ཟླ་བ་ཟླ་ཕྱེད། ཟླ་བ་ཟླ་སྒོར།
ཏི་ཏེ་ཀྲུའོ་ཏུང་། (མུའོ་རིགས།)བསོད་ནམས་འཚོས་བསྒྱུར།
སྒོ་ཁའི་སྨྱུག་ཚལ་གྱི་སྟེང་དུ་སྤྲིན་པའི་གྲིབ་རིས་ལེབ་མོ་ཞིག་ཕོག་འདུག སྤྲིན་པའི་གྲིབ་རིས་བརྒྱུད་ནས་བལྟས་པ་ན། སྤོ་བོས་ཟླ་བ་སྒོར་མོས་སྤྲིན་རིམ་དུ་དངུལ་གྱི་མཐའ་རྒྱན་ཞིག་ཤན་ཞིང་། འོད་དཀར་སྲབ་མོ་ཞིག་མར་ཟགས་ཏེ། རྒྱང་རིང་གི་རི་སྒང་དང་ནགས་ཚལ། ཐལ་མདོག་གི་བྲག་རི་བཅས་དཀར་གསལ་ལེར་བཏང་འདུག་པ་མཐོང་། དངུལ་སྒོར་ལྟ་བུའི་འོད་ཐིགས་དེ་ནམ་མཁའི་མཐའ་རུ་རེས་གསལ་རེས་མོག་ཏུ་སྣང་ཞིང་། དེ་ནི་འོད་ཀྲིག་ཀྲིག་གི་ཆུ་བོ་ཆེན་པོ་ཞིག་མཚན་མོའི་དབེན་འཇགས་ཁྲོད་བཞུར་གྱིན་པ་དང་མཚུངས། སྤོ་བོས་སྨྱུག་ཚལ་ལ་ཅེར་བའི་མིག་མདངས་བསྡུས་ཏེ། ཨ་ནེ་ཆུང་བར“བུ་མོ། ཚེས་པ་བཅོ་ལྔར་སླེབས་ཟིན། དེ་རིང་མཆོད་འབུལ་དུས་ཆེན་རེད། ཁྱོད་སོང་ནས་འབྲས་ཕོར་བ་གང་ཆུ་ལ་སྦངས་རོགས”ཞེས་བཤད།
“འབྲས་ཆུ་ལ་སྦངས་ནས་ཅི་བྱེད་དམ། ”
“ཁྱོད་ཀྱིས་གོ་མ་མྱོང་ངམ། བདུན་པའི་བཅོ་ལྔ་ཉིན། འདྲེ་རྣམས་གང་སར་རྒྱུ་བས། ང་ཚོ་ཅི་འདྲས་དབུལ་རུང་། ཁོ་ཚོར་བཀྲེས་ལྟོགས་མྱོང་བཞིན་འགྲོ་རུ་འཇུག་མི་རུང་།”
ཨ་ནེ་ཆུང་བ་སྨྱུག་ཚལ་དང་གྱེས་ཏེ་ནག་ཧང་ཧང་གི་སྡོད་ཁང་དེའི་ནང་དུ་འཛུལ་སོང་། སྒོ་ཆེན་འགྲམ་གྱི་ས་དོང་དུ། སྣུམ་སྒྲོན་མག་མོག་ཅིག་བཀར་འདུག་ཅིང་། སྒྲོན་སྟེགས་ནི་སྨྱུག་མས་བཟོས་འདུག སྨྱུག་མའི་གཞོགས་གཉིས་བྲུས་ཏེ་འཛིན་ལུང་ཞིག་བསྐྱུར་ཡོད་པ་དང་། ལྕགས་ཀྱི་དཀར་མེ་ཞིག་སྨྱུག་སྟེགས་ཀྱི་རྩེ་མོར་བཞག་འདུག་ལ། དཀར་མེའི་སྡོང་རས་ནི་སྦྲུལ་ཤི་བོ་ཞིག་དང་མཚུངས་པར་ཨ་ཀྱོག་པ་ཀྱོག་ངང་འཁྱིལ་འདུག འོད་སྣང་ཕྲན་བུ་ཞིག་སྡོང་རས་སྟེང་དམར་ལམ་ལམ་བྱེད། ཨ་ནེ་ཆུང་བས་ཤིང་ཐུར་གྱིས་སྡོང་རས་ཡར་འཐེན་ཙམ་བྱས་པ་ན། ས་ཁང་ནང་དེ་མ་ཉིད་དུ་གསལ་ལམ་མེར་སོང་སྟེ། རྒྱང་རིང་གི་ཤིང་སྒམ་དང་ཤིང་སྐས་སྟེང་གི་རི་མོ་ཡང་མཐོང་འོངས།
ཨ་ནེ་ཆུང་བས་ལག་པ་གཡོན་པས་སྣུམ་སྒྲོན་བཟུང་ཞིང་། ལག་པ་གཡས་པས་ཐབ་ཚང་གི་ཤིང་སྒོ་ཕྱེ། ཤིང་སྒོ་དེ་ནི་སྤོ་བོས་གསོམ་ཤིང་ལེབ་མོ་གསུམ་གྱིས་བཟོས་པ་དང་། ངོས་གཉིས་ནི་སྨྱུག་མ་དང་ཐག་པས་བསྡམས་ནས་སྲ་མོར་བཅོས་འདུག ཨ་ནེ་ཆུང་བས་ཨན་འདར་སྟེང་གི་ཤིང་གི་སླ་ང་དེའི་ཁ་ཕྱེ་སྟེ། ཤིང་གི་ཁེམ་བུས་ཁོ་ཚག་གི་བར་ཆོད་སྟེང་བྲད་བྲད་དེ་འབྲས་དཀར་ཡོལ་ཕྱེད་ཙམ་ཆུར་སྦངས། ཐོག་ཁང་དུ་ཨ་ཞང་ཆུང་བས་རྨི་ལམ་གྱི་ཞིང་ནས་སོ་འཆའ་བའི་སྒྲ་ཐར་ཐོར་ཞིག་མཚམས་མེད་དུ་མཆེད་ཡོང་།
ཨ་ནེ་ཆུང་བ་ཡང་བསྐྱར་ཁང་པའི་ཕྱིར་ཐོན་པ་དང་། ཟླ་བ་ཡང་སྤྲིན་གྱི་ཁོང་གསེང་ནས་འཛུལ་ཡོང་། སྤོ་བོ་ཁང་པའི་མདའ་གཡབ་འོག་ཏུ་ཡོང་ཞིང་། རུམ་ནས་མེ་ཆ་བཏོན་སྟེ་ཐ་མག་འཐེན་རྩིས་བྱས། ལྕགས་ལེབ་མོ་ཞིག་མགྱོགས་པོར་མེ་རྡོའི་སྟེང་དབུར་བ་ན། ཁོའི་ལག་མགོ་ནས་མེ་སྟག་ཆེན་པོ་ཞིག་མཆེད། དེ་ནི་རྒྱ་ལོ་བཅོ་ལྔའི་དགོང་མོར་ཧྲི་ལི་ཕུའུ་ར་བར་མེ་འབྲུག་རྩེད་སྐབས་ལྕགས་ཆུ་ཆོལ་བ་དང་ཀུན་ནས་མཚུངས། ཨ་ནེ་ཆུང་བས་སྨྱུག་སྟེགས་སུ་མིག་བལྟས་ཤིག་བྱས་པ་ན། དར་གོས་སྔོན་པོ་གཡོགས་པ་ལྟ་བུའི་མཁའ་དབྱིངས་སུ། ཟླ་བ་ཉ་གང་ནི་གསར་དུ་བཞད་མ་ཐག་པའི་ཤ་མོ་དཀར་པོ་ཞིག་དང་འདྲ་སྟེ། སྤྲིན་གྱི་བང་རིམ་ངང་གིས་བརྟོལ་ནས། ས་གཞི་གསལ་གྱི་ལེར་བཏང་།
“ཨ་ཕ། ཆུ་འབྲས་ཁྱེར་ཡོང་ཡོད། ”
“ཁྱོད་སོང་ནས་ལམ་གྱི་བཞི་མདོར་བྱོ་རོགས། ལམ་འགྲོ་བ་ཡོངས་ཀྱིས་རྒྱགས་ཚད་ཅིག་ཟོས་རྗེས་འགྲོ་རུ་ཆུགས། ”
ཨ་ནེ་ཆུང་བས་ཆུ་འབྲས་བཞི་མདོར་བྱོ་སྟེ་ཕྱིར་ལོག་རྗེས། ས་སྟེགས་སྟེང་གི་སྣུམ་སྒྲོན་གཟིམས་ཤིང་། མུན་ནག་ནང་ཐེམ་སྐས་འཛེགས་ཏེ་ཐོག་ཁང་དུ་ཕྱིན། མོའི་ཉལ་ཁྲི་ནི་ཧ་ཅང་དོག་ཅིང་ཆུང་ལ། སྨྱུག་མའི་ར་སྐྱོར་ཞིག་གི་ཕར་ནང་ནི་ཨ་ཞང་ཆུང་བའི་ཉལ་ཁྲི་རེད། ཨ་ཞང་ཆུང་བས་རྨི་ལམ་དུ་ཤ་ཟ་བ་རྨི་བཞིན་པ་འདྲ། ཁོ་རང་མཚམས་མཚམས་སུ་བགད་བྱུང་།
ཨ་ཞང་ཆུང་བའི་དགོད་སྒྲའི་ཁྲོད། ཨ་ནེ་ཆུང་བས་ཁང་པའི་མདའ་གཡབ་འོག་གི་བར་གསེང་བརྒྱུད་དེ། ཟླ་བ་ནི་སྨྱུག་རྩེ་ནས་དལ་བ་དལ་བུར་བར་སྣང་དུ་ཡར་འཕགས་པ་མཐོང་། མིག་གི་ཟིན་ཚད་དུ་དཀར་ཆ་དོད་པའི་སྔོན་པོ་ཡུག་གཅིག་ལས་མི་གཅིག་ཀྱང་མི་འདུག ཅུང་ཙམ་འགོར་རྗེས། སྔོ་ཡུག་ཡུག་བྱེད་པ་དེ་ལས་ཆུ་གླང་གི་ངུར་སྐད་ཐུང་ཞིང་སྦོམ་པ་ཞིག་གྲགས་ཡོང་ཞིང་། ངུར་སྒྲ་དེས་ཆུ་གླང་གི་སྐེ་དྲིལ་ཡང་བསྒུལ་བ་དང་འདྲ་བར་སིང་སིང་དུ་གྲགས་བྱུང་། དེ་ནི་ཆར་ཐིགས་ཤིག་ཁང་པའི་མདའ་གཡབ་དང་སྨྱུག་མའི་སྟེང་། དེ་ནས་ཨ་ནེའི་རྣ་ཅོག་མགོར་ལྷུང་བ་དང་འདྲ།
ཆུ་གླང་གི་སྐེ་དྲིལ་གྱི་སིང་སྒྲ་ནི་ཆར་བ་དང་འདྲ་བར་བར་སྣང་ནས་ཁང་པའི་མདའ་གཡབ་དང་སྨྱུག་མའི་སྟེང་དུ་ཐོར་འོངས།
ཆུ་གླང་ནི་མ་ཡིའུ་སན་གྱིས་སྤོ་བོ་ཚང་དུ་གསོས་ཡོད་ཅིང་། མ་ཡིའུ་སན་ནི་ཧྲི་ལི་ཕུའུ་ཞང་གི་ཞང་ཀྲང་ཡིན་ལ། ཞིང་ས་དང་རྩྭ་ར་ཆེན་པོ་ཡོད། མི་རྣམས་ཀྱིས་མ་ཡིའུ་སན་ཞང་ཀྲང་དུ་བསྡད་པ་ནི་ཁོ་རང་ཞིང་བདག་ཡིན་པ་དང་འབྲེལ་བ་དམ་ཟབ་ཡོད་པར་འདོད་ཡོད། ཁོ་ཞང་ཀྲང་དུ་བསྡད་རྗེས། དེ་སྔོན་གྱི་ས་ཞིང་ཡང་བསྐྱར་རྒྱ་བསྐྱེད། ལོ་ངོ་གསུམ་གྱི་རིང་ལ། ཁོས་རང་ཉིད་ཀྱི་ས་ཞིང་དེ་ཧྲི་ལི་ཕུའུ་ར་བ་ནས་སྤོ་བོ་ཚང་ཡོད་སའི་ཝན་ཏེའི་བར་དུ་ཇེ་ཆེར་བཏང་།
ས་ཞིང་དང་ཆུ་གླང་ལས་གཞན། མ་ཡིའུ་སན་གྱིས་ད་དུང་ཁལ་རྟ་ཁྱུ་ཞིག་ཀྱང་གསོས་ཡོད་དེ། ཁལ་རྟ་རྣམས་ནི་ཡན་ཙི་བྲག་འདབས་ཀྱི་རྟ་རྫི་ཁྱིམ་ཚང་ཞིག་ཏུ་བཅོལ་ཡོད། མ་ཡིའུ་སན་ལ་བསྡོམས་པས་ཁལ་རྟ་བཅུ་ཡོད་པ་ཚང་མ་ཡུལ་དེའི་རྟ་སུག་ཐུང་གི་རིགས་ཡིན་ལ། ཤ་རིད་ཅིང་གཟུགས་བོངས་ཤིན་ཏུ་ཆུང་བས། གཙོ་བོ་ཚོང་པ་རྣམས་དང་ཡང་ན་ཐག་རིང་ལ་འགྲོ་བའི་མིར་བོགས་མར་གཏོང་གི་ཡོད། གལ་ཏེ་ལོ་གཅིག་རིང་ཁལ་རྟའི་ཤ་ཤེད་མ་ལྷུང་ཚེ། མ་ཡིའུ་སན་གྱིས་ཁ་ཆད་ལྟར་ལོ་རེར་འབྲུ་སེར་བྲེ་བཅུ་རྟ་རྫིར་གླ་ཆར་སྤྲོད་ཀྱི་ཡོད། ཡན་ཙི་བྲག་འདབས་ཀྱི་རྟ་རྫི་ནི་མི་གཞུང་དྲང་ཅན་ཞིག་ཡིན་པ་དང་། ཁལ་རྟ་ཡང་བལྟས་ཚོད་ཀྱིས་ཤ་ཤེད་བཟང་མོད། འོན་ཀྱང་མ་ཡིའུ་སན་གྱིས་ཁལ་རྟ་ལོ་རེ་ནས་ལོ་རེར་རིད་པར་གྱུར་པས། རྟ་རྫིའི་ལག་ཏུ་འབྲུ་སེར་ཕྱེད་ཀ་རག་ཐུབ་ན་རབ་རེད་སྙམ།
མ་ཡིའུ་སན་གྱིས་ཁལ་རྟ་གསོ་བ་མ་ཟད། ཁོ་ད་དུང་ཞྭ་མོར་ཡང་ཧ་ཅང་དགའ་པོ་ཡོད། ཁོར་ཞྭ་མོ་འདྲ་མིན་སྣ་ཚོགས་ཡོད་དེ། རྒྱ་ཞྭ་ལི་མོ་དང་ཀྭ་པགས་ཞྭ་མོ། ཞྭ་ཁ་ཡངས་པའི་ཞྭ་མོ་སོགས་ཡོད། ཞྭ་མོའི་རྒྱུ་ཆ་ལ་ཁྱིའི་པགས་པ་དང་རས་ཆ། འཁྲི་ཤིང་གི་རྩྭ་སོགས་ཡོད། མ་ཡིའུ་སན་ནི་འཇིག་རྟེན་གྱི་ལྟད་མོ་ཅི་རིགས་མཐོང་མྱོང་བའི་མི་མིག་རྒྱ་ཅན་ཞིག་སྟེ། ལུས་ལ་ཀྲུང་ཧྲན་གྱོན་ཆས་གྱོན་པ་དང་། མགོ་ལ་རྒྱ་ཞྭ་ལི་མོ་གོན་པ། བྲང་ཁར་གནམ་སྔོན་པོ་དང་ཉི་མ་དཀར་པོ་ཅན་གྱི་བྲང་རྟགས་འདོགས་རྒྱུར་དགའ། ལོ་རེའི་སྟོན་ཁའི་རྗེས་སུ། ཁོས་མགོ་ལ་རྒྱ་ཞྭ་ལི་མོ་གོན་པ་དང་ལུས་ལ་ཀྲུང་ཧྲན་གྱོན་ཆས་སྐྱ་མདོག་ཅིག་གྱོན་ཏེ། འབྲུ་རིགས་བསྡུས་རྗེས་ཀྱི་འོང་ཁ་བརྒྱུད་ནས་ཡན་ཙི་བྲག་འདབས་ཀྱི་རྟ་རྫི་ཚང་ལ་ལོ་རེའི་གླ་ཆ་རྩིས་རྒྱག་ཏུ་འགྲོ་བཞིན་ཡོད། མ་ཡིའུ་སན་གྱིས་རྟའི་ཤ་ཤེད་ལྷུང་ཡོད་མེད་ལ་ལྟ་སྲོལ་ནི་མི་གཞན་དང་ཡེ་ནས་མི་འདྲ་སྟེ། ཁོས་མིག་གིས་བལྟ་མི་དགོས་ལ་ལག་པས་ཀྱང་རེག་མི་དགོས་པར་རྣ་བས་མཉན་པ་རེད། ཁོས་མགོའི་ཞྭ་མོ་ཕུད་པ་དང་ལག་པས་ཞྭ་རྩེ་ནས་བཙིར་ཞིང་། དེ་ནས་ཁལ་རྟའི་གསུས་པའི་སྟེང་རྣ་ཅོག་གླན་ནས་མཉན་མཉན་རྗེས།“གྲོགས་པོ།ཤ་ཤེད་ལྷུང་འདུག”ཅེས་བཤད་པ་ན། “དཔེ་མི་སྲིད།”རྟ་རྫིས“ངས་ཉི་མ་རྟག་པར་དགོང་ཆས་སྟེར་གྱིན་ཡོད”ཟེར།
“ཁྱོད་ཀྱིས་ཉོན་དང་།”མ་ཡིའུ་སན་གྱིས་ཡང་བསྐྱར་ཞྭ་མོ་མགོར་གོན་རྗེས།“ཁལ་རྟའི་གསུས་ཁོག་ཏུ་སྐད་སྒྲ་ཞིག་གྲག་གིན་འདུག དེ་ནི་བཀྲེས་ལྟོགས་ཀྱིས་མནར་ནས་རྒྱུ་མ་ཁོང་ཁྲོ་ལངས་པའི་རྟགས་རེད། ཁ་ཆད་ལྟར་ན། ཁྱོད་ལ་གླ་ཆའི་ཕྱེད་ཀ་ལས་འབབ་མི་སྲིད”ཅེས་བཤད།
སྤོ་བོས་རྟ་རྫིའི་དོན་དུ་སེམས་སྡུག་བྱེད། རྟ་རྫིས་ཡན་ཙི་བྲག་འདབས་ཀྱི་རྩྭ་ས་ཆེས་བཟང་ཤོས་དེ་རྙེད་པས། ཉིན་རྒྱུན་དགོང་མོར་ཁལ་རྟ་རྣམས་ལ་སྔོ་རྩྭ་ཁ་སྣོན་བྱས་ནས་གསོས་མོད། འོན་ཀྱང་ལོ་མཇུག་ཏུ་ཐོན་དུས་གླ་ཆའི་ཕྱེད་ཀ་མ་གཏོགས་ལེན་རྒྱུ་མི་འདུག སྤོ་བོས་དེ་ནི་མ་ཡིའུ་སན་གྱི་ཞྭ་མོར་གནད་དོན་ཡོད་པ་དང་། ཁོའི་ཞྭ་མོའི་ནང་དུ་སྐད་སྒྲ་སྒྲོག་ཐུབ་པའི་དངོས་པོ་ཞིག་སྦས་འདུག་པར་སྙམ། སྤོ་བོས་དེ་སྔ་རྟ་རྫིར་རྒྱ་མས་ཁལ་རྟའི་ལྗིད་ཚད་འཇལ་ཏེ་ཟིན་ཐོར་དགོད་དགོས་པའི་གསལ་འདེབས་བྱས་མོད། དེར་མ་ཡིའུ་སན་འཐད་པ་མ་བྱུང་། མ་ཡིའུ་སན་གྱིས་གལ་ཏེ་རྟ་རྫིས་ཁོའི་ཐབས་ཤེས་ལྟར་མ་བསྒྲུབས་ཚེ། ཁོས་ཁལ་རྟ་མི་གཞན་ཞིག་ལ་གསོ་རུ་འཇུག་རྒྱུ་ཡིན་ཞེས་བཤད་མྱོང་།
རྟ་རྫིར་བྱུང་བའི་དོན་དག་དེས་སྤོ་བོར་ཡང་དོགས་སྣང་ཞིག་བྱིན་པས། ཁོས་མ་ཡིའུ་སན་ལ་ཆུ་གླང་གཅིག་ལས་བཅོལ་རྒྱུ་ཁས་མ་བླངས་པར། གལ་ཏེ་རྣས་མཉན་ནས་བ་གླང་གི་ཤ་ཤེད་ལྷུང་བ་ཤེས་ཀྱང་འབྲུ་སེར་བྲེ་གང་གི་གྱོང་གུན་ལས་མེད་པར་བྱས། ཆུ་གླང་ཝན་ཏེའི་སྤོ་བོ་ཚང་ལ་བཅོལ་བའི་ཉིན་ནས་བཟུང་། ཞིང་རྨོ་བའི་སྐབས་སུ་མ་གཏོགས། ཆུ་གླང་ནི་སྤོ་བོ་ཚང་གི་བ་ཁང་དུ་བཅུག་སྟེ་ཨ་ནེ་དང་ཨ་ཞང་ཆུང་བ་གཉིས་ཀྱིས་རེས་མོས་སུ་ལྟ་སྐྱོང་བྱེད་ཀྱིན་ཡོད། ལོ་ངོ་གསུམ་རིང་། ཆུ་གླང་ལ་ཤ་ཤེད་རྒྱས་པ་ཧ་ཅང་བཟང་བས། སྤོ་བོས་ལོ་རེའི་ལོ་མཇུག་ཏུ་མ་ཡིའུ་སན་ཚང་ནས་འབྲུ་སེར་བྲེ་གང་བོ་ཁུར་ནས་ཡོང་ཐུབ་སོང་། མ་ཡིའུ་སན་ཚང་ནི་ཧྲི་ལི་ཕུའུ་ར་བར་ཡོད་ཅིང་། ཕྱོགས་བཞི་བོར་ཤིང་གི་ཐོག་ཁང་གིས་བསྐོར་བའི་ར་སྐོར་གཉིས་མཐུད་ནས་ཡོད་པ་དང་། ཐོག་ཁང་དཀྱིལ་གྱི་དཀར་ཁུང་གི་ནང་ཕྱོགས་སུ་རྡོ་གཅལ་ནག་པོ་འོད་ཀྲིག་ཀྲིག་བྱེད་པ་ཞིག་གིས་བརྒྱན་འདུག དེའི་འགྲམ་གྱི་བར་ཁྱམས་སུ་ཨར་འདམ་བཏིང་ཡོད་ཅིང་། དུས་ཡུན་རིང་པོའི་གཙུབ་བརྡར་བརྒྱུད་དེ་ཨར་འདམ་ནི་སྲ་མོ་ལྕགས་ལྟ་བུ་ཞིག་ཏུ་གྱུར་འདུག དཀོར་གཉེར་གྱིས་གོན་པའི་རས་ལྷམ་ཞབས་མཉེན་མ་དེ་ཨར་འདམ་གྱི་སྟེང་དུ་སྤོས་པ་ན། དེ་ནི་དུག་སྦྲང་ཞིག་དང་འདྲ་བར་ཡངས་ཤིང་སྒྲ་ཅི་ཡང་མེད་པ་ཞིག་རེད། དཀོར་གཉེར་གྱིས་སྤོ་བོ་ཁྲིད་དེ་བར་ཁྱམས་བརྒྱུད་ནས་ཤིང་གི་ཐོག་ཁང་འགྲམ་གྱི་འབྲུ་མཛོད་ཁང་ཡོད་སར་སོང་སྟེ་ཆུ་གླང་གསོས་པའི་གླ་ཆ་སྤྲད།
“སྐུ་ངོ་ལ་ཐུགས་རྗེ་ཆེ་ཞུ་རོགས”ཞེས་དཀོར་གཉེར་གྱིས་སྐམ་རིད་དུ་གྱུར་པའི་ལག་པ་རྡེབ་རྡེབ་བྱེད་ཞོར།“ཁོས་བ་གླང་གི་ཕོ་བ་ལས་སྐད་སྒྲ་ཅི་ཡང་ཐོས་མ་སོང་། ཁོ་ནི་མི་སེམས་བཟང་ཞིག་རེད”ཅེས་བཤད།
“ཁྱེད་རང་སེམས་བདེ་མོ་བྱོས།ངས་སྐུ་ངོ་ཡི་ཚབ་ཏུ་ཆུ་གླང་གསོ་སྐྱོང་ཡག་པོ་བྱ་ངེས་ཡིན།”
སྤོ་བོས་ཨ་ནེ་ཆུང་བ་དང་ཨ་ཞང་ཆུང་བར་བལྟས་བལྟས་ལ་བསྡད་ཡོད་དེ། ཁོས་རང་ཉིད་ཀྱིས་གསོས་པའི་ཆུ་གླང་ཡང་རྟ་རྫིས་གསོས་པའི་ཁལ་རྟ་དང་འདྲ་བར་བདག་པོ་མཐོང་ན་ཕོ་བས་ལྟོགས་སྐོམ་གྱི་དབང་གིས་སྐད་ཆ་བཤད་འགྲོ་བར་སེམས་ཁུར་བྱེད་ཀྱིན་འདུག ཁོས་ནམ་མ་ལངས་གོང་ནས་ཨ་ནེ་ཆུང་བ་གཉིད་ལས་བསླངས་ཏེ། རྩྭ་ཆུ་བཟང་བའི་རི་ལྡེབས་སུ་ཕྱུགས་འཚོ་རུ་མངགས། ཨ་ནེ་ཆུང་བ་སྒོར་བུད་ནས་ཅང་མ་འགོར་བར། ཤར་ཕྱོགས་ཀྱི་ནམ་མཁའི་མཚམས་སུ་སྤྲིན་པ་ལང་ལོང་རྒྱུ་ཞིང་། སྤྲིན་པ་དམར་ནག་དུམ་བུ་གཉིས་རྒྱུ་བ་དེ་ནི་གཞོན་ནུ་མ་ཞིག་གི་མཁུར་ཚོས་དམར་པོ་དང་མཚུངས་པར་རི་སྒང་དུ་འཐེན་ཞིང་། རི་ལྡེབས་སུ་སྐེ་དྲིལ་སིང་སིང་གྲགས་པའི་སྒྲ་དང་ཆུ་གླང་གི་ངུར་སྒྲ་དམའ་མོས་ཁེངས་འདུག
བདུན་པའི་བཅོ་ལྔར་ཟས་སྦྱིན་བཏང་བའི་ཕྱི་ཉིན་ཨ་ནེ་ཆུང་བ་མལ་ལས་ལངས་པ་དང་། ནོར་འཚོ་བའི་དུས་ཚོད་ཡོལ་འདུག་པ་ཤེས་པས། མོ་བྲེལ་འཚུབ་ངང་ནོར་ཁང་གི་ཁང་ཐོག་ཏུ་བརྒྱུགས་ནས་གཟན་རྩྭ་པང་གང་ཁྱེར་ཡོང་ཞོར། ཆུ་གླང་ལ་ནད་ཕོག་སྟེ་ཁྱིམ་དུ་གསོ་དགོས་ཞེས་རྫུན་ཞིག་ལབ་རྩིས་བྱས། ཨ་ནེ་ཆུང་བས་མ་རྨོས་ལོ་ཏོག་གི་སོག་མ་བསྡམས་ལོག་ཅིག་བཤིག་ཞོར། ཕ་གིའི་སོག་སྤུངས་ཕོན་པོ་དེའི་སྟེང་དུ་ཆེ་ཆུང་ལ་མཐེ་བོང་ཙམ་ལས་མེད་ཅིང་སོལ་བ་དང་འདྲ་བའི་དངོས་པོ་ནག་པོ་ཞིག་འོད་ཀྲིག་ཀྲིག་བྱེད་པ་མཐོང་བྱུང་། མོ་རང་དེར་འགོས་ནས་དངོས་པོ་དེ་ལག་ཏུ་བླངས་པ་ན་ལྕགས་སྨྱུག་ཅིག་ཡིན་པ་ཤེས། ཨ་ནེ་ཆུང་བས་སྔོན་ཆད་ཧྲི་ལི་ཕུའུ་རུ་ལྕགས་སྨྱུག་མཐོང་མྱོང་ཞིང་། མོས་དེ་ནི་དངོས་པོ་རྩ་ཆེན་ཞིག་ཡིན་པ་མ་ཟད། མི་གལ་ཆེན་དག་གིས་ད་གཟོད་ལྕགས་སྨྱུག་འཁྱེར་སྲིད་པ་ཤེས་ཡོད།
“ཨ་ཕ།ངས་ལྕགས་སྨྱུག་ཅིག་རྙེད་བྱུང་། ”
“ཨེ་ཡིན་ནམ།”སྤོ་བོས་སྨྱུག་ཚལ་འོག་གི་ཞིང་ནང་དུ་རྩྭ་ལྡུམ་འབལ་བཞིན་ཡོད་ལ། ཁོས་དེ་ལྟར་ཟེར་ཞོར་བྲེལ་འཚུབ་ངང་ཞིང་ནང་ནས་ཐོན་ཏེ་རྐང་རྗེན་དུ་ནོར་ཁང་གི་ཕྱོགས་སུ་ཡོང་བ་དང་། ཨ་ནེ་ཆུང་བའི་ལག་ནས་ལྕགས་སྨྱུག་བླངས་རྗེས“བུ་མོ། ཁྱོད་ཀྱིས་འབྲུ་སེར་བྲེ་བཅུ་རྙེད་སོང་བ་རེད”ཅེས་བཤད།
“ང་ཚོས་ལྕགས་སྨྱུག་ཕྱིར་བདག་པོར་སྤྲད་འོས།”
“ཁྱོད་ཀྱིས་དེའི་བདག་པོ་སུ་ཡིན་པ་ཤེས་སམ།”སྤོ་བོས་པང་ནས་མེ་ཆ་ལེན་ཞོར་བཤད་རྒྱུར།“གསང་བའི་བྱེད་སྒོ་སྤེལ་མཁན་ཞིག་གི་ཡིན་ཚོད་རེད། ཁོ་ཚོ་དགོང་མོ་སྒོར་ཡོང་ནས་ཐང་ཆད་ཚེ་ཁྱི་མེད་པའི་བ་ཁང་ཞིག་བཙལ་ནས་ཉལ་བ་རེད། སྐུ་ངོས་ཞང་གི་ལས་བྱེད་པ་ཁྲིད་ནས་གང་སར་ཁོ་ཚོ་འཛིན་བཟུང་བྱེད་ཀྱིན་འདུག ཁྱོད་ཀྱིས་ཤོད་དང་། ཁོ་ཚོ་ལྕགས་སྨྱུག་ལེན་དུ་ཡོང་ཕོད་དམ”ཞེས་དྲིས།
“མ་བཙལ་ན་ཇི་ལྟར་ཤེས།”
“ཁྱོད་འདི་རོ་སྒམ་མཐོང་ཚེ་ད་གཟོད་ངུ་བའི་རིགས་དེ་རེད།”སྤོ་བོ་ཁོང་ཁྲོ་ཆེན་པོ་ལངས་ནས་མེ་ཆས་ཐ་མག་སྒྲོན་ཞོར“ཁྱོད་འཚོལ་དུ་སོང”ཞེས་བཤད།
ཨ་ནེ་ཆུང་བས་ལྕགས་སྨྱུག་ཁྱེར་ཏེ་ཁང་པའི་ནང་འཛུལ་བ་དང་། རས་ཐུམ་སྔོན་པོ་ཞིག་གིས་ལྕགས་སྨྱུག་བཏུམས་རྗེས། ཤིང་གཞོང་དུ་ཆུ་བླུགས་ནས་མེ་ལོང་གི་ཚབ་བྱེད་ཅིང་། དེ་ནས་ཁང་པའི་ཕྱི་རོལ་དུ་ཁྱེར་ཏེ་ཁ་ལག་བཀྲུས། ཨ་ནེ་ཆུང་བ་ཧྲི་ལི་ཕུའུ་རུ་བོར་མཁན་འཚོལ་དུ་འགྲོ་རྒྱུའི་གྲ་སྒྲིག་བྱེད་ཀྱིན་ཡོད་ལ། མོས་དངོས་པོ་རྩ་ཆེན་འདི་འདྲ་ཞིག་བོར་སོང་བས་ངོ་མི་ཤེས་པའི་མི་དེས་ལྕག་གིས་བྲབས་པའི་ཁྱི་ཞིག་དང་འདྲ་བར་ཧྲི་ལི་ཕུའུ་ནས་ཝན་ཏེར་ཡོང་བའི་ལམ་བར་དུ་ཕར་རྒྱུག་ཚུར་རྒྱུག་གིས་ལྕགས་སྨྱུག་འཚོལ་གྱིན་པ་ཁོ་ཐག་ཡིན་ངེས་སྙམ། ཨ་ཞང་ཆུང་བས་སླེ་བོ་ཁྱེར་ནས་ཞིང་ནང་དུ་ཆུ་སྦྲུལ་འཛིན་དུ་སོང་། ཨ་ནེ་ཆུང་བ་སྨྱུག་ཚལ་གྱི་འགྲམ་དུ་ལངས་ནས་བལྟས་པ་ན།རི་སྐེད་ཀྱི་འབྲས་ཞིང་དུ་ཨ་ཞང་ཆུང་བ་ནི་གྲུམ་པ་ཞིག་དང་འདྲ་བར་ལྗང་བུའི་གསེང་དུ་ཡར་རྒྱུག་མར་རྒྱུག་བྱེད་ཀྱིན་འདུག ཅུང་མ་འགོར་བར། སྔོ་ཡུག་ཡུག་གི་ལྗང་བུའི་སྟེང་རུས་སྦལ་གྱི་ཕྱི་ཤུན་ལྟ་བུའི་སྒལ་གཞུང་ཞིག་ལས་ཅི་ཡང་ལྷག་མི་འདུག
ཝན་ཏེ་ནས་ཧྲི་ལི་ཕུའུ་བར་དུ་ལེ་དབར་ལྔ་ཡོད། ལེ་དབར་གསུམ་ཙམ་གྱི་མཚམས་སུ་ཆང་ཁང་ཞིག་ཡོད། ཆང་ཁང་དེ་ནི་ཤིང་ཁང་ཀ་དགུ་མ་ཞིག་ཡིན་ལ། དེ་ཡང་ཞང་ཀྲང་མ་ཡིའུ་སན་གྱི་ཐོན་ལས་ཤིག་ཡིན། ཤིང་ཁང་དུ་ཐབ་ཀ་ཆེན་པོ་གཉིས་དང་དོང་གསུམ། ད་དུང་ཤིང་བཟོའི་ཁང་པ་གཅིག་བཅས་ཡོད། ཆང་ཁང་གིས་ལེ་དབར་བཅུ་ལ་དྲི་ཞིམ་ཁྱབ་ཟེར་བའི་ཆང་དཀར་ཞིག་ཐོན་སྐྱེད་བྱེད་ཀྱིན་ཡོད། ཝུའུ་ཙུའོ་ལུའུ་ཆང་ཁང་དུ་ཡོང་ནས་ཆང་བསྙལ་མཁན་བྱས་རྗེས། མ་ཡིའུ་སན་ལ་ཁོར་ཤིང་བཟོའི་ཁང་པ་ཞིག་དགོས་པའི་རེ་བ་བཏོན་པར། མ་ཡིའུ་སན་འཐད་པ་བྱུང་།
ཝུའུ་ཙུའོ་ལུའུ་ཡི་ཡོང་ཁུངས་ནི་དེ་འདྲའི་གསལ་བོ་ཞིག་མིན་ཏེ། ཧྲི་ལི་ཕུའུ་ཡི་མི་རྣམས་ཀྱིས་ཁོ་ཆང་ཁང་དུ་ཆང་བསྙལ་དུ་མ་ཡོང་བའི་སྔོན་ལ། ཡན་ཙི་བྲག་འདབས་སུ་རྟ་རྫིར་ཕྱུགས་རྩྭ་བྲེགས་མྱོང་བ་དང་། ཤིང་བཟོ་ཡང་བྱས་མྱོང་བ་ཙམ་ལས་ཆ་རྒྱུས་ཅི་ཡང་མི་འདུག ཝུའུ་ཙུའོ་ལུའུ་ལ་ཤིང་བཟོའི་ཅ་ལག་ཁ་ཚང་ཞིག་ཡོད་དེ། འབུར་ལེན་དང་སོག་ལེ། གཟོང་བ། སྟ་རེ། ཤིང་འབིགས། སྣག་ཚ་བཅས་གང་མཁོ་དེ་འཛོམས་ཡིན་པས། ཁོ་ལ་ཁོམ་སྐབས་རེ་བྱུང་ཚེ་ཤིང་བཟོའི་ལག་ཆ་ཁྱེར་ཡོང་སྟེ་ཤིང་ལས་སྣ་ཚོགས་བྱ་ངེས། ཁོ་མ་ཡིའུ་སན་གྱི་ལག་འོག་ཏུ་ཡོང་བ་ནི་ཤིང་བཟོའི་ལག་རྩལ་ལ་བརྟེན་པ་མིན་པར་ཆང་བསྙལ་ཤེས་པས་རེད། མ་ཡིའུ་སན་དང་ཐོག་ཝུའུ་ཙུའོ་ལུའུ་ཡི་ཆང་བསྙལ་བའི་ལག་རྩལ་ལ་ཡིད་མ་ཆེས་པས། ཆང་ཁང་གི་དོ་དམ་པ་སོང་ནས་རྩད་གཅོད་དུ་བཅུག དོ་དམ་པ་ནི་ཆང་རྐྱལ་ཞིག་ཡིན་ལ། ཆང་བསྙལ་ཤེས་པར་མ་ཟད་བྲོ་བར་བརྟག་ཀྱང་ཤེས་པས། ཝུའུ་ཙུའོ་ལུའུ་དང་མཉམ་དུ་ཆང་འཐུང་ཞིང་། ཕྱིར་ཡོང་སྟེ་མ་ཡིའུ་སན་ལ“སྐུ་ངོ་ལགས། ཁྱོད་ཀྱིས་མི་གན་བལྟས་མདོག་མེད་པ་ཞིག་རེད་མ་འདོད། གན་ནི་ཆང་བསྙལ་བའི་ཁྱིམ་རྒྱུད་ཅིག་ནས་སྐྱེས་པ་ངས་ཁ་ཚོན་གཅོད་ནུས།”ཞེས་བཤད།
“ཁྱོད་ཀྱིས་ཇི་ལྟར་ཤེས་སམ།”
“སྐུ་ངོ་ལགས། ཁྱོད་ཀྱིས་བྲོ་བ་ཞིག་མྱོང་དང་། འདི་ནི་ཝུའུ་ཙུའོ་ལུའུ་ཡིས་བསྙལ་བའི་ཆང་རེད།”
ཆང་ཁང་གི་དོ་དམ་པས་འོས་སྦྱོར་ཡང་ཡང་བྱས་མཐར། ཝུའུ་ཙུའོ་ལུའུ་དངོས་སུ་ཆང་ཁང་དུ་ཡོང་ཐུབ་པ་བྱུང་། ཆང་ཁང་གི་དོ་དམ་པས་ཡར་མར་ལ་དྲིལ་སྒྲོག་བྱས་པར་བརྟེན། མི་ཚང་མས་ཝུའུ་ཙུའོ་ལུའུ་ནི་ཁ་རོག་གེར་བསྡད་ཡོད་པ་མ་གཏོགས། ཁོ་ནི་ཕ་མེས་ཡང་མེས་རིང་ནས་ཆང་བསྙལ་བའི་ཁྱིམ་རྒྱུད་ཅིག་ཏུ་སྐྱེས་པ་ཤེས་ཡོད། ཡིན་ཡང་མི་རྣམས་ཀྱི་མིག་ནང་དུ་ཝུའུ་ཙུའོ་ལུའུ་ཡི་ཕ་མེས་ཡང་མེས་ནི་ལུའུ་པན་གྱི་དགེ་ཕྲུག་དང་འདྲ་སྟེ། ཁོས་ཁོམ་སྐབས་ཤིག་ཡོད་དུས་ཤིང་བཟོའི་ལག་ཆ་ཁྱེར་ཡོང་ནས་ཆང་ཁང་དུ་མི་རྣམས་ཀྱིས་མཐོང་མ་མྱོང་བའི་ཤིང་བཟོའི་ཡོ་བྱད་སྣ་ཚོགས་བཟོས་པ་རེད།
“དགེ་རྒན་ཝུའུ་ལགས། ཁྱེད་ཀྱིས་ཅི་ཞིག་བཟོ་བཞིན་ཡོད་དམ།”
“ངས་དངོས་པོ་ཡ་མཚན་ཞིག་བཟོ་བཞིན་ཡོད།”
“ཡ་མཚན་ཇི་ལྟ་བུ་ཞིག་ཡིན་ནམ།”
“འདིས་སྒྱུ་འཕྲུལ་སྟོན་ཐུབ་སྟེ། སྐབས་འགར་དབྱུག་པ་ཞིག་ཏུ་འགྱུར་བ་དང་། ཡང་སྐབས་འགར་རྐང་པ་ཞིག་ཏུ་གྱུར་འགྲོ།”
མི་རྣམས་ཀྱིས་ཡ་མཚན་ཅན་གྱི་དངོས་པོ་དེར་བལྟ་རྒྱུར་བསྒུགས་ནས་བསྡད། ཚང་མས་ཐ་ན་ཝུའུ་ཙུའོ་ལུའུ་ཡིས་དོན་ངོ་མས་ཡ་མཚན་ཅན་གྱི་དངོས་པོ་ཞིག་བཟོ་བཞིན་ཡོད་དམ་ཡང་ན་ཚང་མར་རྫུན་ལབ་ཀྱིན་ཡོད་ཅེས་ཚོད་དཔག་བྱེད་ཀྱིན་མཆིས། ཆང་ཁང་གི་དོ་དམ་པས་ཀྱང་ཡ་མཚན་ཅན་གྱི་དངོས་པོ་དེར་བལྟ་འདོད་ཅིང་། ཁོའི་སེམས་ཁམས་ནི་ལམ་འགྲོ་པ་རྣམས་ལས་ཀྱང་འཚབ་འཚུབ་ཏུ་གྱུར། གསང་བ་དེ་མགྱོགས་པོར་ཤེས་པའི་ཆེད་དུ། ཁོས་རང་གི་དབང་ཆ་བཀོལ་ཅི་ཐུབ་བྱས་ཏེ། ལྟ་རྟོག་པ་ཞིག་དང་འདྲ་བར་ཝུའུ་ཙུའོ་ལུའུ་ལ་ཤིང་བཟོའི་ཡོ་བྱད་དེ་བཟོ་བར་བསྐུལ་ཞིང་། ཝུའུ་ཙུའོ་ལུའུ་ཡིས་བཟོ་བཞིན་པའི་ཤིང་གི་ཡོ་བྱད་དེའི་འགྱུར་ལྡོག་ལ་གཞིགས་ཏེ། ཁོས་ཝུའུ་ཙུའོ་ལུའུ་ཡིས་ངེས་པ་དོན་གྱིས་དངོས་པོ་ཡ་མཚན་ཅན་ཞིག་བཟོ་བཞིན་འདུག་སྙམ། ཡིན་ཡང་གལ་ཏེ་ལྷུ་ལག་ཁོ་ནར་བལྟས་ཚེ། ཁོས་ཝུའུ་ཙུའོ་ལུའུ་ཡིས་ཅི་ཞིག་བཟོ་བཞིན་པ་ཧ་མི་གོ་སྟེ། ལྷུ་ལག་ཁ་ཤས་ནི་འཁར་བ་དང་འདྲ་ཞིང་། ལ་ལ་ཞིག་འཛིན་ལུང་དང་འདྲ་ལ། ཡང་ལ་ལ་ཞིག་ཕུང་རྡུང་དང་འདྲ་བས། དོ་དམ་པའི་བསམ་པར། ཝུའུ་ཙུའོ་ལུའུ་ཡིས་ངེས་དོན་གྱིས་དངོས་པོ་ཡ་མཚན་ཞིག་བཟོ་བཞིན་ཡོད་སྲིད་སྙམ།
ཝུའུ་ཙུའོ་ལུའུ་ཡིས་ལྷུ་ལག་ཚང་མ་སྒྲིག་སྦྱོར་བྱས་ཚར་རྗེས། དོ་དམ་པས་ད་གཟོད་ཝུའུ་ཙུའོ་ལུའུ་ཡིས་ཧྲི་ལི་ཕུའུ་རུ་མཐོང་མ་མྱོང་བའི་འཁར་བ་ཞིག་བཟོ་བཞིན་པ་ཤེས་བྱུང་། ཆང་ཁང་གི་དོ་དམ་པས་དེ་སྔ་འཁར་བ་མཐོང་མྱོང་། ལོ་དེར། མ་ཡིའུ་སན་ད་དུང་ཞང་ཀྲང་ལ་མ་བསྐོས་གོང་། ཁོས་སྐུ་ངོའི་ཚབ་བྱས་ཏེ་ཧོང་ཚའོ་གྲུ་ཁར་ཤིང་སྣུམ་བསྐྱལ་མྱོང་། ཧོང་ཚའོ་གྲུ་ཁ་ནས་ཧྲི་ལི་ཕུའུ་བར་དུ་ལེ་དབར་བརྒྱད་ཅུ་ཡོད་པ་དང་། ཤིང་གྲུ་ཞིག་ཧྥུ་ཀྲོའུ་རུ་གཏོང་གིན་ཡོད། དོ་དམ་པས་ལས་ཀ་པ་སྐོར་ཞིག་ཁྲིད་དེ་ཉིན་གཉིས་ཀྱི་རིང་ལ་ཤིང་སྣུམ་སྒམ་ཆུང་བཅུ་ཕྲག་ཁ་ཤས་ཧོང་ཚའོ་གྲུ་ཁར་བསྐྱལ་ཞིང་། ཁོས་གྲུ་ཐོག་ནས་འཐེང་བོ་ཞིག་གིས་མཆན་འོག་ཏུ་འཁར་བ་བཙིར་ནས་མར་འབབ་བཞིན་པ་མཐོང་བའི་མོད་ལ། རི་བོའི་ཕྱི་རོལ་གྱི་ཧྲི་ལི་ཕུའུ་ནི་ངེས་པ་དོན་གྱིས་སྔོན་ཐོན་རེད། འཐེང་བོ་ཞིག་ལའང་ཆེད་སྤྱོད་ཡོ་བྱད་འདུག་སྙམ་མྱོང་།
དོ་དམ་པས་འཐེང་བོ་ལ་དྲིས་པ་བརྒྱུད་དེ་ནི་འཁར་བ་ཡིན་པ་ཤེས། ཁོ་ཕྱིར་ཆང་ཁང་དུ་ཡོང་སྟེ་སུན་སྣང་མེད་པར་མི་རྣམས་ལ་འཁར་བའི་བཟང་ཆ་ཡང་ཡང་བརྗོད་ཅིང་། ཁོས་ཐ་ན་རང་ཉིད་འཐེང་བོ་ཞིག་ཡིན་ཁུལ་གྱིས་མཆན་འོག་གཉིས་སུ་འཁར་བ་བཙིར་བའི་བཟོ་ལྟ་ངོམས་ནས། གྲུ་རྒྱག་པ་ལྟར་ལག་པ་ཡ་གཅིག་སྔོན་དུ་བསྲིངས་པ་དང་། ཡང་རྐང་པ་ཡ་གཅིག་མདུན་དུ་བསྲིངས་ཏེ་མགྱོགས་པོར་མདུན་དུ་སྤོས་ནས་འགྲོ་བའི་ཞོར་ལ། དངོས་པོ་དེ་ནི་འདི་འདྲའི་ཡ་མཚན་པ་ཞིག་ཡིན་ཚུལ་བསྟན། དོ་དམ་པས་རྐང་ཀྲབ་ལག་ཀྲབ་བྱས་ནས་ཇི་ལྟར་བརྗོད་ཀྱང་། མི་རྣམས་ཀྱིས་སྔར་བཞིན་ཧ་མ་གོ་བ་དང་། འཐེང་བོས་ཀྱང་དོ་དམ་པའི་འུད་བསྟོད་ལས་ཁེ་ཕན་ཅི་ཡང་མ་རེག་པས། སྔར་བཞིན་ཤིང་གི་དབྱུག་པ་དེར་བརྟེན་ནས་ལུས་པོ་དོ་མཉམ་པར་བྱས།
མ་ཡིའུ་སན་གྱིས་དོ་དམ་པ་ཧ་ལས་ཧང་སངས་པའི་དངོས་པོ་དེ་སྣང་མེད་དུ་བཞག་མོད། མ་བསམས་ས་ནས་ལོ་ངོ་གཅིག་གི་རྗེས་སུ་ཁོ་རང་འཐེང་བོར་གྱུར། མ་ཡིའུ་སན་མ་གཞི་འཐེང་བོར་འགྱུར་དགོས་དོན་མེད་མོད། དམར་དམག་གི་དམག་དཔུང་གསུམ་པ་ཧྲི་ལི་ཕུའུ་བརྒྱུད་དེ་ཀོས་ཀྲོའུ་ལ་སྐྱོད་པའི་སྐབས་སུ། རྫོང་མྱུལ་ཞིབ་འཛིན་བཟུང་རུ་ཁག་གིས་ཁོར་ངན་སྐུལ་བྱས་ཏེ། དམར་དམག་གི་རྗེས་བསྙེགས་ཚེ་རྒྱུ་ནོར་རག་ཐུབ་པར་བཤད། ཁོས་རང་ཚོད་མ་ཟིན་པར་གཡོག་པོ་འགའ་ཁྲིད་ཅིང་། རྒྱབ་ཏུ་བཙའ་ཡིས་ཟིན་པའི་ཧན་དབྱང་མེ་མདའ་གཉིས་ཁུར་ཏེ་དམར་དམག་གི་རྒྱབ་ཕྱོགས་སུ་འཇབ་རྒོལ་བྱས། ཉིན་གསུམ་སོང་བ་ན། ཚུན་དྲུག་རགས་ཁར་སླེབས་ཤིང་། ཁོའི་ལག་ཏུ་ཅི་ཡང་མ་རེག་པ་མ་ཟད། རྐང་པ་ཡ་གཅིག་ཀྱང་ཤོར་སོང་། གཡོག་པོས་ཁོ་རང་ཁུར་ཏེ་ཕྱིར་ཁྱིམ་དུ་ལོག རྫོང་ཏང་པུའུ་ཡིས་ཁོ་ཉིན་གསུམ་རིང་དམར་དམག་གི་རྗེས་བསྙེགས་པའི་ཁ་ངོར་བལྟས་ནས་ཧྲི་ལི་ཕུའུ་ཞང་གི་ཞང་ཀྲང་དུ་བསྐོས།
མ་ཡིའུ་སན་གྱིས་དབྱུག་པ་བཟུང་ནས་རང་ཉིད་ཀྱི་ཞང་ཀྲང་གི་གོ་གནས་རྒྱུན་འཁྱོངས་བྱས་ཤིང་། ལོ་ངོ་བཅུ་འགོར་རྗེས། ཁོར་དེ་འདྲའི་འཁར་བ་བཞིན་མོ་ཞིག་རེག་རྒྱུ་བྱུང་སོང་། མི་རྣམས་ཀྱིས་ཝུའུ་ཙུའོ་ལུའུ་ཡིས་བཟོས་པའི་འཁར་བ་དེར་གཡས་ལྟ་གཡོན་ལྟ་ཡུན་རིང་ཞིག་བྱས་རྗེས། དངོས་པོ་དེ་ནི་ཚན་རིག་ཅིག་རེད་ཅེས་བཤད། མ་ཡིའུ་སན་གྱིས་མི་རྣམས་ཡ་མཚན་པའི་མིག་མདངས་ཁྲོད། འཁར་བ་མཆན་འོག་གཉིས་སུ་བཙིར་ཏེ་མི་བདེ་ཐང་ཅན་ཞིག་དང་འདྲ་བར། ཧྲི་ལི་ཕུའུ་ཡི་ར་བར་གོམ་ཁ་བསྒྱུར།
དུས་དེ་ནས་བཟུང་། མ་ཡིའུ་སན་ནི་ཆང་བསྙལ་མཁན་དེར་དགའ་བོ་བྱུང་། ཕལ་ཆེར་ཟླ་ངོ་གསུམ་གྱི་རིང་ལ། མི་རྣམས་ཀྱིས་ཝུའུ་ཙུའོ་ལུའུ་སྐབས་ལན་རེར་ཞང་གི་གཞུང་ཁང་དུ་ཡོད་པ་དང་། སྐབས་ལན་རེར་མ་ཡིའུ་སན་གྱི་ཤིང་ཁང་དུ་སྡོད་པ་མཐོང་བྱུང་། ཝུའུ་ཙུའོ་ལུའུ་ཡིས་གླགས་དེར་བསྟུན་ནས་མ་ཡིའུ་སན་ལ་ཆང་ཁང་གི་ཤིང་ཁང་གྱན་གཅིག་ཤིང་བཟོ་བར་སྤྱོད་དུ་བཅུག་ཚེ། ཁོས་སྐུ་ངོར་རྐང་པ་རྫུན་མ་ཞིག་བཟོ་འདོད་ཅེས་རེ་བ་ཞུས་པ་ན། མ་ཡིའུ་སན་གྱིས་དེ་ལྟར་བྱ་རྒྱུ་ཁས་བླངས།
“ཁྱོད་ཀྱིས་ཤེས་སམ།”མ་ཡིའུ་སན་གྱིས་ཡིད་འགུལ་ཐེབས་པའི་སྒོ་ནས་ཆང་ཁང་གི་དོ་དམ་པར“ཁོས་ང་ལ་རྐང་པ་རྫུན་མ་བཟོ་འདོད་ཅེས་བཤད་སྐབས། ངའི་མིག་ཆུའང་ཐོར་ལ་ཁད་བྱས་བྱུང”ཞེས་བཤད།
“ཁོས་རྐང་པ་རྫུན་མ་བཟོ་ཐུབ་བམ། ”
“ཁོས་གལ་ཏེ་མི་ནུས་ན། སྡུག་འདི་ཐོད་ལ་ལེན་དོན་ཡོད་དམ། ”
“ཁྲིགས་ཁྲིགས་མེད་ན་ཁོས་ཁྱོད་རྒྱབ་རྟེན་བྱེད་འདོད་པ་རེད།”
“འདོད་ན་འདོད་དུ་ཆུགས། ཆང་བསྙལ་ཤེས་པའི་མི་ཚད། ཤིང་ལས་ཀྱང་ཤེས། ཁོར་རྒྱབ་རྟེན་བྱས་ན་ཅིས་མི་བཟང་། ”
མི་རྣམས་ཡིད་ཆེས་མེད་པའི་མིག་མདངས་ཁྲོད། ཝུའུ་ཙུའོ་ལུའུ་ཡིས་ཀུན་གྱི་རེ་བ་སྟོང་ཟད་དུ་མ་བཏང་བར། མགྱོགས་པོར་རྐང་པ་རྫུན་མ་ཞིག་བཟོས་ཚར། དེ་ནི་ཤིང་ཡང་མོའི་རིགས་ཀྱིས་བཟོས་པ་ཡིན་པས། ཡང་ཞིང་སྟབས་བདེ་བ་མ་ཟད། ཁ་དོག་ཀྱང་མིའི་ཤ་མདོག་དང་ཧ་ཅང་འདྲ་བོ་འདུག་པས། མི་རྣམས་ཀྱིས་དེ་རང་གི་འགྲམ་དུ་བཞག་ཚེ་རྐང་པ་གསུམ་ཐོགས་པའི་མི་ཞིག་དང་ཀུན་ནས་མཚུངས། དེའི་སྐྱོན་ཆ་ཡང་མངོན་གསལ་ཡིན་ཏེ། དེ་ནི་རྐང་པའི་དབྱིབས་སུ་བཟོས་པ་ཡིན་ཡང་དེར་རྐང་པའི་བྱེད་ནུས་མེད་དེ། རྐང་པ་ལྟར་རྐྱོང་སྐུམ་བྱེད་མི་ཐུབ་པ་རེད།
རྐང་པ་རྫུན་མ་རབས་དང་པོ་དེ་འདྲའི་ལེགས་འགྲུབ་མ་བྱུང་བས། ཝུའུ་ཙུའོ་ལུའུ་ཡིས་དེ་མ་ཉིད་དུ་རྐང་པ་རྫུན་མ་རབས་གཉིས་པ་བཟོ་འགོ་བརྩམས།རྐང་པ་རྫུན་མ་རབས་གཉིས་པ་དེ་ནི་སྔར་ལས་སྤྱོད་བདེ་བ་ཞིག་ཡིན་ཏེ། དེར་རྐང་ངར་གཅིག་ལས་མེད་ཅིང་། རྩེ་མོར་རྐང་པ་ངོ་མ་དང་མཐུད་སྦྲེལ་བྱེད་ས་ཞིག་ཇུས་འགོད་བྱས་འདུག མ་ཡིའུ་སན་གྱིས་དེ་སྔ་རྐང་པ་དེའི་ནང་དུ་བསྲིངས་ནས་ཚོད་ལྟ་བྱས་པ་ན། ཆེ་ཆུང་ཚད་དང་རན་པ་ཞིག་རེད། ཡིད་ཕངས་པ་ཞིག་ལ་རྐང་པ་རྫུན་མ་སྔར་བཞིན་སྲ་ཞིང་མཁྲེགས་པ་ཞིག་ཡིན་ཞིང་། དེར་ཡང་ཚིགས་མོ་མེད་པའི་ཁར། རྐང་མཐིལ་ཡང་འགུལ་མི་ཐུབ། ཝུའུ་ཙུའོ་ལུའུ་ལ་དེས་སྐུལ་ལྕག་ཐེབས་འོག དབུགས་ཐེངས་གཅིག་གིས་རྐང་པ་རྫུན་མ་གཉིས་བཟོས་ཚར་ཞིང་། རྐང་པ་རྫུན་མ་རབས་ལྔ་པ་བཟོ་བའི་སྐབས་སུ། ཤིང་གི་རྐང་པ་ཕྱེད་ཀ་ནི་བདེ་ལྕག་འཁྱུག་པོ་ཞིག་ཏུ་བཟོས་འདུག་སྟེ། མ་ཡིའུ་སན་གྱིས་རྐང་པ་རྫུན་མ་ཁྱིམ་དུ་ཁྱེར་ཏེ་སྒྲོག་ཙེ་སྟེང་བཞག་ནས་རྩེད་ཆས་བྱེད་ཅིང་། ཁོམ་ལོང་བྱུང་ཚེ་རྐང་པ་རྫུན་མ་དེ་ཡར་བཀྱགས་ནས་དཀྲུམ་མདའ་འཕེན་པའི་བཟོ་ལྟ་སྟོན།
ཨ་ནེ་ཆུང་བ་ཧྲི་ལི་ཕུའུ་རུ་ལྕགས་སྨྱུག་གི་བདག་པོ་བཙལ་དུ་འགྲོ་བའི་ལམ་བར་དུ་ཆང་ཁང་བརྒྱུད་ནས་སོང་ཞིང་། ཝུའུ་ཙུའོ་ལུའུ་ཡིས་རྐང་པ་རྫུན་མ་རབས་དྲུག་པ་བཟོ་བཞིན་པའི་སྒང་རེད། རྐང་པ་རྫུན་མ་དེར་གཞི་ནས་ཚིགས་ཀྱང་སྤྲད་འདུག ཨ་ནེ་ཆུང་བ་རྐང་པ་རྫུན་མ་དེས་བཀུགས་ཏེ་ཆང་ཁང་དུ་སོང་ནས་ཡུད་ཙམ་ལ་བལྟས་ནས་བསྡད། ཝུའུ་ཙུའོ་ལུའུ་ཡིས“བུ་མོ། ཁྱོད་ཀྱིས་སྐུ་ངོའི་ཚབ་ཏུ་ཆུ་གླང་མི་འཚོལ་བར། ཧྲི་ལི་ཕུའུ་ལ་ཡོང་ནས་ཅི་བྱེད་དམ”ཞེས་དྲིས།
“ངས་དངོས་པོ་རྩ་ཆེན་ཞིག་རྙེད་པས། ཧྲི་ལི་ཕུའུ་ལ་དེའི་བདག་པོ་བཙལ་དུ་འགྲོ་བསམས་པ་ཡིན།”
“ཁྱོད་ཀྱིས་དེའི་བདག་པོ་ཇི་ལྟར་བཙལ་རྒྱུ་ཡིན་ནམ།”
“ཏན་ཏན་ང་རང་ལམ་བར་ནས་བདག་པོར་འཕྲད་ཀྱང་སྲིད།”
ཆང་ཁང་ནས་ཕྱིར་ཐོན་པ་དང་། ཨ་ནེ་ཆུང་བ་གཞུང་ལམ་བརྒྱུད་དེ་ཧྲི་ལི་ཕུའུ་རུ་སོང་། ཟླ་བདུན་པའི་སྔ་དྲོའི་ཉི་འོད་ནི་གསེར་མདོག་གི་དར་སྐུད་ཆེན་པོ་ཞིག་དང་འདྲ་བར་ཐད་ཀར་མ་རྨོས་ལོ་ཏོག་གི་ཞིང་ནང་ལ་འཕྲོས་པ་དང་། གང་བུ་རྒྱས་པའི་མེ་ཏོག་གི་ཟེའུ་འབྲུ་ནི་རྒྱ་ཤིག་ཅིག་དང་འདྲ་བར་མཁའ་དབྱིངས་སུ་འདར་ཙམ་འདར་ཙམ་བྱེད། ཨ་ནེ་ཆུང་བས་རབ་ཏུ་གསལ་བའི་ཉི་འོད་གོས་སུ་གྱོན་ནས་ར་བར་འབྱོར་སྐབས། ར་བའི་ནང་དུ་སྟོང་ཧང་ཧང་བྱེད་ཅིང་། བྲེལ་སྟབས་ཀྱིས་ཕར་འགྲོ་ཚུར་འོང་བྱེད་པའི་མི་འགའ་ལས་མི་མཐོང་། བྱིའུ་ཁ་ཤས་ཁང་པའི་མདའ་གཡབ་འོག་ཕར་འཕུར་ཚུར་འཕུར་བྱེད་ཀྱིན་འདུག
ཨ་ནེ་ཆུང་བ་ར་སྐོར་གོང་མ་ནས་འོག་མར་སླེབས་ཀྱང་བྲེལ་འཚུབ་ཀྱིས་དངོས་པོ་འཚོལ་གྱིན་པའི་མི་ཞིག་མཐོང་མ་སོང་། དེ་བས་མོས་རུམ་ནང་ནས་ལྕགས་སྨྱུག་བཏོན་ནས་མེ་ཏོག་འཚོང་བ་བཞིན་ལག་ཏུ་བཟུང་རྗེས་དམིགས་ཡུལ་ཅི་ཡང་མེད་པར་ར་སྐོར་ནང་ཕར་འགྲོ་ཚུར་འགྲོ་བྱས། མོའི་བསམ་པར་གལ་ཏེ་མི་ཞིག་ཡོང་ནས་ལྕགས་སྨྱུག་བོར་བའི་ས་ཆ་དང་དུས་ཚོད་བཤད་ཚེ། མོས་ལྕགས་སྨྱུག་མི་དེར་བྱིན་ཆོག་སྙམ། མི་རྣམས་ཀྱིས་མོའི་ལག་གི་ལྕགས་སྨྱུག་ལ་སྣང་འཇོག་ཅི་ཡང་མི་བྱེད་དེ། མོར་ལྟ་ཙམ་བྱས་ཀྱང་དེ་མུར་མིག་མདངས་གཞན་ལ་ཕྱོགས་པས། མོའི་ལག་ཏུ་སོལ་ཐུར་ཞིག་བཟུང་བ་དང་ཁྱད་ཅི་ཡང་མེད་པར་སྣང་།
ཉིན་གུང་བསླེབ་ལ་ཉེ་སྐབས། ཨ་ནེ་ཆུང་བ་སློབ་ཆུང་གི་སྒོ་ཁར་འབྱོར། སློབ་ཆུང་ནི་བེད་མེད་དུ་བསྐྱུར་བའི་དགོན་པའི་ནང་ལ་གསར་དུ་བཙུགས་པ་ཞིག་ཡིན། དགོན་པ་དེའི་མིང་ལ་དྲིན་འཇལ་དགོན་པ་ཟེར་ཞིང་། སྔོན་ཆད་ནང་དུ་གྲྭ་བཙུན་འགའ་བསྡད་ཡོད། ཀྲུང་ཧྭ་མིན་གོ་དབུ་བརྙེས་ནས་ཅང་མ་འགོར་བར་འཚོ་བ་གསར་པའི་དབུ་ཚུགས་ཤིང་། སི་ཁྲོན་དམག་དཔུང་དང་ཀོས་ཀྲོའུ་དམག་དཔུང་གིས་བྱ་གཅིག་གི་ཆེད་དུ་ཧྲི་ལི་ཕུའུ་རུ་འཁྲུག་རྩོད་བྱས། བཤད་ཚུལ་ལྟར་ན་བྱ་དེ་ནི་མ་གཞི་ཀོས་ཀྲོའུ་ནས་ཡིན་པ་དང་། དེ་གྲོག་རོང་བརྒྱུད་ནས་སི་ཁྲོན་ལ་འཕུར་ཡོང་བས། སི་ཁྲོན་པས་ཟོས་ཚར་བ་རེད། དེ་བས་ཕྱོགས་གཉིས་ཀྱི་དམག་དཔུང་གིས་འཚོ་བ་གསར་པ་དང་བདེན་ལུགས་ཀྱི་ཆེད་དུ་ཧྲི་ལི་ཕུའུ་རུ་འཐབ་འཁྲུག་བརྒྱབ་པ་རེད། སི་ཁྲོན་དམག་དཔུང་གིས་ཧྲི་ལི་ཕུའུ་དབང་དུ་བསྒྱུར་སྐབས། གྲྭ་བཙུན་རྣམས་ན་གཞོན་སྟོབས་ཅན་ཏག་ཏག་རེད་སྙམ་ཏེ། ཁོ་ཚོ་བཙན་གྱིས་དམག་དཔུང་ནང་ཞུགས་སུ་བཅུག གྲྭ་བཙུན་རྣམས་གནས་དེ་དང་ཁ་བྲལ་རྗེས། ཞུས་ཀྲི་ཕེ་དྲིན་འཇལ་དགོན་པར་ཡོང་ནས་སློབ་ཆུང་གསར་པ་དེ་བཙུགས།
ཞུས་ཀྲི་ཕེ་ནི་ངོ་གདོང་རིད་ཅིང་། མཐའ་རྒྱན་གསེར་སྐུད་ཅན་གྱི་མིག་ཤེལ་གྱོན་པ། ཧ་ཅང་ཞི་དུལ་གྱི་ངང་ཚུལ་ལྡན་པ་ཞིག་ཡིན། སྟོན་དཔྱིད་དུ་ཁོ་ནི་གྱོན་པ་རིང་པོ་གྱོན་རྒྱུར་དགའ་ཞིང་། དབྱར་ཚེས་པ་ན། ཁོས་ལྭ་བའི་ཐུ་བ་རྐང་སྣམ་ནང་བཅུག་སྟེ་འགྲོ། གསར་དར་སློབ་ཆུང་དེ་བཙུགས་རྗེས། ཞུས་ཀྲི་ཕེ་ཝན་ཏེར་ཡོང་ནས་ཨ་ཞང་ཆུང་བར་སློབ་གྲྭ་འགྲིམ་རྒྱུའི་སྐུལ་སློང་བྱས། སྤོ་བོ་ལགས་ཀྱིས་ཨ་ཞང་ཆུང་བས་ཨ་ནེ་ཆུང་བར་རོགས་བྱས་ཏེ་སྐུ་ངོའི་ཆུ་གླང་འཚོ་རོགས་བྱེད་དགོས་སྙམ་པས་སློབ་གྲྭར་མངགས་རྒྱུ་ཁས་མ་བླངས། ཐེངས་དེར་སྤོ་བོ་ལགས་ལ་ཡོང་འབབ་ཆེ་ཤོས་ཤིག་ཡོད་པ་ནི་འཇིག་རྟེན་སྟེང་དུ་ད་དུང་ནིག་ཅེས་པའི་རྫས་འགྱུར་ཞིག་ཡོད་པའང་ཤེས་སོང་བ་དེ་རེད། དེ་མིན་ཡར་སྔོན་ཁོས་ཞུས་ཀྲི་ཕེ་ཡི་མིག་ཤེལ་གྱི་ལུང་ནི་གསེར་གྱིས་ལས་པ་རེད་སྙམ་གྱིན་འདུག ཞུས་ཀྲི་ཕེ་ཡིས་འདི་གསེར་གྱིས་བཟོས་པ་མ་རེད། ནིག་ཅེས་པའི་རྫས་འགྱུར་གྱི་རྩིད་བསྐུས་པ་རེད། ནིག་ཟེར་བ་དེ་ནི་ལྕགས་རིགས་ཤིག་རེད་ཅེས་འགྲེལ་བཤད་བྱས། དེ་ནས་བཟུང་སྤོ་བོ་ལགས་ཀྱིས་ནིག་ཅེས་པ་ནི་ལྕགས་རིགས་ཤིག་ཡིན་པ་སེམས་ལ་བཟུང་།
ཨ་ནེ་ཆུང་བས་ལྕགས་སྨྱུག་བཟུང་ནས་སློབ་ཆུང་གི་སྒོ་ཁར་འབྱོར་དུས། ཏག་ཏག་ཉིན་གུང་ལ་ཁེལ་བས། སློབ་མ་རྣམས་ཀྱིས་མཆན་འོག་ཏུ་དཔེ་ཆ་བཙིར་ནས་དལ་ལྷོད་ལྷོད་ཀྱིས་སྒོར་བུད། ཁོ་ཚོ་སྒོ་ཁར་ཡོང་ནས་ཨ་ནེ་ཆུང་བའི་ལག་ཏུ་ལྕགས་སྨྱུག་ཅིག་བཟུང་ཡོད་པ་མཐོང་འཕྲལ། ཡ་མཚན་པའི་ངང་འགྲོ་མཚམས་བཞག ཞུས་ཀྲི་ཕེ་ཡིས་ཨ་ནེ་ཆུང་བར “བུ་མོ། ཁྱོད་ཀྱིས་འདི་རུ་ཅི་ཞིག་བྱེད་ཀྱིན་ཡོད།”ཅེས་དྲིས།
“ངས་ལྕགས་སྨྱུག་ཅིག་རྙེད་པས། འདིའི་བདག་པོ་བཙལ་དུ་ཡོང་བ་ཡིན།”
“ཁྱོད་ཀྱིས་ལྕགས་སྨྱུག་ཞང་གི་གཞུང་ཁང་དུ་བསྐྱལ་ན་འགྲིག ཁོ་ཚོས་བོར་དངོས་ངོས་འཛིན་ཡི་གེ་ཞིག་བྲིས་ཏེ་སྦྱར་ཚེ་ལྕགས་སྨྱུག་གི་བདག་པོ་རྙེད་ཀྱང་སྲིད།”
ཨ་ནེ་ཆུང་བ་ཞང་ནང་དུ་ཡོང་བ་ན་མ་ཡིའུ་སན་དང་ཕྲད་བྱུང་། མ་ཡིའུ་སན་གྱིས་ཨ་ནེ་ཆུང་བའི་ལག་ཏུ་ལྕགས་སྨྱུག་ཅིག་ཡོད་པ་མཐོང་ཞིང་། མོའི་འགྲེལ་བཤད་ལ་མཉན་རྗེས། ལྕགས་སྨྱུག་འདི་ནི་འབྲུ་སེར་བྲེ་བཅུ་ལ་བརྗེ་རིན་འདུག་སྙམ་པས། ཁོ་རང་ཞང་གི་གཞུང་ཁང་དུ་བོར་དངོས་ངོས་འཛིན་ཡི་གེ་སྦྱར་ཏེ་བདག་པོ་བཙལ་རྒྱུར་འཐད་པ་མ་བྱུང་། མ་ཡིའུ་སན་གྱི་སེམས་སུ་ཨ་ནེ་ཆུང་བས་ལྕགས་སྨྱུག་རྙེད་པ་ཡིན་པས། གལ་ཏེ་དེའི་བདག་པོ་བཙལ་ནས་རྙེད་ཀྱང་། བདག་པོས་ཨ་ནེ་ཆུང་བར་བཀའ་དྲིན་ཞུ་བ་ལས་ཞང་གི་གཞུང་ཁང་ལ་བཀའ་དྲིན་མི་ཞུ་བས། ཨ་ནེ་ཆུང་བ་མོ་རང་སོང་ནས་བདག་པོ་བཙལ་ན་འགྲིག་སྙམ།
ཨ་ནེ་ཆུང་བས་ལྕགས་སྨྱུག་བཟུང་སྟེ་ཕྱིར་ཝན་ཏེ་ལ་ཐོན་པ་དང་། ཨ་ཞང་ཆུང་བས་ངང་ལག་གི་ལོ་མའི་ནང་ལ་ཆུ་སྦྲུལ་བཏུམས་ནས་སྲེག་གིན་ཡོད་པས། ས་ཁང་གི་ནང་དུ་ཤ་དྲིས་ཁྱབ་འདུག ཨ་ནེ་ཆུང་བས་རས་ཐུམ་སྔོན་པོ་ལས་ལྕགས་སྨྱུག་ཕྱིར་བཏོན་ནས་ཤིང་གི་སྒམ་ཆུང་ནང་འཇོག་རྩིས་བྱེད་ཅིང་། ཨ་ཞང་ཆུང་བས་མོས་ལྕགས་སྨྱུག་གི་བདག་པོ་བཙལ་ནས་མ་རྙེད་པ་ཤེས་པས། ལག་གི་ཆུ་སྦྲུལ་སྲེག་འཕྲོར་བསྐྱུར་ཏེ་ཚུར་བརྒྱུགས་ཡོང་ནས་ལྕགས་སྨྱུག་ལ་ཐེངས་ཤིག་བལྟ་བའི་རེ་བ་བཏོན། ཨ་ནེ་ཆུང་བས“ཆོག་གི ཐེངས་གཅིག་ལ་མ་གཏོགས་བལྟ་མི་ཆོག”ཟེར་ཞོར། མོས་ལྕགས་སྨྱུག་མཁའ་ལ་ཕྱར་ནས་ཨ་ཞང་ཆུང་བར་མིག་བལྟས་ཐེངས་ཤིག་བྱེད་དུ་བཅུག
དབྱར་ཁ་ཧྲིལ་པོར་ཨ་ནེ་ཆུང་བས་ལྕགས་སྨྱུག་གི་བདག་པོ་བཙལ། མོ་མི་གཞན་གྱི་གཉེན་སྟོན་ལ་ཞུགས་ཏེ་བུ་མོ་གནས་འགྲོ་མར་ངུ་རོགས་བྱེད་པའི་སྐབས་སུའང་མོས་རང་གི་སྡུག་གཏམ་བཤད་ཅིང་། མོས་གཉེན་ཉེར་སྐད་བསྐུར་ཏེ་དངོས་པོ་རྩ་ཆེན་དེ་བོར་བའི་བདག་པོ་བཙལ། སྐད་དེ་ནི་དམངས་ཁྲོད་ཀྱི་ངག་རྒྱུན་ཞིག་དང་མཚུངས་པར། མི་མང་པོ་ཞིག་གི་ཁ་ནས་རྐང་ལམ་ཕྲ་མོ་དང་ཟླ་འོད། ལམ་ཆེན་དང་གྲོག་རོང་བརྒྱུད་དེ་ཁ་དན་ཚིག་ལ་གནས་པའི་མི་རྣམས་ཀྱིས་རྒྱང་ནས་རྒྱང་ལ་བསྐུར། ཟླ་བརྒྱད་པའི་ཚེས་བཅོ་ལྔ་སྟེ་ཟླ་མཆོད་དུས་ཆེན་གྱི་ཉིན་མོར། ཟླ་བ་ཉ་གང་བ་ཞིག་ཤར་ཕྱོགས་ལྷུན་པོའི་རྩེ་ནས་ཡར་འཕགས་ཏེ། ཧྲི་ལི་ཕུའུ་དང་ཡན་ཙི་བྲག་འདབས། ཝན་ཏེ་སོགས་ས་ཆར་གསལ་ལེར་འཕྲོས་ཏེ་ཉིན་མོ་ཞིག་དང་མཚུངས་ཤིང་། མི་རྣམས་ཟླ་འོད་འོག་ཙོག་སྟེ། ཆུ་བོ་བཞིན་བཞུར་བའི་ཟླ་འོད་གོས་སུ་གྱོན་ནས་ངག་རྒྱུན་ཁྲོད་ཀྱི་མི་སྣ་ཞིག་དང་མཚུངས་པའི་མི་དེ་གླེང་བྱུང་།
“སུ་ཞིག་གིས་ཟླ་བ་ཉ་གང་བའི་མཚན་མོར། དེ་འདྲའི་དངོས་པོ་རྩ་ཆེན་ཞིག་རྒྱུས་མེད་ཀྱི་བ་ཁང་ཐོག་ཏུ་བོར་སོང་ངམ།”
“ངའི་གོ་ཐོས་སུ་གསང་བའི་བྱེད་སྒོ་སྤེལ་མཁན་ཞིག་རེད་ཟེར། ཁོ་ཚོས་མ་ཡིའུ་སན་ལ་ཤེས་སུ་མི་འཇུག་པའི་ཆེད་དུ། ཟླ་རེའི་ཚེས་བཅོ་ལྔར་ཡོང་ནས་བྱེད་སྒོ་སྤེལ་བ་རེད།”
“ཅིའི་ཕྱིར་ཡིན་ནམ།”
“ཟླ་རེའི་ཚེས་བཅོ་ལྔར་ཟླ་བ་ཉ་གང་སྟེ། མི་རྣམས་ཀྱིས་མེ་ཕུང་བཟུང་ནས་འགྲོ་མི་དགོས་པས། བྱེད་སྒོ་སྤེལ་ན་གཞན་གྱིས་ཤེས་དཀའ་བས་རེད།
བཤད་རྒྱུན་དེ་ལྟ་བུ་ཞིག་ཨ་ནེ་ཆུང་བས་ཀྱང་གོ་བྱུང་བས། མོས་ཟླ་བ་ཉ་གང་བའི་མཚན་མོར་ལྕགས་སྨྱུག་དེའི་བདག་པོ་ཡང་བསྐྱར་ཝན་ཏེར་ཡོང་སྟེ། ཁོའི་ལྕགས་སྨྱུག་འཁྱེར་འགྲོ་བར་རེ་སྒུག་བྱས། ཟླ་མཆོད་དུས་ཆེན་གྱི་དགོང་མོར། མོས་ནུབ་འཚལ་འཐུང་བ་དང་། སྐུ་ངོའི་ཆུ་གླང་ལ་གཟན་ཆས་བྱིན་རྗེས། སྒོའི་ཕྱི་ནས་ཟླ་འོད་འོག་གི་རི་ཀླུང་དང་ནགས་ཚལ་ལ་བལྟས་ནས་བསྡད། ཚེས་བཅོ་ལྔའི་ཟླ་བ་ནི་ཅི་འདྲའི་སྒོར་སྒོར་ཞིག་རེད་ཨང་། དེ་ནི་དངུལ་མགར་ཞིག་གིས་བརྡུངས་པའི་དངུལ་གྱི་སྡེར་མ་སྲབ་མོ་ཞིག་དང་འདྲ་བར། དྭངས་ཤིང་གཙང་བའི་ཆུ་ཁར་གཡེང་ནས་རིམ་གྱིས་སྨྱུག་རྩེར་གཡེང་ཞིང་། དེ་ནས་ཆར་བ་ཟམ་ཟིམ་འབབ་པ་དང་འདྲ་བར་ས་གཞི་དང་ར་སྐྱོར་སྟེང་འབབ་ཅིང་། ནགས་ཚལ་གྱི་རྩེ་མོ་དང་གྲོག་རོང་དུ་བཞུར་བའི་ཆུ་རྒྱུན་དུའང་འབབ་ཀྱིན་འདུག མཚན་མོ་ནི་དེ་ལྟར་གསོན་ཉམས་དོད་པ་ཞིག་ཏུ་གྱུར་ཏེ། ས་གཞི་ཧྲིལ་པོ་ནི་མངོན་སུམ་མ་ཡིན་པའི་རྨི་ལམ་ལྟ་བུ་ཞིག་ཏུ་སྣང་ཞིང་། སྟེང་ཕྱོགས་སུ་མཚམས་རེར་དངུལ་དཀར་རིམ་པ་ཞིག་དང་ལན་རེར་སྔོན་པོ་རིམ་པ་ཞིག་བྱུགས་པ་དང་ཀུན་ནས་མཚུངས།
ཨ་ནེ་ཆུང་བ་ཡུད་ཙམ་ལ་ཙོག་ནས་བསྡད་པ་དང་། སྨྱུག་མའི་འོག་ཏུ་ཡལ་ག་སྐམ་པོ་ཞིག་ལ་རྐང་པ་སྤོས་ནས་བཅགས་པའམ་ཡང་ན་སྨྱུག་མའི་ཕྱི་ཤུན་གས་པ་ལྟ་བུའི་སྒྲ་ཞིག་གྲགས་ཡོང་བས། དང་ཐོག་མོས་དེ་ནི་རླུང་རེད་འདོད་པ་དང་། དེ་ནས་དེ་ནི་མཚན་བྱ་རེད་འདོད་ལ། ཡུད་ཙམ་ལ་མཉན་པ་ན། དེ་ནི་མི་ཞིག་རྐང་འཇབ་ལག་འཇབ་ཀྱིས་འགྲོ་བའི་སྒྲ་རེད་སྙམ་བྱུང་། ཨ་ནེ་ཆུང་བ་ཅུང་འཚབ་སྟེ་མྱུར་མོར་ཕྱིར་ས་ཁང་ནང་ཡོང་ནས་སྤོ་བོ་དང་ཨ་ཞང་ཆུང་བ་གཉིས་བོས། སྤོ་བོ་སྒོ་ཕྱིར་འགྲེངས་ཏེ་ནག་རོག་རོག་ཏུ་ཡོད་པའི་སྨྱུག་ཚལ་ལ་བལྟས་པ་དང་། ཡང་རྣ་བ་ཀེར་ཀེར་གྱིས་ཡུད་ཙམ་ལ་མཉན་རྗེས། “ནགས་ཚལ་ནང་གི་དེ་སུ་ཡིན། ཕྱིར་ཤོག མི་ཡོང་ན་ངས་ཁྱི་བཏང་ནས་འཆའ་རུ་འཇུག་རྒྱུ་ཡིན།”ཞེས་སྐད་བརྒྱབ།
“ཁྱི་མ་གཏོང”ཞེས་སྨྱུག་ཚལ་དུ་ཡོད་པའི་མི་དེས་སྤོ་བོ་ཚང་ལ་ཁྱི་མེད་པ་མ་ཤེས་པས། ཁོ་ཚོ་ནགས་ཚལ་ལས་ཐོན་ཏེ་ཟླ་འོད་འོག་སླེབས། སྤོ་བོ་དང་ཨ་ནེ་ཆུང་བ་གཉིས་ཀྱིས་མི་དེ་གཉིས་ནི་ཞང་གི་ལས་བྱེད་པ་གཉིས་ཡིན་པ་ངོས་ཟིན་ཞིང་། དེ་གཉིས་ཀྱིས་ལག་ཏུ་ཐག་པ་ཞིག་བཟུང་འདུག ལས་བྱེད་པས་ཁ་སྐྱེངས་པའི་ཚུལ་གྱིས“ཁྱོད་ཚོས་ལྟོས་དང་། ཚང་མ་རང་གི་མི་ཡིན།”ཞེས་བཤད།
“ཁྱོད་ཚོ་སོངས་ཤིག སྐུ་ངོའི་ཆུ་གླང་ལ་གཟན་རྩྭ་ཟ་རུ་ཆུགས།”
ཞང་གི་ལས་བྱེད་པ་དེ་གཉིས་ཀྱིས་ཐག་པ་བཟུང་སྟེ་སྨྱུག་ཚལ་འོག་གི་ལམ་ཆེན་དེ་བརྒྱུད་ནས་འབྲས་ཞིང་བརྒལ། ཞིང་ནང་དུ་འབྲས་ལ་སྨྱུ་གུ་ལྟེམ་ལྟེམ་དུ་རྒྱས་ཤིང་། ཟླ་འོད་གྱི་ཟེར་མ་དཀར་པོ་སྙེ་མའི་སྟེང་ལྷུང་བ་ན། སྙེ་མའི་རྩེ་མོར་འོད་རིམ་པ་ཞིག་བཏིངས་པའི་ཆུ་རླབས་ཤིག་དང་འདྲ། ཨ་ནེ་ཆུང་བ་སྒོའི་ཕྱི་རོལ་དུ་ལངས་ནས་ཞང་གི་ལས་བྱེད་པ་དེ་གཉིས་ཀྱི་གྲིབ་གཟུགས་འབྲས་ཞིང་བརྒལ་རག་བར་དུ་བལྟས་ནས་བསྡད་ཅིང་། གསོམ་སྡོང་གིས་ཁེངས་པའི་ནགས་ཚལ་གྱི་གསེབ་ཏུ་གར་སོང་ཆ་མེད་དུ་གྱུར།
ཞང་གི་ལས་བྱེད་པ་སོང་རྗེས། སྤོ་བོས་ཨ་ནེ་ཆུང་བའི་བྱིས་བློ་ལྟ་བུའི་དྲན་ཚུལ་དེ་ལ་སྡིགས་དམོད་བྱས། ཁོའི་བསམ་པར་ལས་བྱེད་པ་དེ་གཉིས་ནི་ལྕགས་སྨྱུག་གི་བདག་པོའི་ཆེད་དུ་ཡོང་བ་འདྲ་སྟེ། ཁོ་ཚོའི་ལག་གི་ཐག་པ་ནི་ཆེས་བཟང་བའི་བདེན་དཔང་རེད། ཨ་ནེ་ཆུང་བ་ནི་མ་ཡིའུ་སན་གྱིས་ཝན་ཏེར་བསྐྱུར་བའི་སླུ་ཟན་ཙམ་ལས་ཅི་ཡང་མིན་ཏེ། མོར་བརྟེན་ནས་གསང་བའི་བྱེད་སྒོ་སྤེལ་མཁན་གྱི་མི་འཛིན་བཟུང་བྱེད་འདོད་པ་རེད་སྙམ། སྤོ་བོའི་བཤད་ཚུལ་དེ་མགྱོགས་པོར་ར་སྤྲད་བྱུང་སྟེ། ཕྱི་ཉིན། མ་ཡིའུ་སན་གྱིས་ལུས་ལ་ཀྲུང་ཧྲན་གྱོན་ཆས་གྱོན་པ་དང་མགོ་ལ་རྒྱ་ཞྭ་ལི་མོ་གོན་ཞིང་། རྫ་དཀར་གྱི་བྲང་རྟགས་བཏགས་ནས་ཝན་ཏེར་སླེབས། ཁོས་དཀོར་གཉེར་དང་བོགས་ལེན་མཁན། ཞང་གི་ལས་བྱེད་པ་གཉིས་བཅས་ཁྲིད་དེ་ཝན་ཏེར་སྟོན་བསྡུའི་ཐོན་འབབ་ཚོད་རྩིས་བྱེད་དུ་ཡོང་ཞིང་། ཞོར་དུ་སང་ལོར་བོགས་མར་གཏོང་བའི་ས་ཞིང་གཏན་འཁེལ་བྱེད་དུ་ཡོང་བ་རེད། ཁོས་འབྲས་ཞིང་དང་མ་རྨོས་ལོ་ཏོག་གི་ཞིང་ལ་བལྟས་ཚར་རྗེས། ཆུ་གླང་ལ་བལྟ་བར་ཁ་གཡར་ཏེ་སྨྱུག་ཚལ་བརྒྱུད་དེ་སྤོ་བོ་ཚང་དུ་སླེབས། ཁོས་འཁར་བར་བརྟེན་ནས་གོམ་པ་འགའ་སྤོས་རྗེས། སྤོ་བོས་ལྭ་བའི་ཕུ་ཐུང་གིས་ས་རྡུལ་སྤྲུགས་པའི་རྐུབ་སྟེགས་རིང་བོ་དེའི་སྟེང་ཙོག་བྱུང་།
“གོ་ཐོས་སུ་ཁ་སང་ཞང་གི་ལས་བྱེད་པ་གཉིས་ཀྱིས་ཁྱོད་ཚོ་སྐྲག་ཏུ་བཅུག་སོང་ཟེར།”
“ཁོ་ཚོ་ནགས་ཚལ་ནང་བཞའ་འདུག”སྤོ་བོས་རྫུན་གཏམ་ཏེ“ངས་ཁོ་ཚོ་རྐུན་མ་ཞིག་རེད་བསམས་བྱུང་། ཁོ་ཚོས་སྐུ་ངོའི་ཆུ་གླང་བརྐུ་བསམ་པ་རེད་འདོད།”
“ཨུན། ཁོ་ཚོས་ཆུ་གླང་བརྐུ་མི་སྲིད། ཕལ་ཆེར་ཁྱེད་ཚང་གི་བུ་མོ་ཆུང་བས་རྙེད་པའི་ལྕགས་སྨྱུག་ལ་སྤྲོ་བ་ཡོད་པ་འདྲ། ཁྱོད་ཚོས་རྗེས་ཕྱོགས་ཁོ་ཚོ་མ་བདའ། ཁོ་ཚོ་ནགས་ཚལ་དུ་སྡོད་དུ་བཅུག་པས་ཆོག”
མ་ཡིའུ་སན་གྱིས་བཤད་མཚམས་བཞག་སྟེ། རྒྱང་རིང་ལ་མིག་ཞགས་ཤིག་འཕངས། སྤོ་བོ་དང་ཨ་ནེ་ཆུང་བ་གཉིས་ཀྱིས་ཁོའི་མིག་ཞགས་འཕེན་སར་བལྟས་པ་ན། གསོམ་སྡོང་འོག་གི་ལམ་ཆེན་སྟེང་ཞུས་ཀྲི་ཕེ་ཡེ་གྲིབ་གཟུགས་ཡོད་པ་མཐོང་བྱུང་། ཞུས་ཀྲི་ཕེ་ཡིས་ཚི་ལེན་དཀར་པོ་ཞིག་གྱོན་ཏེ་ཕུ་རུང་ཡར་བརྫེས་ཤིང་། ལྭ་བའི་འདབས་ཀ་རྐང་སྣམ་ནང་བཅུག་འདུག ཉི་འོད་ཁོའི་ལུས་སྟེང་དུ་འཕྲོས་པ་ན་ཚི་ལེན་དཀར་པོ་འོད་ཀྲིག་ཀྲིག་བྱས་ཏེ་ཁ་བ་ཕོན་པོ་ཞིག་བར་སྣང་དུ་འཕུར་གྱིན་པ་དང་མཚུངས། ཨ་ནེ་ཆུང་བས་ཞུས་ཀྲི་ཕེ་ཡིས་མཆན་འོག་ཏུ་དཔེ་ཆ་འགའ་བཙིར་བ་དང་། གདོང་གི་མིག་ཤེལ་དེ་ལས་མཚམས་མཚམས་སུ་མེ་ལོང་ཞིག་དང་འདྲ་བར་ཉི་འོད་ལྡོག་འཕྲོ་བྱེད་ཅིང་། དེ་ནི་ནགས་ཚལ་དུ་ནམ་མཁའི་རྒྱུ་སྐར་འོད་ལམ་ལམ་དུ་འཚེར་བ་དང་མཚུངས།
ནགས་ཚལ་ནས་ཕྱིར་བུད་རྗེས། སེར་ལམ་ལམ་གྱི་སྨིན་ལ་ཉེ་བའི་འབྲས་ཞིང་བརྒལ་བ་དང་། ཞུས་ཀྲི་ཕེ་སྨྱུག་མའི་ནགས་ཚལ་འོག་ནས་སྤོ་བོ་ཚང་ཡོད་སའི་ཝན་ཏེར་སླེབས། ཁོས་ཝན་ཏེ་རུ་མ་ཡིའུ་སན་དང་དཀོར་གཉེར། ཞང་གི་ལས་བྱེད་པ་སོགས་ཙོག་འདུག་པ་མཐོང་རྗེས། ཧ་ཅང་ཞི་འཇགས་ངང་བསྡད་བྱུང་། ཕལ་ཆེར་ཁོས་ཁོ་ཚོ་དེ་རུ་སྡོད་སྲིད་པ་ཤེས་ཡོད་པ་འདྲ། ཞུས་ཀྲི་ཕེ་ནི་མ་གཞི་དགོད་རྒྱུར་མི་དགའ་བ་ཞིག་ཡིན་མོད། འོན་ཀྱང་ཁོ་ཚོ་ཚང་མས་ཁོར་བལྟས་འདུག་པ་མཐོང་བ་ན། ཁོ་བགད་དེ་སོ་རྣམས་ཀྱང་དཀར་ཀྲིག་སེར་ཕྱིར་མངོན་བྱུང་།
“སྐུ་ཞབས་ཞུས་ལགས།”མ་ཡིའུ་སན་གྱིས་ཞྭ་མོས་པུས་མོའི་སྟེང་རྡེག་ཞོར“ཁྱོད་ཝན་ཏེར་ཡོང་ནས་ཅི་བྱེད”ཅེས་དྲིས།
“ང་ཝན་ཏེར་སློབ་སྦྱོང་བྱེད་དུ་ཡོང་བ་ཡིན། ཞོར་དུ་བུ་མོ་འདིས་རྙེད་པའི་ལྕགས་སྨྱུག་ལ་བལྟ་རུ་ཡོང་བ་ཡིན།”
“གལ་ཏེ་ཁྱོད་ཀྱིས་བོར་བ་མིན་ན། ཁྱོད་ཀྱིས་དེར་བལྟས་ནས་ཅི་བྱེད།”
“ང་ནི་བུ་མོ་འདིར་ལྕགས་སྨྱུག་གི་བདག་པོ་མ་རྙེད་གོང་ལྕགས་སྨྱུག་བཀོལ་ཏེ། རིག་གནས་སྦྱང་ཆོག་ཅེས་ཁ་ཏ་བསླབ་བྱ་གནང་དུ་ཡོང་བ་ཡིན།”
“སུའི་གམ་ནས་སློབ་བམ།”
“ང་དགེ་རྒན་ཡིན་པས། གལ་ཏེ་མོ་འཐད་པ་ཡིན་ན། ངས་མོར་ཁྲིད་ཆོག”
མ་ཡིའུ་སན་སོང་རྗེས། ཞུས་ཀྲི་ཕེ་ཡིས་ཨ་ནེ་ཆུང་བར་ལྕགས་སྨྱུག་ཁྱེར་ཡོང་དུ་བཅུག་པ་དང་།ཁོས་མོ་ལ་འབྲི་དེབ་ཆུང་ཆུང་ཞིག་ལེགས་སྐྱེས་སུ་བྱིན་ཏེ། མོར་དེའི་སྟེང་དུ་ཡི་གེ་འབྲི་སྦྱོང་བྱེད་དུ་བཅུག ཉིན་དེར། ཨ་ཞང་ཆུང་བས་ཆུ་གླང་འཚོས་པ་རེད། ཉི་འོད་ནུབ་རིར་ཡོལ་དུས། ཨ་ནེ་ཆུང་བས་རྒྱ་ཡིག་གི་ཡི་གེ工,人,上,下བཅས་བཞི་བོ་ངོས་ཟིན་ཞིང་། མོས་སྦྱོང་ཐེངས་གཅིག་གིས་ཡི་གེ་མང་པོ་ཞིག་ཤེས་འདོད་མོད། སྐུ་ཞབས་ཞུས་ལགས་འཐད་པ་མ་བྱུང་། ཁོས་སློབ་སྦྱོང་ནི་གོམ་པ་རིམ་བགྲོད་ཀྱིས་བྱེད་དགོས་པ་ལས་ཤུགས་འདོན་ཐེངས་གཅིག་གིས་ཐུབ་པ་ཞིག་མིན་ཟེར་བས། ཨ་ནེ་ཆུང་བས་འབྲལ་མི་འདོད་པའི་མིག་ཟུང་གིས་ཞུས་ཀྲི་ཕེ་ཞིང་ཁ་ནས་ལམ་ཆེན་བརྒྱུད་དེ་འགྲོ་བར་བལྟས་ནས་མི་སྡོད་ག་མེད་བྱུང་།
སློབ་ཁྲིད་དང་པོ་གྲོལ་རྗེས། ཞུས་ཀྲི་ཕེ་མཚམས་མཚམས་སུ་ཝན་ཏེར་ཡོང་ནས་ཨ་ནེ་ཆུང་བར་སློབ་ཁྲིད་བྱས། ཁོ་སྐབས་འགར་ཉིན་དཀར་ཡོང་བ་དང་སྐབས་འགར་ཚེས་བཅོ་ལྔའི་ཟླ་བ་ཉ་གང་བའི་སྔ་གཞུག་ཏུ་ཟླ་འོད་གོས་སུ་གྱོན་ནས་ཡོང་བ་རེད། ཉིན་དེ་དག་ལ། ནམ་མཁས་ཟླ་བ་སྒོར་མོ་ཞིག་བསྣམས་ཏེ་ཤིང་གི་གཞོང་བར་ཆུ་བླུགས་ནས་ཆུའི་ཟེགས་མ་ས་ལ་འབབ་པ་ལྟ་བུའི་འོད་ཟེར་འཕྲོ་བཞིན་འདུག ཨ་ནེ་ཆུང་བས་ཚེས་བཅོ་ལྔའི་ཟླ་བ་ཉ་གང་བའི་མཚན་མོར། ཞུས་ཀྲི་ཕེ་ཡི་གཞུག་ཏུ་འདྲེ་ལྟ་བུའི་མི་སྐོར་ཞིག་ལྐོག་ལྐོག་སུད་སུད་ཀྱིས་རྗེས་འདེད་ཀྱིན་པ་ཤེས་ཤིང་། ཁོ་ཚོ་ནི་མཚམས་མཚམས་སུ་འགུལ་བ་དང་མཚམས་མཚམས་སུ་གཡེང་བ་ལྟ་བུར་མངོན་ཏེ། བཤད་རྒྱུན་ཁྲོད་ཀྱི་སྣང་ལ་མ་ངེས་ཀྱི་རྣམ་ཤེས་ཟེར་བ་དང་མཚུངས།
ཞུས་ཀྲི་ཕེ་ལ་མི་དེ་ཚོའི་གྲིབ་གཟུགས་ཀྱིས་བར་ཆད་ཅི་ཡང་མ་བཟོས་པར། ཁ་ཁུ་སིམ་པོར་སྣུམ་སྒྲོན་འོག་ཏུ་ཙོག་ནས་ཨ་ནེ་ཆུང་བར་ཡི་གེ་བསླབས། ཟླ་དགུ་པའི་ཚེས་བཅོ་ལྔར་སླེབས་པ་ན། སྐུ་ཞབས་ཞུས་ཀྱིས་ཨ་ནེ་ཆུང་བར་ཨང་རྩིས་ཁྲིད་འགོ་བརྩམས། སྟོན་མཇུག་གི་མཚན་མོར་བསིལ་རླུང་ལྡང་བས། སྐུ་ཞབས་ཞུས་ཀྱིས་ཐོག་ལྭ་ཞིག་གྱོན་ཞིང་། ཁོས་ལྭ་བའི་ཁུག་མ་ནས་སྲན་སེར་སྤར་མོ་གང་བླངས་རྗེས་ཨ་ནེ་ཆུང་བར་བརྩི་རུ་བཅུག ཟླ་ངོ་གཅིག་གི་རྗེས་སུ། ཨ་ནེ་ཆུང་བས་ཡིག་འབྲུ་བརྒྱད་ཅུ་གྱ་གསུམ་ངོ་ཤེས་པ་དང་། བཅུ་གནས་གྲངས་ཀྱི་སྣོན་རྩིས་དང་འཐེན་རྩིས་རྩི་ཤེས་པར་གྱུར། ཆུ་གླང་འཚོ་བའི་སྐབས་སུ། མོས་དབྱུག་པས་པང་ལེབ་སྟེང་ཡི་གེ་དེ་དག་འབྲི་བ་དང་། དེ་ནི་ཤིང་བཟོས་སྣོད་ཆས་ཤིག་ལ་ཡང་དང་བསྐྱར་དུ་འབུར་ལེན་རྒྱག་པ་དང་མཚུངས། མོས་རང་གིས་ཟོས་པའི་ཀྭ་འབྲུ་སྤྱད་དེ་ཨ་ཞང་ཆུང་བས་བཏོགས་ཡོང་བའི་རི་སྐྱེས་སིལ་ཏོག་གི་གྲངས་ཀ་དང་སྐུ་ངོར་འཇལ་དགོས་པའི་ས་ཞིང་གི་བོགས་མ་རྩིས་རྒྱག་པ་རེད། ལོ་བཅུ་བདུན་ལ་སོན་པ་ན། ཨ་ནེ་ཆུང་བ་ནི་ཤེས་ཡོན་པ་ཞིག་དང་མཚུངས་པར་གནད་དོན་ལ་བསམ་གཞིག་གཏོང་ཤེས་པར་གྱུར། མོས་རང་ཉིད་ལ་དྲིས་པའི་འདྲི་ཚིག་དང་པོ་ནི། རང་ཉིད་ཀྱིས་སྐུ་ཞབས་ཞུས་ལགས་མཐོང་སྐབས་ངོ་གདོང་དམར་པོར་གྱུར་དོན་ཅི་ཡིན་ནམ། ཁོ་རང་ཝན་ཏེ་དང་ཁ་བྲལ་བའི་ཉིན་དེ་དག་ལ། མོས་རྨོ་མོ་ལགས་དྲན་པ་ནང་བཞིན་ཁོ་རང་དྲན་པའི་རྒྱུ་མཚན་ཅི་ཡིན་ནམ་ཞེས་པ་དེ་རེད།
ཟླ་དེའི་ནང་དུ། ཨ་ནེ་ཆུང་བས་རང་གིས་དངོས་གནས་ཅི་ཞིག་ཧ་གོ་སོང་སྙམ། མོའི་བསམ་པར་རང་ཉིད་ཀྱི་མིག་མདངས་ནི་ཝན་ཏེ་དང་ཧྲི་ལི་ཕུའུ། ཡན་ཙི་བྲག་འདབས་བཅས་དང་བརྒལ་ཏེ། མོ་རང་སྔོན་ཆད་སོང་མ་མྱོང་བའི་ས་ཆ་ཞིག་མཐོང་སོང་བར་སྙམ། ས་ཆ་དེ་དག་ནི་སྐུ་ཞབས་ལགས་ཀྱིས་བཤད་པ་བརྒྱུད། མོའི་མིག་མདུན་དུ་གསལ་ལྷང་ངེར་ཤར་ཏེ། རྨི་ལམ་ནས་ཡུལ་དངོས་མཐོང་བ་ཇི་བཞིན་མོའི་ཀླད་པའི་ནང་གསལ་བོར་འཁོར་བྱུང་།
ཨ་ནེ་ཆུང་བས་ཞུས་ཀྲི་ཕེ་ཡིས་གྱོན་པའི་ལྭ་བ་མཚར་པོ་དེ་མཐོང་དུས་ནི་ཟླ་བཅུ་གཅིག་པའི་ཚེས་བཅོ་ལྔ་རེད། སྐབས་དེར། གྲང་ངར་ཆེ་བའི་བྱང་རླུང་ལྡང་ཞིང་། རི་ཁ་ནས་ཁ་ཆར་འདྲེས་མའི་རླུང་བུ་ལྡང་ཡོང་སྟེ། མཚན་མོའི་ཝན་ཏེ་ནི་གྲང་སྟེ་སྲ་ཞིང་མཁྲེགས་པ་དང་འོད་དུ་འཚེར་བའི་འཁྱགས་དར་ཞིག་དང་མཚུངས། ཞུས་ཀྲི་ཕེ་སོང་མྱོང་བའི་ཁ་བའི་ལམ་དུ། ཨ་ནེ་ཆུང་བས་མི་གཞན་གྱི་རྐང་རྗེས་མཐོང་བྱུང་། ཡིན་ཡང་དེར་མོ་ཡ་མཚན་ཅི་ཡང་མི་སྐྱེས་ཏེ། མོས་ཞུས་ཀྲི་ཕེ་ནི་ཅི་ཞིག་བྱེད་མཁན་ཡིན་པ་ཤེས་ཤིང་། མ་ཡིའུ་སན་གྱིས་མངགས་པའི་མི་རྒྱུས་མེད་གཉིས་ཁོའི་རྗེས་འདེད་ཀྱིན་པའང་ཤེས་ཡོད།
ཟླ་བ་ཉ་གང་བའི་མཚན་མོ་དེར། རླུང་བུ་ནི་སྡུག་བསྔལ་གྱིས་མནར་བའི་མི་ཞིག་དང་མཚུངས་པར་ནགས་ཚལ་དུ་འོ་དོད་ཆེན་པོ་འབྱིན་ཏེ། ཁ་བའི་འདབ་མའང་ཇེ་སྟུག་ཇེ་ཆེར་གྱུར་དུ་བཅུག ཞུས་ཀྲི་ཕེ་ཧྲི་ལི་ཕུའུ་ནས་ཝན་ཏེར་འབྱོར་སྐབས། ལྭ་བ་རིང་པོའི་སྟེང་དུ་ཁ་བས་གཡོགས་འདུག་ཅིང་། ཁོ་ནི་ད་སོ་མ་ཚྭ་རྫིང་ནས་ཐོན་པ་དང་འདྲ། ཨ་ནེ་ཆུང་བས་ཁོར་ལྭ་རིང་ཕུད་དུ་བཅུག་རྗེས་མེ་ཐབ་ཀྱི་འགྲམ་དུ་མེར་བསྲོ་རུ་བཅུག ཞུས་ཀྲི་ཕེ་ཡིས་ལྭ་རིང་ཕུད་རྗེས། ཨ་ནེ་ཆུང་བས་ཁོའི་འོག་འཇུག་ནི་སོ་མ་ཡིན་མོད། འོན་ཀྱང་ལྷན་པ་གསུམ་བརྒྱབ་འདུག་པ་མཐོང་བྱུང་།
“སྐུ་ཞབས་ཞུས་ལགས། ཁྱོད་ཀྱིས་ལྭ་བ་གསར་པར་འཚེམ་རྒྱག་དོན་ཅི་ཡིན་ནམ།”
“འདི་ལྷན་པ་བརྒྱབ་པ་མ་རེད། མི་གསུམ་རེད”ཞུས་ཀྲི་ཕེ་ཡིས་འོག་འཇུག་ཐོག་གི་ལྷན་པ་དེ་བསྟན་ནས་དེ་ལྟར་བཤད།“འདི་ནི་ངའི་འཐབ་གྲོགས་གསུམ་གྱིས་བཀོལ་བའི་རས་ཡིན། ཁོ་ཚོས་རང་སྲོག་བློས་བཏང་རྗེས། ངས་ཁོ་ཚོ་གསུམ་པོ་ལུས་སྟེང་དུ་བཙེམ་པ་ཡིན་ལ། ཁོ་ཚོ་ཁྲིད་ནས་འཐབ་རྩོད་བྱེད་དུ་སོང་བ་ཡིན། འདི་གཉིས་ནི་འཐབ་མོ་པ་གཉིས་ཀྱི་ལག་ཕྱིས་ཡིན། ན་ནིང་ཁོ་ཚོར་ངོ་ལོག་པས་ངོ་ལོག་བྱས་ནས་རང་སྲོག་ཤོར་བ་རེད། རས་དཀར་པོ་འདི་ནི་ང་ཚོའི་འགྲིམ་འགྲུལ་པའི་ཡིན། ཁོ་ཚོ་རྫོང་མཁར་ནས་འཛིན་བཟུང་བྱས་རྗེས་རང་སྲོག་ཤོར་སོང་།”
“འོ་ན”ཨ་ནེ་ཆུང་བས་སེམས་ཆུང་ངང“ཁྱོད་ལྕགས་སྨྱུག་གི་བདག་པོ་ཡིན་ནམ”ཞེས་དྲིས།
“ཡིན།”
“ཁྱོད་ཀྱིས་ལྕགས་སྨྱུག་ངེད་ཚང་གི་བ་ཁང་དུ་འབོར་དོན་ཅི་ཡིན་ནམ།”
“བོར་བ་མིན། བསམ་གཟས་ནས་དེར་བཞག་པ་ཡིན། ང་ཚོར་ས་ཆ་གཞན་པར་དོན་དག་ཧ་ཅང་གལ་ཆེན་ཞིག་ཡོད། མ་ཡིའུ་སན་དང་རྫོང་མྱུལ་ཞིབ་འཛིན་བཟུང་རུ་ཁག་གི་མིག་མདངས་ཝན་ཏེར་འགུག་རྒྱུའི་ཆེད་དུ་ཡིན།”
གྲང་ངར་ཆེ་བའི་དགུན་གཞུང་དེར། སྐུ་ཞབས་ཞུས་ཀྱིས་ཨ་ནེ་ཆུང་བར་ཡི་གེ་མ་ཁྲིད་པ་དང་། ཁོ་ཚོས་སྤོ་བོ་དང་རྨོ་མོ། ཨ་ཞང་ཆུང་བ་བཅས་ཀྱི་སྔུར་སྒྲའི་ཁྲོད་ནས་ཆོ་མེད་པའི་སྐད་ཆ་མང་པོ་བཤད་སོང་། ཁ་འབྲལ་སྐབས་སྐུ་ཞབས་ཞུས་ལགས་ཀྱིས་བདག་པོའི་མིང་ཐོག་ནས་ཨ་ནེ་ཆུང་བས་རྙེད་པའི་ལྕགས་སྨྱུག་དེ་ཨ་ནེ་ཆུང་བར་གཟབ་ནན་སྒོས་ལེགས་སྐྱེས་སུ་བྱིན་ཏེ། མོར་ཡི་གེ་ཆིག་སྟོང་ངོས་ཟིན་པ་དང་སྒྱུར་རྩིས་དང་བགོ་རྩིས་ཤེས་པར་བྱས་ཏེ། མེས་རྒྱལ་འཛུགས་སྐྲུན་ལ་ཕན་པའི་ཤེས་ལྡན་པ་ཞིག་ཏུ་འགྱུར་དགོས་པའི་སྐུལ་ལྕག་གནང་།
ཟླ་བཅུ་གཉིས་པའི་ཚེས་བཅོ་ལྔར། ཟླ་བ་སྔར་བཞིན་ཉ་གང་། ཟླ་འོད་འོག ཁ་བས་གཡོགས་པའི་རི་ཀླུང་ནི་གུར་དཀར་པོ་ཞིག་བཀླུབས་པ་དང་འདྲ་བར་འོད་འཚེར་འཚེར་བྱེད། ལྷིང་ཞིང་འཇགས་པའི་ཁ་བའི་སྟེང་དུ་འཚུབ་མ་ཁེར་རྐྱང་ཞིག་ལྡང་བ་ན། ཁ་བའི་མེ་ཏོག་གི་འདབ་མ་རེ་རེ་བར་སྣང་དུ་འཕུར་ཞིང་། བར་སྣང་ནས་སླར་ཡང་ས་རུ་ཟགས། ཨ་ནེ་ཆུང་བས་ལྭ་བའི་ཕུ་རུང་ཡར་བརྫེས་ཏེ་སྒོ་ཁར་ལངས་ནས་ཉིན་མང་པོ་ཞིག་ལ་བསྒུགས་ནས་བསྡད་ཀྱང་ཞུས་ཀྲི་ཕེ་སླེབས་རྒྱུ་མ་བྱུང་། ཟླ་བ་ཉ་གང་བའི་མཚན་མོའི་ལམ་ཆེན་སྟེང་རླུང་ལྡང་བ་ཙམ་ལས་མིའི་གྲིབ་གཟུགས་ཙམ་ཡང་མཐོང་རྒྱུ་མེད་པར་སྟོང་ཧང་ཧང་བྱེད།
ཉིན་འགའི་རྗེས་སུ། ཧྲི་ལི་ཕུའུ་ནས་གནས་ཚུལ་ཞིག་འབྱོར་བྱུང་སྟེ། རྫོང་མྱུལ་ཞིབ་འཛིན་བཟུང་རུ་ཁག་གིས་མ་ཡིའུ་སན་གྱིས་མཁོ་འདོན་བྱས་པའི་ཁུངས་སྣེ་གཞིར་བཟུང་སྟེ་ཡན་ཙི་བྲག་འདབས་ནས་གསང་བའི་བྱེད་སྒོ་སྤེལ་མཁན་གྱི་ཏང་ལ་འཐབ་རྩོད་བྱས་མྱོང་བ་རེད་ཟེར། གནས་ཚུལ་ནི་བདེན་མིན་མི་ཤེས་ལ། བཤད་ཚུལ་ཡང་མི་འདྲ། ལ་ལས་བཤད་ན་མྱུལ་ཞིབ་འཛིན་བཟུང་རུ་ཁག་གིས་ནགས་ཚལ་དུ་ཚོགས་འདུ་འཚོགས་པའི་གསང་བའི་ཏང་བསྐོར་ཏེ་མི་འགའ་བཟུང་བྱུང་བ་རེད་ཟེར། ལ་ལས་བཤད་ན་མི་འཛིན་མ་ཐུབ་པར་མེ་མདས་བརྒྱབ་པས་མི་གཅིག་ཤི་བ་དང་། ཤི་བའི་མི་དེ་ཕྱོགས་གང་གི་ཡིན་པ་མི་ཤེས་ཟེར། ཡང་ལ་ལས་བཤད་ན་མི་འཛིན་མ་ཐུབ་པ་དང་མེ་མདས་ཀྱང་མ་བརྒྱབ་པ་རེད། རྫོང་མྱུལ་ཞིབ་འཛིན་བཟུང་རུ་ཁག་གི་མི་རྣམས་གླེན་པ་ཤ་སྟག་རེད། ཁོ་ཚོས་མེ་ཕུང་བཟུང་ནས་མི་འཛིན་བཟུང་བྱེད་དུ་སོང་བས། རླུང་ལ་ལྟ་བཞིན་པའི་རྟ་རྫིས་ཤེས་ཤིང་། ཚོགས་ཞུགས་པ་རྣམས་ཁལ་རྟར་ཞོན་ནས་བྲོས་ཟིན་ཟེར། མི་མང་པོ་ཞིག་གིས་ཆེས་མཇུག་མཐའི་བཤད་ཚུལ་དེ་གནས་ཚུལ་ངོ་མ་ཞིག་དང་འདྲ་བོ་འདུག་ཅེས་ར་སྤྲད་བྱུང་སྟེ། ཚང་མས་ཟླ་བ་ཉ་གང་བའི་མཚན་མོར་ཡན་ཙི་བྲག་འདབས་ནས་མེ་འོད་ལམ་ལམ་མཆེད་ཀྱིན་པ་མཐོང་བྱུང་ཟེར།
ཨ་ནེ་ཆུང་བས་བཤད་ཚུལ་དེ་དག་གི་བདེན་རྫུན་མི་ཤེས་མོད། མོས་སྐུ་ཞབས་ཞུས་ལགས་ངེས་པ་དོན་གྱིས་གར་སོང་ཆ་མེད་དུ་གྱུར་ཏེ་ཝན་ཏེར་ཡོང་རྒྱུ་མ་བྱུང་བ་ཤེས་ཡོད། ཡང་བསྐྱར་ཟླ་བ་སྒོར་མོ་ཞིག་འཆར་བའི་དུས་སུ། མོས་ཀྱང་སྐུ་ཞབས་ཞུས་ལགས་ནང་བཞིན་དཀར་གསལ་ཟླ་བའི་ཟླ་འོད་ལ་བརྟེན་ནས་དྲིན་འཇལ་དགོན་པར་མོའི་དགེ་རྒན་བཙལ་དུ་སོང་ཡང་། སྐུ་ཞབས་ཞུས་ལགས་ནི་དྲིན་འཇལ་དགོན་པར་མི་འདུག ཆང་ཁང་བརྒྱུད་ནས་ཡོང་སྐབས། ཝུའུ་ཙུའོ་ལུའུ་ཡིས་མོ་ནང་དུ་བོས་བྱུང་། ཝུའུ་ཙུའོ་ལུའུ་ཡིས་སྣུམ་སྒྲོན་འོག་མ་ཡིའུ་སན་ལ་རྐང་པ་རྫུན་མ་བཟོ་བཞིན་མཆིས་ལ། རྐང་པ་རྫུན་མ་དེ་ནི་གསོན་ཉམས་དོད་པ་ཞིག་འདུག་སྟེ། རྐང་མཐིལ་ཡང་མི་ངོ་མའི་རྐང་མཐིལ་ནང་བཞིན་འགུལ་ཐུབ་པ་ཞིག་བཟོས་འདུག
ཟླ་བ་ཉ་གང་བའི་མཚན་མོར་དེར། ཝུའུ་ཙུའོ་ལུའུ་ཡིས་ཨ་ནེ་ཆུང་བར་ཅི་ཞིག་བཤད་སོང་བ་སུས་ཀྱང་མི་ཤེས་པར། ཝན་ཏེའི་ལོ་ངོ་བཅུ་ཕྲག་འགར་སྦས་པའི་གསང་བ་ཞིག་ཏུ་གྱུར་ཡོད། མི་རྣམས་ཀྱིས་ཨ་ནེ་ཆུང་བ་ཧྲི་ལི་ཕུའུ་ནས་ཕྱིར་ཡོང་རྗེས། ཁབ་སྐུད་བཙལ་ཏེ་མོའི་ནང་ལྭའི་ཐོག་ལྷན་པ་ཞིག་བརྒྱབ་པ་ལས་ཅི་ཡང་ཤེས་མེད། ནང་གོས་དེ་ནི་ཡག་པོ་ཞིག་འདུག་སྟེ། ཁུང་བུ་ཅི་ཡང་བཏོད་མེད། ཨ་ཞང་ཆུང་བ་ནི་ཨ་ནེ་ཆུང་བའི་བྱ་སྤྱོད་དེར་འཐད་པ་གཏན་ནས་མ་བྱུང་བར།
“ཨ་ཅེ་ལགས། ཁྱོད་ཀྱིས་ནང་གོས་ཡག་པོར་ལྷན་པ་རྒྱག་དོན་ཅི་ཡིན་ནམ།”
“ ཁྱོད་ཀྱིས་མི་ཤེས། འདི་ལྷན་པ་མིན།”
“ལྷན་པ་མིན་ན་ཅི་ཡིན།”
“མི་ཞིག་ཡིན།”
རྒན་པ་རྣམས་ཀྱི་ངག་རྒྱུན་ཁྲོད། ཨ་ནེ་ཆུང་བ་རྒྱ་ལོ་ཚེས་བཅོ་ལྔའི་དགོང་མོ་ཝན་ཏེ་དང་ཁ་བྲལ་སོང་བ་རེད། ངག་རྒྱུན་ཁྲོད་འོལ་ཚོད་སྣ་ཚོགས་ཀྱིས་ཁེངས་འདུག མི་རྣམས་ཀྱིས་བཤད་ན། ཨ་ནེ་ཆུང་བ་ཁ་འབྲལ་སྐབས། ལམ་ཆེན་སྟེང་ཁ་བས་གཡོགས་འདུག་ཅིང་། ཟླ་བ་ཉ་གང་བའི་ཟླ་འོད་འོག ཝན་ཏེའི་གཞུང་ལམ་ནི་རྩ་ཆེ་བའི་རྡོ་རྗེ་ཕ་ལམ་བཏིངས་པ་དང་འདྲ་ཞིང་། ཨ་ནེ་ཆུང་བས་འོད་དུ་འཚེར་བའི་གཞུང་ལམ་དེ་རྡོག་པས་མནན་ནས་རྒྱང་དུ་བཞུད།
དེ་ནས་བཟུང་ཨ་ནེ་ཆུང་བ་ཕྱིར་ཝན་ཏེ་ལ་ཡོང་རྒྱུ་མ་བྱུང་བར། མོ་ནི་རྟག་ཏུ་ཕྱི་རབས་པ་རྣམས་ཀྱི་དྲན་ཤིང་དུ་གསོན་ཡོད། གཏན་དུ་ཁེལ་བ་ཞིག་ནི། ཨ་ནེ་ཆུང་བ་ནི་ཝུའུ་ཙུའོ་ལུའུ་དང་འགྲོགས་ནས་ཝན་ཏེར་ཁ་བྲལ་བ་དེ་རེད། ཝུའུ་ཙུའོ་ལུའུ་ཧྲི་ལི་ཕུའུ་ཡི་ཆེད་བསྐོས་འགྲིམ་འགྲུལ་པ་ཞིག་ཡིན་ལ། ཁོ་ནི་རྐང་པ་རྫུན་མ་ཞིག་ལ་བརྟེན་ནས་མ་ཡིའུ་སན་གྱིས་ཡིད་ཆེས་ཐོབ་པའི་མི་ཞིག་ཡིན། གོ་ཐོས་སུ་བཅིངས་འགྲོལ་བྱས་ནས་ཅང་མ་འགོར་བར། རྫོང་མཁར་དུ་ལས་ཀ་བྱེད་པའི་ཝུའུ་ཙུའོ་ལུའུ་ཆེད་དུ་ཝན་ཏེར་ཡོང་ནས། སྤོ་བོར་སྔོན་གཤེགས་དཔའ་བོའི་དཔང་ཡིག་ཅིག་གནང་བྱུང་། མི་རྣམས་ཀྱི་དྲན་པའི་ངོགས་སུ། སྤོ་བོས་སྔོན་གཤེགས་དཔའ་བོའི་དཔང་ཡིག་དེ་མི་སུ་ལའང་བསྟན་མ་མྱོང་བ་དང་། ཁོ་རང་ཚེ་ལས་འདས་རྗེས། མི་རྣམས་ཀྱིས་སྒམ་ཆུང་རྩ་ནས་བསློགས་ཀྱང་ངག་རྒྱུན་ཁྲོད་ཀྱི་དཔང་ཡིག་དེ་མ་རྙེད་པས། ཨ་ནེ་ཆུང་བའི་འཆི་གསོན་ལ་བདེན་དཔང་ཅི་ཡང་བྱེད་མ་ཐུབ་པར། མོ་ནི་ནམ་ཡང་ཝན་ཏེའི་དྲན་པའི་ཁྲོད་རྟག་ཏུ་གསོན་ཡོད།
ད་ཆ། ཟླ་རེའི་ཚེས་བཅོ་ལྔའི་ཉིན་མོར། ཉ་གང་བའི་ཟླ་བ་སྔར་བཞིན་མཁའ་དབྱིངས་སུ་འཕགས། ཝན་ཏེའི་མི་རྣམས་ཀྱིས་དངུལ་སྡེར་སྒོར་མོ་ཞིག་དང་མཚུངས་པའི་དྭངས་གཙང་གི་ཟླ་གོར་ནམ་མཁར་དཔྱངས་པའི་དུས་སུ། རྒྱང་རིང་དུ་བཞུད་པའི་ཨ་ནེ་ཆུང་བ་དྲན་སྲིད་ཅིང་། མི་རྣམས་ཀྱིས་ཆ་འཇོག་མེད་པའི་ནམ་ཞིག་གི་ཚེ་ན། མོས་རྒས་ཤིང་འཁོགས་པའི་ལུས་པོ་སྒུར་སྒུར་གྱིས་གསོན་པོར་ཕ་ཡུལ་དུ་ལོག་རྒྱུའི་སྟོང་བསམ་བཅངས་ཡོད།
2024ལོའི《མི་རིགས་ཀྱི་རྩོམ་རིག》དེབ་དང་པོ་ལས་བསྒྱུར།