ཀྲུང་གོ་བོད་ཀྱི་དྲ་བ།

བོད་རྒྱའི་ལོ་རྒྱུས་ཡིག་ཚང་ཁྲོད་ཀྱི་ཐ་སྙད་འགའ་ལ་དཔྱད་པ།

ཡོང་ཁུངས། : ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ། : རྒྱལ་མོ་འབྲུག་པ།   སྤེལ་དུས། : 2020-11-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

དེ་ལ་འདིར་བོད་རིག་པ་ཞིབ་འཇུག་དང་ནང་སྒོས་བོད་ཀྱི་ལོ་རྒྱུས་ཞིབ་འཇུག་ཁྲོད་དུ་བོད་རྒྱའི་ཡིག་ཚང་ནང་འབྱུང་བའི་ཐ་སྙད་མང་པོ་ཞིག་ཕན་ཚུན་ངོ་མ་འཕྲོད་ནས་དཀའ་ངལ་འཕྲད་བཞིན་ཡོད་ཅིང་། ཁོ་བོས་ཀྱང་དུས་ཡུན་རིང་པོ་ཞིག་ལ་བོད་རྒྱའི་ཡིག་ཚང་གཉིས་སུ་ཁུངས་བཙལ་ནས་བསམ་མནོ་བཏང་བའི་འབྲས་བུ་ལྟ་བུར་དེའི་ཐད་ཀྱི་ཐ་སྙད་འགའ་ཁོལ་དུ་ཕྱུངས་ནས་ཕན་ཚུན་ངོ་འཕྲོད་ཚུལ་སྐོར་ཏོག་ཙམ་བརྗོད་པར་འདོད་དེ།   

དང་པོ། བོད་རྒྱའི་ཡིག་ཚང་གཉིས་ཀར་འབྱུང་བའི་ཐ་སྙད་ཁག་ཅིག་ཕལ་ཆེར་གཅིག་མཐུན་ཡོད་པའི་སྐོར།

གཅིག བོད་ཀྱི་ལོ་རྒྱུས་ནང་བཀོད་པའི་ཞང་ཞུང་དང་རྒྱའི་ཡིག་ཚང་ནང་བཀོད་པའི་དབྱང་ཐུང(羊同)བྱ་བ་གཉིས་གདགས་གཞི་གཅིག་ཡིན་ཚུལ།  

སྤྱིར་གནའ་བོའི་ཡུལ་མིང་ཞང་ཞུང་ཞེས་པ་འདི་དོན་དངོས་སུ་བོད་རྒྱལ་སྲོང་བཙན་སྒམ་པོས་བོད་ཁམས་གཅིག་གྱུར་མ་བྱས་གོང་གི་ད་ལྟའི་སྟོད་མངའ་རིས་ཡུལ་གྱི་མིང་རྙིང་པ་ཡིན་ལ། བོན་གྱི་ཡིག་ཆ་རྣམས་སུ་བོན་གྱི་སྟོན་པ་གཤེན་རབ་མི་བོ་ཆེ་ཟེར་བ་ཞིག་ཞང་ཞུང་འོལ་མོ་ལུང་རིང་ནས་འཁྲུངས་ཏེ་གཡུང་དྲུང་བོན་གྱི་བསྟན་པ་སྤེལ་བར་བཤད་ཅིང་། བོན་གྱི་ཡིག་ཆ་ལྟར་ན་ཞང་ཞུང་ལ་བྱ་རུ་ཅན་གྱི་རྒྱལ་པོ་བཅོ་བརྒྱད་དང་ཡུལ་ལ་སྒོ་ཕུག་བར་གསུམ་ཡོད་ཚུལ་སོགས་བཤད་པས། དེང་སང་ཞང་ཞུང་ཞེས་པ་ཕལ་ཆེར་བོན་ཁའི་ཆེད་སྤྱོད་མིང་བརྡ་ཞིག་ཏུ་གྱུར་དང་འགྱུར་བཞིན་ཡོད་པ་འདི་ནི་ལོགས་པ་ཞིག་དང་། གང་ལྟར་གནའ་བོའི་ཞང་ཞུང་ནི་བོད་བཙན་པོའི་རྒྱལ་རབས་ཀྱི་ཡར་སྔོན་ལ་སྟོད་ཀྱི་རྒྱལ་ཕྲན་ཞིག་ཡིན་ལ། སྲོང་བཙན་སྒམ་པོས་བོད་ཁམས་གཅིག་གྱུར་བྱེད་སྐབས་བོད་བཙན་པོའི་མངའ་རིས་སུ་གྱུར། ཞང་ཞུང་གི་ཐོག་མའི་མངའ་ཁོངས་ནི་སྔོན་གྱི་མངའ་རིས་སྐོར་གསུམ་གྱིས་གཙོས་པའི་ཕྱོགས་བཞིའི་ཉེ་སྐོར་ཡུལ་གྲུ་རྒྱ་ཆེ་བའི་ས་ཆ་ཡིན་མོད། འོན་ཀྱང་ཕྱིས་སུ་དུས་འགྱུར་གྱི་དབང་གིས་ཡུལ་རྒྱ་ཇེ་ཆུང་དུ་སོང་ནས་རིམ་གྱིས་དེང་སང་གི་མངའ་རིས་ཞེས་པའི་མིང་གིས་ཚབ་བྱས་སོང་བ་དང་། དེའི་སྐོར་དེང་སང་རྒྱལ་ཁབ་ཕྱི་ནང་གི་མཁས་པ་མང་པོས་ཞིབ་འཇུག་བྱས་ཡོད་པ་མང་བས་ཡུལ་དང་གནས་ཀྱི་ངོས་འཛིན་ཐད་ལ་རྩོད་པ་མེད། དེ་བཞིན་རྒྱའི་གནའ་བོའི་ཡིག་ཚང་དུ་ཞང་ཞུང་ལ་སྒྲ་བསྒྱུར་ལྟ་བུར་དབྱང་ཐུང(羊同)ཞེས་འཁོད་ཡོད་ལ། དེར་ཡུལ་ཆེ་ཆུང་གཉིས་སུ་ཕྱེ་འདུག་སྟེ། 《ཐང་གི་ལམ་སྲོལ་གནད་བསྡུས》བྱ་བར། “ཞང་ཞུང་ཆེ་བའི་ཤར་ཕྱོགས་བོད་དང་འབྲེལ། ནུབ་ཕྱོགས་ཞང་ཞུང་ཆུང་བ་དང་འབྲེལ། བྱང་ཕྱོགས་ཡུས་ཐེན་དང་འབྲེལ། ཤར་ནས་ནུབ་ཏུ་ལེ་དབར་སྟོང་དང་དམག་མི་བརྒྱད་ཁྲི་ནས་དགུ་ཁྲི་མཆིས། མགོ་སྐྲ་སིལ་བུར་སླ་ཞིང་ལུས་ལ་ཕྱིང་བ་གྱོན། ལས་སུ་ཕྱུགས་འཚོ།    ཡུལ་དེར་ཁ་བ་བུ་ཡུག་མང་། འཁྱགས་པ་མཐུག་པོ་འདོམ་གཅིག་ལས་ལྷག་པ་ཆགས། ཡུལ་ཟོག་ནི་བོད་དང་མཚུངས། ཡི་གེ་མེད་ཅིང་ཤིང་ལ་རི་མོ་རྐོ་བ་དང་ཐ་གུར་མདུད་པ་བརྒྱབ་ནས་ཡི་གེའི་ཚབ་བྱེད།”①ཅེས་བཀོད་པ་ཕལ་ཆེར་སྐབས་དེའི་གནས་ཚུལ་ངོ་མ་རེད་བསམས།   

གཉིས། བོད་ཀྱི་ལོ་རྒྱུས་ནང་བཀོད་པའི་སུམ་པ་དང་རྒྱའི་ཡིག་ཚང་ནང་སུའུ་ཕི(苏毗)ཞེས་བཀོད་ཡོད་པ་གཉིས་གདགས་གཞི་གཅིག་ཡིན་ཚུལ།   

དེ་ཡང་བོད་ཀྱི་ལོ་རྒྱུས་ནང་བཀོད་པའི་སུམ་པའམ་སུམ་བྷ་བྱ་བའི་ཐད་ལ་དེང་སང་གི་མཁས་པ་རྣམས་དེ་ཡོད་སའི་ལྟེ་གནས་དང་མངའ་ཁོངས་སྐོར་ལ་འདོད་ཚུལ་གསལ་པོ་ཞིག་མེད་པ་མ་གཏོགས། རྒྱའི་ཡིག་ཚང་ནང་བཀོད་པའི་སུའུ་ཕི(苏毗)ཞེས་པའི་ཐ་སྙད་དེ་གཉིས་གདགས་གཞི་གཅིག་ཡིན་པ་བོད་རྒྱའི་མཁས་པ་རྣམས་ཕལ་ཆེར་ཞལ་འཆམ། དེའི་སྐོར་ཞིབ་རྒྱས་གོང་གི་ཁོ་བོའི་སུམ་པའི་སྐོར་གྱི་རྩོམ་ཡིག་དེར་གསལ།  

གསུམ། རྒྱའི་ཡིག་ཚང་དུ་བཀོད་པའི“东女国”ཞེས་པ་དེ་བོད་ཀྱི་མཁས་པ་མང་པོས་བུད་མེད་རྒྱལ་ཁབ་ཤར་མ་ཞེས་བསྒྱུར་ཚུལ་སྐོར།  

རྒྱའི་ཡིག་ཚང་དུ་བཀོད་པའི“东女国”ཞེས་པ་དེ་དང་རྒྱའི་ཡིག་ཚང་ནང་གི་ཅ་ལིའང་དབྱིས(嘉良夷)ཞེས་བཀོད་པའི་རྒྱལ་རོང་གཉིས་དོན་གཅིག་མིང་གི་རྣམ་གྲངས་སུ་འདོད་ནས། རྒྱལ་མོ་ཚ་བ་རོང་དུ་སྔོན་དུས་སྐབས་ཤིག་ལ་བུད་མེད་རྒྱལ་ཁབ་ཅིག་བྱུང་ཡོད་པར་སྨྲ་བ་ཕལ་ཆེ་བས་བུད་མེད་རྒྱལ་ཁབ་ཤར་མ་དེ་ཡིན་པ་བདེན་པར་འཛིན། འོན་ཀྱང་རྒྱའི་ཡིག་ཚང་ནང་བུད་མེད་རྒྱལ་ཁབ་ཟེར་བ་དང་བུད་མེད་རྒྱལ་ཁབ་ཤར་མ་ཞེས་པ་སྔ་ཕྱི་གཉིས་བྱུང་བར་མ་ཟད། དེ་གཉིས་ལས་བུད་མེད་རྒྱལ་ཁབ་བྱ་བ་གཅིག་སྟོད་མངའ་རིས་ཕྱོགས་སུ་ཡོད་པ་དང་། རུས་ཀྱང་སུམ་པ་ཡིན་ཚུལ་བཀོད་འདུག་པས་དེ་ལ་མཁས་པ་མང་པོ་ད་བར་མགོ་འཁོར་ནས་འཐད་ལྡན་གྱི་ལྟ་བ་ཞིག་བརྗོད་ཐུབ་མེད་པའི་ཚོད་ཡིན། ཁོ་བོས་བསམས་ན་གལ་སྲིད་སུམ་པའི་ཁོངས་ན་བུད་མེད་རྒྱལ་ཁབ་ཅིག་ཡོད་པ་བདེན་ན་རྒྱ་སྐད་ཀྱི་ཏུང་ཉུས་གོ(东女国)ཟེར་བ་བོད་ཀྱི་སྟོང་སུམ་པའི་ཁོངས་ཀྱི་བུད་མེད་རྒྱལ་ཁབ་ཡིན་སྲིད་ནའང་ཐང་སྟེ་དེ་རིགས་ད་དུང་ཞིབ་ཏུ་བརྟག་པར་བྱ་བའི་གནས་ཤིན་ཏུ་མང་ངོ་། །     

གཉིས་པ། བོད་ཀྱི་ལོ་རྒྱུས་ཞིབ་འཇུག་ཁྲོད་དུ་ད་དུང་རྩོད་གཞི་ཡོད་པའི་ཐ་སྙད་འགའ།

གཅིག དེ་ཡང་རྒྱའི་གནའ་བོའི་ལོ་རྒྱུས་ནང་ཀྲུང་གོའི་ནུབ་རྒྱུད་ཀྱི་མི་རིགས་རྣམས་ཀྱི་སྤྱི་མིང་ལ་ཆཱང་ངམ་ནུབ་ཆཱང(羌或西羌)ཞེས་བཀོད་པ་མང་ལ། ཁྱད་པར་དུ་ཆཱང་དང་གནའ་བོའི་རྒྱའི་བར་གྱི་འབྲེལ་གཏུག་སྐོར་ཡིག་ཚང་རྙིང་པའི་ནང་མང་པོ་འབྱུང་བ་དང་། དེང་རབས་ཀྱི་བོད་རྒྱའི་མཁས་པ་མང་ཆེ་བས་ཆཱང་བྱ་བའི་མིང་འདི་ཐོག་མར་མཚོ་བོད་མཐོ་སྒང་གི་ཤར་མཐའི་གཉུག་མར་གནས་པའི་མི་རིགས་ཀྱི་སྤྱི་མིང་ཞིག་ཡིན་པ་དང་། དེ་བོད་སྐད་ཡིན་པ་གཞིར་བཞག་གིས་ཁུངས་མང་པོ་བཙལ་འདུག་སྟེ། དཔེར་ན་མིང་དེ་བོད་སྐད་ཀྱི་སྤྱང་དང་བྱང་དང་འཇང་དང་ཁྱོམ་མམ་ཁྲོམ་དང་འགྱང་དང་ཚང་དང་སྒ་སོགས་ཡིན་ཚུལ་རིགས་འདེད་ཀྱིས་སྒྲུབ་བྱེད་མང་པོ་བཀོད་ནས་བསྒྲུབས་འདུག་མོད། འོན་ཀྱང་ད་བར་དུ་མཁས་པ་ཀུན་གྱིས་ཁས་ལེན་པའི་ལྟ་བ་འཐད་ལྡན་ཞིག་ད་དུང་ཆགས་མེད། དེ་ལས་ཁོ་བོ་ཕལ་ཆེར་སྒའི་མིང་དོད་ཡིན་པའི་ལུགས་ཀྱི་རྗེས་སུ་འབྲང་རྩིས་ཡིན་པས་དེའི་སྐོར་ཁོ་བོའི《བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ》ཞེས་པར་ཅུང་ཟད་ངོ་སྤྲོད་བྱས་ཡོད་པས་མོས་པ་ཡོད་ཚེ་དེར་གཟིགས་པར་འཚལ།  

གཉིས། དེ་ཡང་རྒྱའི་ལོ་རྒྱུས་ནང་བཀོད་པའི་ཐུའུ་ཡུས་ཧུན(吐谷浑)ཞེས་པའི་མིང་འདི་བོད་རྒྱའི་མཁས་པ་རྣམས་ཀྱིས་བོད་ཀྱི་ལོ་རྒྱུས་ནང་གི་འ་ཞ་ཞེས་པ་དེ་ཡིན་པ་གཞིར་བཞག་གནང་སྟེ། ཏུན་ཧོང་ཡིག་ཆའི་ནང་གི་འ་ཞ་དང་འ་ཞ་རྒྱལ་ཁབ་ཀྱི་སྐོར་རྒྱ་ཡིག་ཏུ་སྒྱུར་སྐབས་ཚང་མ་ཐུའུ་ཡུས་ཧུན(吐谷浑)ཞེས་བཀོད་ཅིང་། ཡང་རྒྱའི《ཐང་ཡིག》ནང་གི་ཐུའུ་ཡུས་ཧུན་གྱི་ལོ་རྒྱུས་རྣམས་བོད་སྐད་དུ་སྒྱུར་སྐབས་འ་ཞ་ཞེས་བཀོད། དེ་ལ་མཁས་པ་ཚང་མས་དོགས་སློང་ཙམ་ཡང་མ་བྱས་པར་མིང་དེ་དེང་སང་བར་ཚང་མས་བེད་སྤྱོད་བྱེད་བཞིན་ཡོད་མོད། འོན་ཀྱང་ཉེ་སྔོན་ནས་ཁོ་བོ་དང་བོད་རིགས་གཞོན་སྐྱེས་བློ་གསལ་རིག་་སྒོ་ཡངས་པ་ཚོས་དེ་ལ་དོགས་པ་བསླངས་ནས་ཆེད་རྩོམ་སྤེལ་ཏེ། འ་ཞ་ནི་བོད་རང་གི་རིགས་རྒྱུད་སྒའི་ནང་ཚན་ཡིན་ཚུལ་དང་། རྒྱའི་ཡིག་ཚང་ནང་གི་ཐུའུ་ཡུས་ཧུན་བྱ་བ་ནི་བོད་ཀྱིས་ཐུ་ལུ་ཧུན་དང་ཡང་ན་གྲུ་གུ་ཞེས་བཀོད་འདུག་པར་བཤད་ཡོད། ཞེས་ཟེར་བ་དེ་ཡིན་པར་བསྒྲུབས་ཡོད་ལགས།  

གསུམ། ཡང་རྒྱའི་ཡིག་ཚང་ནང་བོད་ཀྱི་ལོ་རྒྱུས་བརྗོད་སྐབས་ཏང་ཞང་ཆཱང(党项羌)ཞེས་པ་ཞིག་བཀོད་འདུག་པ་བོད་ཀྱི་མཁས་པ་ཚོས་མིང་དེ་བོད་ཀྱི་ལོ་རྒྱུས་ནང་གི་ལྡོང་ཞེས་པ་དེ་ཡིན་པ་གཅིག་མཐུན་དུ་ཡོད་ཀྱང་སྒྲུབ་བྱེད་འགྲིག་མིན་ཅི་རིགས་ཤིག་བཙལ་ཡོད། རྒྱའི་མཁས་པ་འགའ་རེས་ད་བར་དེ་དང་ལེན་བྱ་མི་འདོད་པར་དེ་དང་བོད་བར་འབྲེལ་བ་མེད་པ་ལྟ་བུ་ཞིག་གླེང་བཞིན་ཡོད་མོད། འོན་ཀྱང་དོན་དངོས་སུ་ལྡོང་གི་རིགས་རྒྱུད་ནི་བོད་ཀྱི་རུས་ཆེན་བཞིའི་ནང་ཚན་ལྡོང་གི་རུས་སུ་གཏོགས་པས་རྒྱ་ཡིག་ཏུ་ལྡོང་ལ་ཏང་ཞང(党项)ཞེས་བཀོད་ཅིང་། དེ་བཞིན་བོད་ལ་ཡང་ཆཱང་གི་སྤྱི་མིང་དེ་སྦྱར་ཡོད་པ་བཞིན་འདི་ལའང་ཏང་ཞང་ངམ་ཏང་ཧང་ཆཱང(党项羌)ཞེས་བཀོད། འདིར་བོད་ཀྱི་ལྡོང་བྱ་བའི་སྒྲ་གདངས་དེ་རྗེས་འཇུག་ངའི་སྒྲ་རང་ཤུགས་ཀྱིས་ཐོན་པས་རྒྱ་སྐད་དུ་དེ་ལྟར་སྒྲ་གཉིས་བྱས་ནས་བཀོད་པ་ཙམ་དང་། དེ་མིན་རྒྱ་ཡིག་གི་ཤང་ངམ་ཧང་བྱ་བ་གནའི་ཀློག་སྟངས་ལྟར་ན་ཧང་ལྟ་བུ་ཡིན་དགོས་པས། ཚུལ་དེ་དེང་སང་བར་ལྷོ་ཕྱོགས་པའི་རྒྱ་སྐད་དུ་ཤང་ཞེས་མི་ཀློག་པར་ཧང་ཞེས་ཀློག་པས་ཀྱང་ཤེས་ནུས་སོ། །  དེའི་སྐོར་ཁོ་བོའི་གོང་གི་ལྡོང་མི་ཉག་གི་སྐོར་གྱི་རྩོམ་ཡིག་ནང་གསལ་པོར་བཀོད་ཡོད་པས་མཁྱེན་འདོད་དག་གིས་དེ་རིགས་ལ་གཟིགས་པར་ཞུ།   

གསུམ་པ། བོད་རྒྱའི་ཡིག་ཚང་ནང་འབྱུང་བའི་ངོས་འཛིན་མ་ཐུབ་པའི་ལོ་རྒྱུས་ཐ་སྙད་འགའི་སྐོར།

གཅིག རྒྱའི་ལོ་རྒྱུས་ནང་བཀོད་པའི་པའེ་ལང་གོ(白狼国)བི་རི་དང་ཡང་ན་པའེ་ལེན་ཆཱང(白兰羌)བེ་རི་ཡིན་པའི་སྐོར།  

དེ་ཡང་དཔལ་ལྡན་ས་སྐྱ་བའི་སྐབས་སུ་ཧོར་སེ་ཆེན་རྒྱལ་པོས་འགྲོ་མགོན་ཕྱག་ནར་གནང་བའི་ཐབས་ལ་པའེ་ལན་ཝང(白兰王)བྱ་བ་དང་། དེ་སྔོན་གྱི་རྒྱའི་ལོ་རྒྱུས་ནང་པའེ་ལང་གོ(白狼国)བྱ་བའི་རྒྱལ་ཁབ་ཅིག་ཀྱང་ཡོད་པ་བཅས་ཀྱི་ཐད་ལ་། དེང་སང་གི་རྒྱ་རིགས་མཁས་པ་མང་ཤོས་དང་རྒྱའི་ཡིག་ཚང་ལ་བརྟག་དཔྱད་གནང་བའི་བོད་མི་འགའ་བཅས་པས་རྒྱའི་སྔ་རབས་ཡིག་ཆར་བཀོད་ཡོད་པ་གཞིར་བཟུང་ནས། པའེ་ལན་ནི་བོད་བཙན་པོའི་རྒྱལ་རབས (吐蕃帝国)མ་ཚུགས་གོང་དུ་མཚོ་སྔོན་ལྷོ་ནུབ་དང་སི་ཁྲོན་བྱང་ཕྱོགས་ཀན་སུའུ་ཞིང་ཆེན་གྱི་ལྷོ་རྒྱུད་མཚམས་སུ་སྡོད་པའི་གནའ་བོའི་ཆཱང་གི་ཁོངས་གཏོགས་ཀྱི་རུས་རྒྱུད་ཚོ་ཁག་ཆེན་པོ་ཞིག་ཡིན་ཚུལ་དང་། བོད་བཙན་པོའི་མངའ་ཁོངས་བྱང་ཤར་དུ་རྒྱ་བསྐྱེད་རྗེས་བོད་ཀྱི་མངའ་རིས་སུ་གྱུར་ཏེ་རིམ་གྱིས་པའེ་ལན་བྱ་བའི་རིགས་དང་མིང་ལོགས་སུ་མ་བྱུང་བས་བོད་ནང་དུ་ཐིམ་ཚུལ་སོགས་རྒྱས་པར་བཤད་འདུག་མོད། ཡང་བོད་རིགས་མཁས་པ་ལ་ལ་དེར་མི་འཐད་པའི་ཚུལ་འཛིན་པ་དཔེར་ན་བློ་མཐུན་དགེ་ལེགས་ཀྱིས་རང་གི་འབུམ་རམས་པའི་དཔྱད་རྩོམ《བོད་པའི་རིག་གནས་ཀྱི་འབྱུང་ཁུངས་གྲུབ་ཚུལ་དང་མཐའ་ཁར་མི་རིགས་བར་གྱི་འབྲེལ་བའི་སྐོར་དཔྱད་པ》ཞེས་པའི་ནང་པའེ་ལན་ཆཱང་དང་གླིང་གེ་སར་གྱི་མི་རྒྱུད་སྨུག་པོ་ལྡོང་གཉིས་རིགས་ཀྱི་མིང་ནས་རྗེ་བོའི་རུས་དང་ཡུལ་ཁམས་དང་འཚོ་བའི་རྣམ་པ་མ་ཟད། ལོ་རྒྱུས་ཀྱི་བྱུང་བ་གླེང་སྟངས་བཅས་ཕྱོགས་ལྔའི་སྒོ་ནས་འདྲ་མཚུངས་ཡིན་པ་སྒྲུབ་བྱེད་མང་དུ་བཏང་ནས་བཀོད①ཡོད་པ་བཞིན། པའེ་ལན་བྱ་བ་ནི་བོད་རིགས་དྭངས་མ་སྔོན་དུས་ཀྱི་གླིང་དཀར་སྟོད་ཀྱི་གླིང་གེ་སར་རྒྱལ་པོའི་འཁྲུངས་ཡུལ་ཏེ་དེང་སང་གི་མདོ་ཁམས་ས་ཆར་ཆགས་པའི་བོད་པ་ཡིན་པར་བསྒྲུབས། འོན་ཀྱང་ཁོང་གིས་མིང་དེ་གཉིས་བོད་སྐད་ཡིན་པར་འདོད་པ་ཙམ་ལས་མིང་ཁུངས་ངོ་མ་དང་ནང་སྒོས་བོད་ཡིག་གང་གི་སྐད་དོད་ཡིན་པའི་ངོས་འཛིན་མ་ཟད། རྒྱ་ཡིག་གི་གདངས་དང་འདྲ་བ་འབའ་ཐང་ཕྱོགས་ལ་ངོས་འཛིན་བྱ་རྩིས་ཙམ་ལས་བོད་ཡིག་ངོ་མ་གང་ཡིན་གསལ་པོ་ཞིག་རྙེད་ཐུབ་མི་འདུག།  

དེ་ལ་ཁོ་བོས་ལྡོང་བེ་རིའི་སྐོར་ལ་ཞིབ་འཇུག་བྱེད་སྐབས་ཐ་སྙད་དེ་གཉིས་ཀྱི་བོད་མིང་འཁྲུལ་བྲལ་“བི་རིའམ་བེ་རི”ཞེས་པ་རྙེད་བྱུང་། གཤམ་དུ་ངོ་སྦྲོད་མདོ་ཙམ་ཞུ་བ་ལ། བོད་ཀྱི་ལོ་རྒྱུས་ཐོག་ལྡོང་ལ་ནང་གསེས་སུ་རིགས་རྒྱུད་མང་པོ་ཡོད་ལ། འདིར་བྱུང་བའི་པའེ་ལང(白狼)དང་པའེ་ལན(白兰)བྱ་བ་ནི་དུས་སྔ་ཕྱིའི་མིང་གི་འགོད་སྟངས་ཙམ་ལས་དོན་དངོས་སུ་གདགས་གཞི་གཅིག་པ་བོད་ཀྱི་ལྡོང་བི་རིའམ་བེ་རི་ཞེས་འབོད་པ་དེ་རེད་འདུག ། སྤྱིར་བི་རིའམ་བེ་རིའི་འབྲོག་སྡེ་དེའི་ལོ་རྒྱུས་ནི་རྒྱའི་ཐང་གི་སྔོན་ལ་བི་རི་ལ་པའེ་ལང(白狼)ཞེས་བཀོད་ཡོད་པ་དང་། ཡོན་རྒྱལ་རབས་སྐབས་སུ་བེ་རི་ལ་པའེ་ལན(白兰)ཞེས་བཀོད་ཅིང་། མིང་རྒྱལ་རབས་སྐབས་ནས་པིས་ལིས(必里)ཞེས་བཀོད། ས་སྐྱའི་སྐབས་ལ་བེ་རི་ཤུགས་ཆེ་བས་ས་སྐྱ་པཎ་ཆེན་གྱིས་ཀྱང་བེ་རི་ཁྲིད་ནས་ཧོར་ལ་ངོ་བལྟས་པས་ཁྲི་སྐོར་གསུམ་གྱི་ཐོབ་སྤྲད་པ་དང་། ཕྱིས་སུ་སྐུ་ཚ་ཕྱག་ན་ལ་ཡང་པའེ་ལན་ཝང(白兰王)བྱ་བའི་ཐོབ་སྤྲད་པ་བཅས་བོད་ཀྱི་ལོ་རྒྱུས་རྣམས་སུ་འབྱུང་ཡང་། པའེ་ལན་བྱ་བ་སྟེ་སྟོད་དབུས་གཙང་གི་མི་རྣམས་ལ་མཚོན་ན་བེ་རི་དང་ཧོར་གཉིས་ལ་ཆ་རྒྱུས་མེད་པས་འགྲོ་མགོན་ཕྱག་ནར་ཐོབ་སྤྲད་པ་བོད་ཀྱི་རྒྱལ་པོ་ལྟ་བུར་གོ་བ་ཙམ་ལས། མིང་ངོ་མ་ཧ་མ་གོ་བར་པའེ་ལན་ལ་སེ་ལེན་ཞེས་བྲིས་ནོར་བྱུང་ཡོད་པ་ལྟ་བུ་ཀུན་གྱིས་མཁྱེན་གསལ་ལྟར་དང་། མིང་རྒྱལ་རབས་སྐབས་སུ་བེ་རི་ཁྲི་སྐོར་གསུམ་པོ་སྟོང་དཔོན་རེ་ལ་ཕབ་ཚུལ་རྒྱའི་ཡིག་ཚང་ནང་གསལ་པོར་བཀོད་ཡོད་པ་འདི་ལྟ་སྟེ། ཧུང་ཝུའུ་ཁྲི་ལོ་བཞི་པའི(སྤྱི་ལོ1371)ཟླ11པའི་ཚེས28ཉིན། བེ་རིའམ་པིས་ལིས(必里)སྟོང་དཔོན་སུའོ་བཙུགས་ཤིང་། རྡོ་རྗེ་སེང་གེ་དཔོན་རབས་རྒྱུད་འཛིན་གྱི་སྟོང་དཔོན་དུ་བསྐོས། དེ་བོད་ཀྱི་མདོ་ཁམས་ཀྱི་ཁོངས་སུ་ཡོད་ཅིང་། སྔོན་ཆད་ཡོན་རྒྱལ་རབས་ཀྱི་དུས་སུ་བེ་རི་ཁྲི་དཔོན་ཧྥུ་བཙུགས་མྱོང་། རྡོ་རྗེ་སེང་གེ་ནི་དེའི་ཁྲི་དཔོན་ཡིན། སྐབས་འདིར་མགོ་འདོགས་སུ་འོངས་པར། ཧོ་ཀྲོའུ་ཝེ་ཡི་ཀྲི་ཧུའེ་ཧྲི(བཀོད་འདོམས་པ)ཡི་གོ་ཐོབ་ཅན་ཝེ་ཀྲེང་གིས་ཁོ་རང་རྒྱལ་སར་བསྐྱལ། དེ་བས་བཀའ་ཡིག་འདི་བྱུང་བ་ཡིན། ཞེས་གསལ་པོར་བཀོད་ཡོད་པ་འདི་ལྟ་བུ་ཡིན་ལ། ཕྱིས་སུ་བེ་རི་ཚོ་ཁག་རྣམས་ཕྱོགས་སོ་སོར་ཐོར་བའི་ལྷག་མ་ལ་རྒྱའི་ཡིག་ཚང་ནང་དུས་ཕྱིས་བར་པིས་ལིས(必里)ཞེས་འཁོད་ཡོད་པ་དེ་ཡིན་དགོས།  

སྤྱིར་བོད་རྒྱའི་ཡིག་ཚང་གཉིས་སུ་བཀོད་པ་ལྟར་ན་བེ་རིའམ་པའེ་ལན་བྱ་བའི་ཚོ་པ་དང་བོད་ཀྱི་ལྡོང་བེ་རི་ཚོ་ཁག་གཉིས་ཀྱི་ཐོག་མའི་སྡོད་གནས་ནི་དེང་སང་གི་མགོ་ལོག་པདྨ་རྫོང་གི་སྨར་ཆུའི་རྒྱུད་ཡིན་པ་ཁ་མཚུངས་ཤིང་། ཕྱིས་སུ་ལྡོང་བེ་རི་ཚོ་ཁག་གསུམ་བྱང་རྨ་ཆུའི་སྨད་རྒྱུད་དེ་དེང་སང་གི་རྫོང་མང་འབལ་ཁྲི་གསུམ་གྱི་རྨ་ཆུའི་ཁུག་པར་ཆགས་ཡོད་པས། བོད་རིག་པ་ཞིབ་འཇུག་མཁས་ཅན་བློ་མཐུན་ཁྲིན་ཆིན་དབྱིན་ལགས་ཀྱིས་དེང་སང་གི་མཚོ་སྔོན་འབལ་ཁོག(同德)ཏུ་པའེ་ལན་ཡོད་པར་བསྒྲུབས་ཡོད་པ་ལྟ་བུའི་གནས་ཚུལ①དེ་བྱུང་། དེ་ལྟར་པའེ་ལང་ངམ་པའེ་ལན་བྱ་བ་ནི་གླིང་དཀར་པོའི་མི་རྒྱུད་དང་མེས་པོ་གཅིག་པ་ལྡོང་བེ་རི་ཡིན་པ་གསལ་བ་བཞིན་དུ། རང་རིགས་སྐད་གཉིས་སྨྲ་བའི་བློ་གཞོན་རྣམས་ཀྱིས་ཞིབ་ཏུ་དཔྱོད་དང་། རྒྱ་ཡིག་གི་སྐད་གྲགས་ཅན་གྱི་བེ་རིའི་གླུ་གཞས(白狼歌)བྱ་བ་སོགས་ཀྱི་གནད་དོན་སྐོར་འབྲས་བུ་ཐུན་མིན་པ་ཞིག་འོང་བར་གདོན་མི་ཟ་ལ། རྒྱས་པར་དཔྱད་འདོད་ན་བོད་རྒྱའི་ཡིག་ཚང་དང་ཁོ་བོའི་གོང་གི་བེ་རིའི་སྐོར་གྱི་རྩོམ་ཡིག་སོགས་ལ་གཟིགས་པར་འཚལ་ལོ། །  

གཉིས། རྒྱའི་ལོ་རྒྱུས་ཡིག་ཚང་ནང་བོད་ཀྱི་འབངས་བྱ་བ་ལ་ཝུན་མོའམ་ཧུན་མོ( 温或浑末)ཞེས་བཀོད་པའི་སྐོར།  

དེ་ཡང་བོད་མདོ་ཁམས་ཀྱི་འབངས་གྱེན་ལོག་སྐོར་བོད་རྒྱའི་ཡིག་ཚང་གཉིས་སུ་བཀོད་པ་ཕལ་ཆེར་མཐུན་ཏེ། དཔེར་ན《ཆོས་འབྱུང་མཁས་པའི་དགའ་སྟོན་》དུ་བཙན་པོ་འུ་དུམ་བཙན་གཅེན་གཅུང་གི་ལོ་རྒྱུས་བརྗོད་སྐབས་སུ། “བཙན་པོ་གཉིས་ལོ་ཉིར་གཉིས་ཉེར་གསུམ་རེ་ལོན་པའི་ས་གླང་ནས་བཟུང་སྟེ་འབངས་ཀྱི་ཁེང་ལོག་རྣམས་རིམ་པར་བྱུང་སྟེ་དེ་ཡང་བར་སྣང་གི་བྱ་གཅིག་ལ་ཀུན་རུབ་པ་མཐོང་བ་ལ་དཔེ་བྱས་དང་པོ་དབའས་ཁོ་བཞེར་ལེགས་སྟེང་གིས་ལག་དཔོན་བྱས་ཏེ་མདོ་ཁམས་སུ་ཁེང་ལོག་བྱས།”②ཞེས་བཀོད་པའི་གནས་ཚུལ་དེ་རྒྱའི་ཡིག་ཚང་དུའང་། “ཧུན་མི་ལ་གཡུང་མི་ཡང་ཟེར། དེ་ནི་བོད་ཀྱི་བྲན་འབངས་ལས་གྲུབ་པའི་ཚོ་ཤོག་ཡིན། བོད་ཀྱི་ཁྲིམས་སྲོལ་ལྟར་ན་དམག་འདྲེན་དུས་སུ་ཁྱིམ་རྒྱུད་ཆེན་པོ་རྣམས་ངེས་པར་དམག་ལ་གཏོང་ཞིང་། ཁྱིམ་རྒྱུད་དེ་དག་ཚང་མས་བྲན་འབངས་ཀྱང་མཉམ་དུ་ཁྲིད་དེ། ནམ་རྒྱུན་རང་རང་སར་ཐར་ཐོར་དུ་བསྡད་ནས་སོ་ནམ་དང་ཕྱུགས་རིགས་འཚོ་སྐྱོང་བྱེད་པ་ཡིན། བློན་ཁྲོམ་བཞེར་གྱིས་ཟིང་འཁྲུག་བསླངས་པ་ནས་བཟུང་། དེ་དག་ལ་སྐྱབས་འཆོལ་ཡུལ་མེད་པར་གྱུར་པས་ཁོ་ཚོ་མཉམ་རུབ་ཀྱིས་མི་སྟོང་ཕྲག་དུ་མ་འདུས། རང་ལ་གཡུང་མི་ཞེས་སུ་འབོད་ཅིང་། ཀན་ཀྲོའུ། སུའུ་ཀྲོའུ། ཀྭ་ཀྲོའུ། ཧྲ་ཀྲོའུ། ཧོ་ཀྲོའུ། ཝེ་ཀྲོའུ། རྨིན་ཀྲོའུ། ཁོ་ཀྲོའུ། ཏེ་ཀྲོའུ། ཏང་ཀྲོའུ་སོགས་སུ་བསྡད། དེ་དག་ལས་བོད་ཀྱི་རྒྱལ་གུར་དང་ཉེ་བ་དག་དཔའ་ངར་ཆེ་ཤོས་ཡིན་ཞིང་རྟ་ནི་དེ་བས་བཟང་བར་བཤད།”① ཅེས་བོད་ཀྱི་འབངས་གྱེན་ལོག་གི་གནས་ཚུལ་དང་འབངས་ཀྱི་འབྱུང་ཁུངས་བཅས་གསལ་པོར་བཀོད་ཡོད་ནའང་།བོད་རྒྱའི་མཁས་པ་མང་པོས་ཧུན་མི་བྱ་བ་འབངས་ཡིན་པ་མ་གོ་ནས་ད་བར་དེ་ལ་དབུ་འཁོར་ནས་མིང་བརྡ་སྣ་ཚོགས་ཤིག་བཙལ་ཁུལ་གནང་འདུག་མོད། འོན་ཀྱང་དོན་དངོས་སུ་འདི་ལ་དེ་འདྲའི་མོ་སྟོན་ཕག་མགོ་གནང་མི་དགོས་ལ། སྐད་བརྡ་རིག་པའི་ཤེས་བྱ་ཏོག་ཙམ་ཡོད་ན་ཕལ་ཆེར་ཧ་གོ་སླ་སྟེ། བོད་སྐད་དུ་འབངས་བྱ་བའི་མིང་འདི་གནའི་བརྡ་རྙིང་ནང་ཀློག་སྟངས་དེང་སང་གི་འབངས[ba:n]ཞེས་པའི་གདངས་མི་འདོན་ལ་དམངས[ma:n]བྱ་བའི་གདངས་འདི་འཐོན་དགོས་པ་ཡིན། བོད་བཙན་པོའི་སྐབས་ཀྱི་རྡོ་རིང་དུ་བཀོད་པའི་བློན་པོའི་མིང་གི་ཡི་གེ་དཔེར་ན། འབལ་ལ་རྒྱ་ཡིག་ཏུ“末”ཞེས་དང་། འབྲོ་ལ་རྒྱ་ཡིག“没卢”ཞེས་བཀོད་ཡོད་པ་དང་། ཡང་འབར་མ་རྒྱལ་ཁབ་ཀྱི་མིང་ལ་མར་མ(Myanmar)ཞེས་འབོད་པ་ལྟ་བུ་དང་། ཡང་རྒྱལ་རོང་ཁོག་གི་འབར་ཁམས་ལ་རྒྱ་ཡིག་ཏུ“马尔康鈲”ཞེས་དང་། དེ་མིན་འབུམ་ལ་མུམ་ཞེས་ཀློག་པ་དེང་སང་བར་ཤར་སྐད་དུ་དེ་ལྟ་བུ་སོགས་དཔེར་མཚོན་མང་པོ་རྙེད་ཐུབ་ཅིང་། ཡང་དེ་མིན་འབངས་བྱ་བའི་སྔོན་འཇུག་འ་རང་ཤུགས་ཀྱིས་སྒྲ་ཞིག་ཐོན་པས་རྒྱའི་ཡི་གེའི་ནང་མིང་གི་སྔོན་ཧུན(浑)ནམ་ཝུན(温)བྱ་བའི་གདངས་འདི་བྱུང་བས་བོད་སྐད་མིང་གཅིག་ཅན་རྒྱ་ཡིག་ཏུ་མིང་གཉིས་སུ་ཆགས་པ་ཡིན་པས་ཞིབ་ཏུ་བསམ་བློ་ཐོངས་དང་ངེས་ཤེས་རྙེད་ཐུབ་བོ། །  

གསུམ། ལྡོང་མི་ཉག་ལས་མི་ཉག་རྒྱལ་ཁམས་ཀྱི་མེས་པོ་ཐོ་བྲག་གམ་ཐོ་པཱ(拓拔)བྱ་བའི་སྐོར།

དེ་ཡང་ལྡོང་མི་ཉག་གི་ནང་གསེས་མི་ཉག་ཐོ་བྲག་གི་སྐོར《རྒྱ་ནག་ཆོས་འབྱུང་》ནང་རྒྱའི་སུང་རྒྱལ་རབས(宋朝)ཀྱི་ལོ་རྒྱུས་བརྗོད་སྐབས། “རྒྱལ་རབས་བཞི་པའི་སྐབས་ན་ནུབ་ཕྱོགས་ཀྱི་ཁམས་རྒྱལ་ལི་ཡཱན་ཧའུ་ངོ་ལོག་ནས་རང་ཚུགས་ཐུབ་པར་བྱས། སྔོན་མེས་པོ་ཐོ་བྲག་ཧུ་ཝའི་ཀུའང་ཆེན་པོ་ཐང་གི་ཞབས་འདེགས་བྱས་པས་ནུབ་མཐའ་སྐྱོང་བར་དབང་བསྐུར་ཞིང་། ཐང་རང་གི་རིགས་སུ་གཏོགས་པར་མཛད་དེ་ལི་རིགས་གནང་བ་ལ་བརྟེན་ནས་ཕྱིས་ལི་རྒྱལ་ཏུ་འབོད་ཅིང་།”① ཞེས་བཀོད་ཅིང་། དེ་ལ་འདིར་རྒྱ་སྐད་དུ་ཐོ་བྲག་ལ་ཐོ་པཱ་ཞེས་ཀློག་པའང་རྒྱུ་མཚན་མེད་པ་ཞིག་མིན་ཏེ། བརྡ་རྙིང་དང་དེང་སང་ཡང་ཀོང་པོ་དང་རྒྱལ་རོང་སྐད་དུ་བྲག་གི་སྒྲ་པཱ་ལྟ་བུའི་གདངས་ཐོན་པ་མང་པོ་འདྲེན་རྒྱུ་ཡོད་པ་དཔེར་ན། ཀོང་པོའི་བྲག་གསུམ་མཚོ་ལ་རྒྱ་སྐད་དུ“巴松湖”དང་། བྲག་གཡབ་ལ“巴宜”དང་། འབར་ཁམས་ཀྱི་བྲག་བར་ལ“白湾”དང་རོང་བྲག་རྫོང་གི་བྲག་སྟེང“巴底”ལྟ་བུ་ཤིན་ཏུ་མང་བས་བལྟས་པ་ཙམ་གྱིས་དེ་ལོས་ཡིན་སེམས་པ་འདི་དང་། དེ་མིན་མི་ཉག་ཐོ་བྲག་གི་མི་རྒྱུད་དུས་ཕྱིས་བར་ཟམ་མ་ཆད་པར་བྱོན་པ་མིང་རུས་ལ་རྒྱ་ཡིག་གི་ཐཱ(托)ཞེས་འབོད་ཚུལ་སོགས་ཀྱི་ལོ་རྒྱུས་མཁྱེན་འདོད་ཡོད་ན་གོང་གི་ཁོ་བོའི་མི་ཉག་སྐོར་གྱི་དཔྱད་རྩོམ་ལ་གཟིགས་པར་ཞུའོ།། །།  

①《རྒྱའི་ཡིག་ཚང་དུ་འཁོད་པའི་བོད་དང་འབྲེལ་བའི་ལོ་རྒྱུས》ཞེས་པ་འབལ་འཇམ་དབྱངས་དར་རྒྱས་ཀྱིས་བསྒྱུར་ཅིང་མཆན་བཏབ་པ་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས2013ལོར་པར་དུ་བསྐྲུན་པའི་དེབ་གཉིས་པའི་ཤོག་ངོས286པར་གསལ།

① དགེ་ལེགས་ཀྱིས་བརྩམས་པའི་རྒྱ་ཡིག་གི་དཔེ་དེབ་ཀྲུང་ཧྲན་སློབ་གྲྭ་ཆེན་མོའི་དཔེ་སྐྲུན་ཁང་གིས1988ལོར་བསྐྲུན་པའི་ཤོག་ངོས386ནས398པར་གསལ།

① རྒྱ་ཡིག་གི《ཁྲིན་ཆིན་དབྱིན་གྱི་བོད་རིག་པའི་དཔྱད་རྩོམ་ཕྱོགས་བསྒྲིགས》ཞེས་པ་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་2006ལོར་པར་དུ་བསྐྲུན་པའི་དེབ་གཉིས་པའི་ཤོག་ངོས་l l l4པར་གསལ།  

②  《ཆོས་འབྱུང་མཁས་པའི་དགའ་སྟོན》ཞེས་པ་མི་རིགས་དཔེ་སྐྲུན་ཁང་གིས1986ལོར་པར་དུ་བསྐྲུན་པའི་དེབ་སྟོད་ཆའི་ཤོག་ངོས431པར་གསལ།

①《རྒྱའི་ཡིག་ཚང་དུ་འཁོད་པའི་བོད་དང་འབྲེལ་བའི་ལོ་རྒྱུས》ཞེས་པ་འབལ་འཇམ་དབྱངས་དར་རྒྱས་ཀྱིས་བསྒྱུར་ཅིང་མཆན་བཏབ་པ་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས2013ལོར་པར་དུ་བསྐྲུན་པའི་དེབ་གཉིས་པའི་ཤོག་ངོས286པར་གསལ།

①གུང་མགོན་པོ་སྐྱབས་ཀྱིས་མཛད་པའི《རྒྱ་ནག་ཆོས་འབྱུང》ཞེས་པ1983ལོར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་ཤོག་ངོས45པར་གསལ།

ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།