲབ་གཞུང་ཞིབ་འཇུག་གསོ་སྦྱོང་དང་། ཀྲུང་གོའི་རྒྱལ་སྤྱིའི་དངོས་བཤུས་བརྙན་འཕྲིན་འཁྲབ་ཁྲིད་པའི་ཆེད་དམིགས་གསོ་སྦྱོང་ཞིབ་འཇུག  སྐབས་གསུམ་པའི་ཀྲུང་གོའི་གློག་བརྙན་འཕྲིན་མཐུན་ཚོགས་ཀྱི་རིག་རྩལ་གསར་བའི་འཇོན་མི་ཞིབ་འཇུག་གསོ་སྦྱོང་འཛིན་གྲྭ་སོགས་སུ་སློབ་གཉེར་བྱས། 

ཀྲུང་གོའི་བརྙན་འཕྲིན་སྒྱུ་རྩལ་མཐུན་ཚོགས་ཀྱི་ཁོངས་མི་དང་། ཞིང་ལྗོངས་ལྔའི་རྒྱང་སྒྲོག་བརྙན་འཕྲིན་དཔྱད་སྡུར་ཚོགས་པའི་འཐུས་མི། མཚོ་སྔོན་ཞིང་ཆེན་གློག་བརྙན་འཕྲིན་སྒྱུ་རྩལ་མཐུན་ཚོགས་ཀྱི་ཁོངས་མི། མཚོ་སྔོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཁོངས་མི། མཚོ་ནུབ་ཁུལ་རྩོམ་པ་པོའི་མཐུན་ཚོགས་དང་པར་ལེན་མཐུན་ཚོགས་ཀྱི་ཁོངས་མི་ཡིན།

ད་ལྟ་མཚོ་ནུབ་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་དུ་རྩོམ་སྒྲིག་དང་ལོ་ཙྰ། ཞུ་དག་དང་གསར་འགོད་ལེ་ཚན་འཁྲབ་ཁྲིད་སོགས་ཀྱི་ལས་ཀ་གཉེར་མུས་ཡོད།  །

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།