ས་སྲོས།
ཅི་ཞན་ལིན་གྱིས་བརྩམས།
ས་སྲོས་ནི་ངོ་མཚར་ལྐོག་གྱུར་ཞིག་སྟེ། མི་རྣམས་ཉིན་གཅིག་གི་རིང་གསོན་ཐུབ་ནའང་། ཉིན་དེའི་དུས་ཀྱི་མཐའ་མར་ཁོ་ཚོར་རང་རང་གི་ས་སྲོས་ཤིག་ཡོད་སྲིད། འོན་ཀྱང་། ཟླ་ཐོག་ཟླ་དང་ལོ་ཐོག་ལོ་བརྩེགས་ཏེ། ཉིན་ཞག་བགྲང་ལས་འདས་པ་ཞིག་ལ་དབུགས་ཀྱི་རྒྱུ་བ་མ་འགགས་ཚེ། ཁོ་ཚོར་ས་སྲོས་ཀྱང་བགྲང་ལས་འདས་པ་ཞིག་ཡོད་ཤག་ཤག་རེད། འདིར་ངས་ཅིས་ཀྱང་འདྲི་དགོས་པ་ཞིག་ལ། སྐྱེ་བོ་ག་ཚོད་ཅིག་གིས་ས་སྲོས་ཞེས་པ་འདིར་སྣང་འཇོག་བྱས་མྱོང་ངམ།
ཞོགས་པར། རྨི་ལམ་ཁྲལ་ཁྲུལ་སྔས་འགྲམ་ནས་ཡལ་བ་དང་ལྷན་དུ་ཁོ་ཚོ་ཡང་གཉིད་ལས་སད་དེ་ཉིན་གཅིག་གི་ལམ་ལ་ཆས་མགོ་བརྩམས། ཁོ་ཚོ་སོང་ཞིང་འགྲོ་བཞིན་གདུགས་ཚོད་དུ་སླེབས་པའི་ཚེ། ལམ་ཁ་གློ་བུར་ངང་ཕྱོགས་གཞན་ཞིག་ཏུ་དཀྱོགས་ཤིང་། སྣང་བ་ཞིག་ལ་ཤུད་ཐེངས་གཅིག་གིས་ཉིན་གཅིག་གི་མཇུག་ཏུ་ཤུད་སོང་བ་དང་འདྲ། ཁོ་ཚོས་རྒྱང་རིང་གི་སྔོ་ལྷོག་ལྷོག་ངང་འཕྱུར་བའི་དུ་ཞག་དང་། ལྗོན་རྩེར་སེར་ལམ་མེར་བྱུགས་པའི་ལྷག་ཟེར་ཀྲིག་ཀྲིག་དང་། ད་དུང་ཉི་འོད་ལུས་ལ་འཁུར་བའི་བྱ་རོག་ཁྱུ་དང་ཁྱུ་བྱས་ནས་འཕུར་ཡོང་བ་དག་མཐོང་བའི་མོད་ལ། དངོས་པོ་ཅི་ཞིག་གིས་ཁོ་ཚོའི་སེམས་པ་ག་ལེར་མནན་ཡོང་བ་དང་འདྲ་བར། ད་ནི་གཞི་ནས་མཚན་མོ་སླེབས་པ་ཚོར། ཁོ་ཚོས་མཚན་མོའི་ལྷིང་འཇགས་དང་རྨི་ལམ་ལ་རེ་སྒུག་བྱེད་ཅིང་མཆིས། ཡུད་ཙམ་ནས། མུན་རུབ་པའི་སྨག་མདོག་གིས་ཁོ་ཚོའི་མིག་མཐའ་བསྒྲིབས་པའི་དུས་མཚུངས་སུ། ཁོ་ཚོའི་སེམས་པའང་བསྒྲིབས། དམའ་ཞིང་གུ་དོག་པའི་སྡོད་ཁང་ཆུང་ཆུང་དེ་རུ་ཁོ་ཚོ་ཅི་ཞིག་ལ་བྲེལ་ཏེ་ས་སྲོས་ནི་སྒོའི་ཕྱི་རུ་བཀག་འདུག གལ་ཏེ་མི་ཞིག་གིས་ཁྱོད་ཀྱིས་ས་སྲོས་མཐོང་བྱུང་ངམ། ས་སྲོས་ནི་ངོ་མ་མཛེས་པ་ལ་ཨང་ཞེས་དྲིས་ཚེ། ཁོ་ཚོ་ནི་རྟབ་རྟབ་པོར་འགྱུར་སྲིད།
ཁོ་ཚོ་རྟབ་རྟབ་པོར་འགྱུར་བར་ཡང་ཁག་མེད་དེ། ཁོ་ཚོས་ཁང་པའི་ནང་ནས་སྐེ་ཕྱི་རུ་བསྲིངས་ཏེ་ས་སྲོས་འཚོལ་བའི་སྐབས་སུ། ས་སྲོས་ནི་དུས་སྔ་མོ་ནས་སྐྱ་ཐིང་ཐིང་གི་དུ་ཞག་དང་ལྗོན་རྩེའི་ཉི་ཟེར། བྱ་རོག་ལ་འཁྱུད་པའི་ཉི་འོད་བཅས་ཡལ་བ་དང་ལྷན་དུ་གར་སོང་ཆ་མེད་དུ་གྱུར་འཕྲོར། ད་ནི་སྨག་ནག་པའི་མཚན་མོ་ཁོ་ན་བསྐྱུར་འདུག ས་སྲོས་ནི་དཔྱིད་ཀའི་མནལ་ལམ་དུ་རྨིས་པའི་རྨི་ལམ་རབ་རིབ་ཅིག་དང་འདྲ་བར་ནམ་ཡོང་ཆ་མེད་སྒོས་ཁོ་ཚོའི་སེམས་ངོགས་སུ་འཁྱུགས་ཙམ་བྱས་རྗེས། སླར་ཡང་ཤེས་མེད་ཚོར་མེད་སྒོས་ཏག་སེར་ཡལ་འགྲོ་བ་ཞིག་རེད།
ས་སྲོས་ཡལ་ཟིན། ས་སྲོས་ནི་གང་ཞིག་ལ་ཡལ་སོང་བ་ཡིན་ནམ། མ་རེད། ཐོག་མར་ངས་ས་སྲོས་ནི་གང་ཞིག་ནས་འོངས་པ་ཡིན་ནམ་ཞེས་འདྲི་འོས། ཚུལ་དེ་ངས་གསལ་བོ་ཞིག་བཤད་མི་ཤེས། འོ་ན་གཞན་སུ་ཞིག་གིས་ལན་ཡང་དག་ཅིག་བསྐྱོན་ཐུབ་བམ། ངས་ས་སྲོས་ཤིག་བཟུང་ནས་དེའི་དོན་འདྲི་ཐབས་བྲལ། ཤར་ཕྱོགས་ནས་སླེབས་པ་ཡིན་ནམ་ཟེར་ན། ཤར་ཕྱོགས་ནི་ཉི་མ་ཤར་ས་རེད། ནུབ་ཕྱོགས་ནས་འབྱོར་བ་རེད་དམ་ཞེ་ན། ནུབ་ཕྱོགས་སུ་མཚམས་སྤྲིན་ཤར་ཡོད་པ་མིན་ནམ། ལྷོ་ཕྱོགས་ནས་ལྷགས་པ་རེད་ཅེ་ན། ལྷོ་ཕྱོགས་སུ་འོད་དང་དྲོད་ཁོ་ནས་ཁྱབ་འདུག བལྟས་ཡོང་ན་བྱང་ཕྱོགས་ནས་ཡོང་བ་རེད་ཅེས་བསྙད་ཚེ་འོས་ཤིང་འཚམ་པ་ཞིག་མིན་ནམ་སྙམ། གལ་སྲིད་ང་ཚོས་དྲན་པ་ལྷོད་ཀྱིས་བརྒྱངས་ཏེ་བྱང་ཕྱོགས་ཀྱི་སྣེ་རུ་བསྲིངས་ཚེ། ང་ཚོའི་ཡིད་ངོར་བྱང་འཁྱགས་རོམ་རྒྱ་མཚོ་འཁོར་ཡོང་ཞིང་། ང་ཚོས་དྲན་པའི་ཟིན་ཚོད་ཀྱིས་ཡུལ་ཁམས་དེ་སེམས་ངོར་བྲི་ཆོག་སྟེ། སྐྱ་ཐིང་ཐིང་གི་གནམ་ས་དང་སྐྱ་ཐིང་ཐིང་གི་གངས་ཐང་། སྐྱ་ཐིང་ཐིང་གི་གངས་རི། དེ་ནས་ཀྱང་མུ་མཐུད་དུ་བྱང་ཕྱོགས་སུ་བསྙེགས་ཚེ། སྐྱ་ཐིང་ཐིང་གི་གནམ་མཐའི་མཚམས་སུ་གནམ་ས་ཡུག་གཅིག་ཏུ་འདྲེས་པའི་མུར། རྒྱང་ནི་གནམ་དང་གམ་ནི་ས། དེ་ནི་འཁྱགས་རོམ་དང་འདི་ནི་གངས་རི་ཞེས་དབྱེ་ཐབས་མེད་པར་ཡོད་ཚད་རབ་རིབ་དང་སྐྱ་ཐིང་ངེར་གནས། ཏག་ཏག་ལ་རབ་རིབ་དང་སྐྱ་ཐིང་ངེར་ཡོད་པའི་ས་སྲོས་ཀྱང་གནས་དེ་ནས་འཕོས་ཡོང་བ་མིན་ནམ།
ཡིན་ནའང་། ས་སྲོས་ནི་གནས་དེ་ནས་འཕོས་མ་ཐག་ཕྱོགས་དང་མཚམས་སུ་དུམ་བུ་དུམ་བུར་ཁྱབ་སྟེ། བདེ་མོ་གཞོང་དང་ཆེན་པོ་རྩྭ་ཐང་བརྒྱུད་དུས་གྲིབ་གཟུགས་ནག་པོ་ཤུལ་དུ་གྲམ་ཞིང་། ནགས་ཚལ་ཆེན་པོ་བརྒལ་དུས་མཚན་སྨག་སྟུག་པོ་བསྐྱུར་ནས་བཞུད། ཆུ་ཕྲན་དུ་འབབ་པའི་ཚེ་སྨུག་མདོག་གི་མཚན་མོ་ལྷུང་ལྷུང་གི་བཞུར་སྒྲར་བསྲེས་ཏེ་ཏིང་འཛིན་གྱི་ཆུ་ངོས་འོད་ཀྲིག་ཀྲིག་བྱེད། རི་བོའི་རྩེ་ལ་འགོ་སྐབས་སྐར་མ་དང་ཟླ་བའི་འོད་སྣང་བྲན་པ་དང་། ཞིང་གྲོང་དུ་སླེབས་པ་ན་གནས་དེ་རུ་ལྷོག་ལྷོག་ཏུ་འཕྱུར་བའི་དུ་ཞག་གཏིབས་པ་སོགས་མདོར་ན་གྲུ་ཟུར་རེ་རེར་ཆད་མེད་དུ་འཛུལ་ཞིང་སྡོམ་རྒྱ་རེ་རེར་ཞིབ་ཀྱིས་ཉུལ། དེའི་རྗེས་སུ་ཡང་ཁེར་རྐྱང་གི་བྱེ་ཐང་དུ་མཆེད་དེ་ང་ཚོའི་རྒྱལ་ཁོངས་སུ་འབྱོར། བདག་གིས་འདི་ལྟར་བློའི་ཡུལ་དུ་བྱ་རུང་བ་ནི། གལ་ཏེ་ཁོ་བོས་ས་སྲོས་ཀྱི་མདུན་བསུས་ནས་བྱེ་ཐང་དུ་འགྲེང་ཚེ། ས་སྲོས་དེ་རྒྱང་རིང་གི་གནམ་མཐའི་མཚམས་ནས་འདུར་འོངས་པ་མཐོང་ཐུབ། དེ་ནི——དེ་ནི་ཅི་ཞིག་དང་མཚུངས་སྲིད་དམ། སྐྱ་ཐིང་ཐིང་གི་སྨུག་སྤྲིན་དཀར་པོ་ཞིག་གི་ཟླ་བོར་རུང་ངམ། ཡང་ན་ལང་ལོང་དུ་རྒྱུ་བའི་སྤྲིན་རིས་ཤིག་དང་མཚུངས་འོས་སམ། དེ་ལྟར་མིག་གི་ལོངས་སྤྱོད་དུ་ལྷགས་པ་ན། སྔར་བཞིན་གྲིབ་གཟུགས་ནག་པོ་ཞིག་དྲུད་ཅིང་། ཡང་ང་ཚོའི་རྒྱལ་ཁོངས་སུ་དེངས་ཏེ། རྒྱང་རིང་གི་སྐྱ་ཐིང་ཐིང་དུ་ཡོད་པའི་དུ་ཞག་དང་ལྗོན་རྩེའི་སེར་ལམ་མེར་སྣང་བའི་ཉི་ཟེར་དང་འདྲེས་མཚམས། བྱ་རོག་གིས་བཏེགས་པའི་ཉི་མའི་རང་མདངས་ཀྱི་ཆས་སུ་ཞུགས་ཏེ། ག་ལེར་མི་རྣམས་ཀྱི་སེམས་ངོགས་སུ་བབས་ཀྱང་མི་རྣམས་ཀྱིས་སྔར་བཞིན་སྒོའི་ཕྱི་རུ་བཀག་བྱུང་།
ཡིན་ནའང་། སྒོའི་ཕྱི་རུ། ཁོས་མི་རྣམས་ཀྱིས་སེམས་ཁུར་བྱེད་མིན་ལ་རྣམ་རྟོག་ཅི་ཡང་མི་འཛིན་པར། ཁུ་སིམ་ཁེར་རྐྱང་ངང་ཁོ་ཚོར་འགྱུར་སྐྱེན་ཞིང་སྙན་ངག་དང་འདྲ་ལ་བྱིས་སྒྲུང་ལྟ་བུའི་འཇིག་རྟེན་ཞིག་བཞེངས་ཏེ། འདིར་སྣང་ཡོད་དོ་ཅོག་ལ་མེ་ལོང་གཟུགས་ཤར་གྱི་དཔེ་བཞིན་རབ་རིབ་མག་མོག་དང་གསལ་ལ་མི་གསལ་བའི་རྨི་ལམ་གྱི་ཁ་དོག་བསྒོས། དཀར་མདོག་གི་མཁའ་དབུགས་ནི་འོ་མ་དང་འདྲ་བར་རབ་ཏུ་དཀགས་མོད། འོན་ཏེ་ཅི་ཞིག་མཉེན་མོའམ་འབྱར་བག་གམ་གར་མོའི་ངང་རྒྱུ་བཞིན་པ་དང་ཡང་འདྲ། ཁོས་ལྷིང་འཇགས་ཁྱེར་ཡོང་འདུག ཁྱོད་ཀྱིས་ཉོན་དང་། ཡོད་ཚད་དེ་ལྟར་འཇམ་ཅག་གེར་ཁ་བ་ལྷབ་ལྷུབ་འབབ་དུས་ཀྱི་མཚན་གུང་ཞིག་དང་ཀུན་ནས་མཚུངས། ཡིན་ནའང་གཞི་ནས་དབེན་འཇགས་སེར་ཡོད་དམ་ཟེར་ནའང་མིན་ཏེ། ད་ལྟ་ལས་ཅུང་ཙམ་ཁུ་སིམ་མེར་གྱུར་ཚེ། དུར་ཁྲོད་ལྟ་བུའི་དབེན་ཞིང་འཇགས་པར་འགྱུར་སྲིད། སིམ་སྣང་དང་ཟོར་ཡང་གིས་རྒྱུ་བའི་ལྷིང་འཇགས་ཀྱིས་དེ་ལྟར་ཚད་དང་རན་པའི་སྒོ་ནས་མཉེན་མོའམ་འབྱར་བག་གམ་གར་མོའི་ངང་མི་རྣམས་ཀྱི་སེམས་ཁམས་ལྗར་གྱིས་མནན་ཞིང་། སྐྱ་ཐིང་ངེར་ཡོད་པའི་ནམ་མཁའ་ནི་རས་ཡོལ་སྲབ་མོ་ཞིག་དང་འདྲ། ལྗོན་པ་དང་སྡོད་ཁང་། དུ་ཞག ཆུ་འཛིན་བཅས་ནི་དྲས་རིས་རེ་རེ་བཞིན་ཡོལ་བ་སྲབ་མོ་དེའི་སྟེང་སྦྱར་བ་དང་མཚུངས་པར། ག་ས་ཀུན་ཏུ་མཚམས་སྤྲིན་དམར་པོའི་རང་མདངས་དང་ནམ་མཁའི་སྐར་འོད་ཀྱིས་བརྒྱན་འདུག ས་སྲོས་ནི་ངེས་པ་དོན་གྱིས་སྙན་ངག་ཅིག་དང་གླུ་གཞས་ཤིག ཡང་ན་བྱིས་སྒྲུང་ཞིག་དང་འདྲ་ལ། ཟླ་གསལ་ཐོག་ཁང་ནས་མཆེད་པའི་སྙན་འཇེབས་ཀྱི་གླིང་བུ་ཞིག་དང་མཚུངས་ཤིང་། མཁའ་དབྱིངས་སུ་ཁྱབ་པའི་ལྷ་བྱ་དཀར་མོའི་གསུང་སྐད་དང་ཡང་གཉིས་སུ་མ་མཆིས། ལོ་ངོ་བཅུ་ཕྲག་ལ་བསྙལ་བའི་ལོ་ཆང་ཁམ་པ་དང་འདྲ་ལ། སྨྲ་བསམས་བརྗོད་ལས་འདས་པའི་མཛེས་སྡུག་གི་དངོས་པོ་ཡོད་དོ་ཅོག་དང་ཡང་གཉིས་སུ་མེད་དོ། ། མཛེས་སྡུག་དེ་ཉིད་ངག་ལ་མི་ཤོང་བས་མིག་གིས་བལྟས་ཤིང་། བལྟས་ནས་ཡིད་མི་འགེངས་པས་བློའི་ཡུལ་དུ་བཀོད། བློའི་ཡུལ་དུ་བཀོད་པས་ཀྱང་མ་ཚིམས་པས་བསྟོད་བསྔགས་ཀྱི་དབུགས་ཙམ་དབྱུང་བ་ལས་འོས་གཞན་ཡེ་ནས་སྐན། ཡིན་ནའང་མཐའ་མཇུག་མི་རྣམས་ཀྱིས་ས་སྲོས་སྒོའི་ཕྱི་རུ་བཀག་སོང་། མི་རྣམས་ཀྱིས་སྒོའི་ཕྱི་རུ་བཀག་སོང་ཟེར་བ་འདི་ངས་བཤད་པ་ཡིན་ནམ་འཕྱང་མོ་ཉུག ད་ནི་ངས་དྲན་ཤེས་བསྟེན་ན་འགྲིག་སྟེ། མི་རྣམས་ཟེར་བ་ནི་མི་ཚང་མ་མིན་ལ། མི་ཚང་མའི་ཡང་གཏན་ནས་མིན། ང་རང་བྱིས་པ་ཡིན་དུས། རྟག་པར་ལྷས་དཀྱིལ་ལ་བསྡད་དེ་ས་སྲོས་བསླེབ་པར་སྒུག་པ་ཡིན། ངས་འདི་ལྟར་བཤད་དོན་ནི་ང་རང་མི་གཞན་ལས་ཁྱད་དུ་འཕགས་ཚུལ་བརྗོད་འདོད་པ་མིན་པར། མི་གཞན་གྱིས་དེ་ལྟར་མི་བྱེད་པ་དང་ཡང་ན་བྱ་མི་འདོད་པ་རེད་ཟེར་བ་དེ་ཡིན། ངས་ནི(མི་གཞན་ཡང་འདུས)གོ་སྐབས་གཡེལ་མེད་ངང་འདི་ལྟར་བྱས་པ་ཙམ་ཡིན། དབྱར་ཁའི་དུས་སུ། ང་རང་རྒྱུན་དུ་རྐུབ་སྟེགས་ཆུང་ཆུང་ཞིག་ཏུ་ཙོག་སྟེ། གྱང་ཟུར་རིམ་བཞིན་མུན་ནག་ཏུ་འགྱུར་བ་དང་། ཕྱོགས་བཞིའི་གྱང་ར་དཀར་པོ་དེ་ཡང་ནག་རོག་རོག་གི་གྲིབ་མ་སྲབ་མོ་ཞིག་གིས་གཡོགས་པར་བལྟས་པ་ཡིན། མུན་ནག་ནང་། དུས་དང་མཚམས་སུ་མཚན་ཞིམ་མེ་ཏོག་གི་དྲི་ངད་ངའི་སེམས་སུ་ཐིམ་འགྲོ མཁའ་དབྱིངས་སུ་ཕ་ཝང་འཕུར་ཞིང་། བྱ་འདབས་ཀྱི་སྡོམ་རྒྱ་ནི་སྐྱ་ཐིང་ཐིང་གི་ནམ་མཁར་འོད་དུ་འཚེར། རབ་རིབ་ཀྱི་ས་སྲོས་སུ། ད་དུང་སྡོམ་ཐག་དང་དེའི་སྟེང་དུ་འབྱར་བའི་དུག་སྦྲང་དང་འབུ་སྦྲང་ཤི་རོ་རྣམས་ཀྱང་རེ་རེ་བཞིན་བགྲང་ཆོག མཉམ་བཞག་མ་བཞག་གི་བར་དུ་མགོ་བོ་ཀྲོག་སེར་ཡར་དགྱེ་བ་ན། སྨག་ནག་པའི་མཁའ་དབྱིངས་སུ་མིག་ལ་འཚེར་བའི་སྐར་ཚོགས་བཀྲ་འདུག དགུན་ཁར། ལྷས་དཀྱིལ་དུ་ཁ་བ་དཀར་པོས་གཡོགས། ང་རང་ཁང་པའི་ནང་འཛུལ་ནས་བསྡད་པ་དང་། ངས་སྒེའུ་ཁུང་གི་ཤོག་བུ་དཀར་པོ་རིམ་བཞིན་སྐྱ་བོར་འགྱུར་བ་དང་། ལྕགས་ཐབ་ནང་གི་མེ་ལྕེ་རིམ་བཞིན་དམར་པོར་ལོག་པ་དང་གསལ་ལམ་མེར་སོང་བའི་དུས་དེར་གཞི་ནས་ས་སྲོས་སླེབས་པ་ཚོར། ངས་རླུང་སྒོའི་ཧྲག་བར་ནས་བལྟས་པའི་ཚེ་ན། སྐྱ་ཐིང་ངེར་ཡོད་པའི་ནམ་མཁའ་དང་སྐྱ་ཐིང་ངེར་ཁ་བས་གཡོགས་པའི་ཁང་ཀླད་མཐོང་ཐུབ། ཚེས་རིས་འཁྱོག་པོ་ནམ་མཁའི་མཐོངས་སུ་རི་མོར་བབས་ཏེ་སྐྱོ་སྣང་ཞིག་བསྣམས་འདུག་ནའང་། ས་སྲོས་ཀྱི་མཛེས་པར་ཅི་ཡང་གནོད་མི་ཐུབ། སྐབས་དེར། རྒྱུན་པར་ལྷས་དཀྱིལ་དུ་ཙོག་སྟེ་ས་སྲོས་ལ་སྒུག་པའི་མི་དེ་ཡང་ཁང་པའི་ནང་མི་འཛུལ་ཀ་མེད་བྱུང་བས། སྐྱ་ཐིང་ངེར་ཡོད་པའི་གངས་མདོག་ཁོ་ནས་གྲང་ངར་གྱི་སྒོ་ཁར་ས་སྲོས་ཀྱི་སྡོང་གྲོགས་མཛད་དེ། འགྱུར་སྐྱེན་པའི་རབ་རིབ་ཀྱི་འཇིག་རྟེན་དེ་སུ་ཞིག་ལ་བསྟན་འདོད་པ་ཡིན་ནམ། ས་སྲོས་ཀྱིས་ཁེར་རྐྱང་མི་ཚོར་རམ།
ཡིན་ནའང་། ཁེར་རྐྱང་ཡང་ཡུན་རིང་པོ་ཞིག་ལ་གནས་མི་ཐུབ་སྟེ། ས་སྲོས་སྔར་བཞིན་ལམ་ལ་ཆས་དགོས། ལི་ཧྲང་དབྱིན་གྱི་སྙན་ངག་ཏུ“སྲོས་ལ་ཉེ་བ་ཙམ་མ་གཏོགས།། ནུབ་ཁའི་ཉི་འོད་རབ་ཏུ་སྒེག ”ཅེས་པ་ལྟར། སྙན་ངག་པ་ཁོང་གིས་ཀྱང་ས་སྲོས་ཡུན་རིང་དུ་གནས་མི་ཐུབ་པར་ལེ་ལན་བདས་པ་མིན་ནམ། ས་སྲོས་ནི་ངེས་པ་དོན་གྱིས་ཡུན་རིང་བོར་གནས་མི་ཐུབ་སྟེ། མིག་རྡེབ་དབང་ཙམ་གྱི་རིང་ལ། ས་སྲོས་ནི་རྨི་ལམ་ཡང་མོ་ཞིག་དང་འདྲ་བར་མི་རྣམས་ཀྱི་སེམས་ངོགས་སུ་འཁྱུགས་ཙམ་བྱས་པ་དང་། སྨག་ནག་པའི་མཚན་མོ་བསྐྱུར་ཞིང་ཁོ་རང་ཉིད་ཀྱི་སུན་སྣང་བསྣམས་ནས་བཞུད། ཁོ་རང་དངོས་གནས་དེ་ལྟར་བཞུད་སོང་། ད་ལྟ་ང་ལ་ཡང་བསྐྱར་ས་སྲོས་གང་དུ་བཞུད་སོང་ངམ་ཞེས་འདྲི་རུ་བཅུག་ཚེ། ངས་ནི་གང་ནས་འོངས་པ་ལས་ཇི་ལྟར་བཞུད་པ་གསལ་བོ་ཞིག་ག་ལ་ཤེས། ངས་ས་སྲོས་ཀྱི་མཇུག་མར་འཇུས་ནས་ཡང་སྙིང་ཅིའི་ཕྱིར་ཞེས་འདྲི་མི་ཐུབ། ཡིན་ནའང་། བསམ་ཚོད་ཅིག་བྱས་ན། བྱང་ཕྱོགས་ནས་སླེབས་པ་དག་ཅིས་ཀྱང་ལྷོ་ཕྱོགས་སུ་བགྲོད་དགོས་པ་ཡིན་སྲིད། ལྷོ་ཕྱོགས་སུ་རྒྱུ་བ་མིན་ཞེས་ཟེར་མཁན་སུ་ཡོད་དམ། ངས་ཁོ་རང་ཇི་ལྟར་རྒྱུ་བ་མཐོང་བྱུང་སྟེ། གྱང་མཁར་ལྷོ་མ་ནས་ནུབ་མཐའི་རི་བོ་ཆུང་ཆུང་དང་ནགས་ཚལ་དེ་བརྟོལ་ནས། མཛེས་སྡུག་ལྡན་པའི་རྒྱལ་ཁབ་ལྷོ་མ་ཞབས་ཀྱིས་བཅགས་ཤིང་། དེ་ནས་ཡངས་ཤིང་རྒྱ་ཆེ་བའི་ཨ་ཧྥེ་རི་ཁར་སླེབས། ཨ་ཧྥེ་རི་ཁར་དཀན་གཟར་གྱི་བྲག་རི་དང་དེའི་སྟེང་དུ་ལོ་ངོ་སྟོང་ཕྲག་འདས་པའི་ནགས་ཚལ་ཆེན་པོ་ཡོད་སྲིད། མུ་མཐུད་དུ་རིགས་འདེད་ཅིག་བྱས་ཚེ། ནགས་ཚལ་དུ་རྒྱ་སྟག་ངར་མ་ཡོད། ས་སྲོས་སླེབས་པ་ན།རྒྱ་སྟག་ངར་མས་མིག་ཟུང་སྐྱ་བོ་ཆེས་ཆེར་བགྲད་དེ་གློག་སྒྲོན་ཆ་གཅིག་དང་གཉིས་སུ་མེད་ལ། ནགས་ཚལ་དུ་ད་དུང་ཚང་ཚིང་དུ་སྐྱེས་ཤིང་མིའི་གཟུགས་ཕུང་ལས་མཐོ་བའི་རྩྭ་དང་རྩི་ཤིང་ཡོད་འོས། དེའི་ཁྲོད་དུ་སེང་གེ་དང་དུག་སྦྲང་། འབུ་སྡོམ། ད་དུང་ཕ་ཝང་སོགས་ཀྱང་གནས་འོས་ཤིང་། ཕ་ཝང་ནི་སྤྱིར་བཏང་གི་ཕ་ཝང་ལས་ཆེ་ངེས། ནུབ་ཁའི་ཉི་ཟེར་ལྗོན་ལོའི་རྫུབས་སྲབ་ས་ནས་ཡལ་གར་འཐེན་པའི་སྡོམ་རྒྱ་བརྟོལ་ཏེ་འཕྲོས་ཡོང་ཞིང་། སེར་ལམ་ལམ་བྱེད་པའི་ཉི་ཟེར་གྱི་ཉག་མ་རེ་རེ་འོད་དུ་འཚེར་ཏེ་ནགས་ཚལ་ཡོངས་དམར་སྨུག་ཏུ་བསྒྱུར་བ་དང་། རྩྭའི་འོག་ཏུ་ཡིབ་པའི་དུག་སྦྲུལ་ལས་མཆེད་པའི་དུག་རླངས་དང་ཕྲད་པ་ན། ཚོན་མདོག་སྣ་ལྔས་བཀྲ་བའི་སྨུག་པར་གྱུར། དེར་འབུ་མེ་ལྕེ་ཡང་ཡོད་འོས་ཏེ། འབུ་མེ་ལྕེ་ནི་འོད་ལམ་ལམ་བྱེད། མེ་ཏོག་ཡོད་འོས་མོད། འོན་ཀྱང་ཕལ་ཆེར་མཚན་ཞིམ་མེ་ཏོག་སོགས་ཡིན་མི་སྲིད། འོ་ན་ཅི་ཞིག་ཡིན་ནམ། དེ་ནི་དུག་ལྡན་མེ་ཏོག་ངན་པ་ཞིག་ཡིན་འོས་ཏེ། དུག་རླངས་ཁྲོད་དུག་དང་ལྡན་པའི་མེ་ཏོག་ངན་པ་ལས་ཅི་ཞིག་སྐྱེ་སྲིད་དམ། མེ་ཏོག་དེའི་དྲི་ཞིམ་རིམ་བཞིན་མཁའ་དབུགས་དམར་སྨུག་དེའི་ནང་ཁྱབ་པ་ན། བཀྲག་མདངས་འཚེར་བའི་ཚོན་སྨུག་ནང་ཐིམ་སྟེ་དེ་དག་དང་སྐྱ་གཅིག་ཏུ་འཐབ་པ་ན། དྲོད་ལམ་ལམ་བྱེད་པའི་ཚ་རླངས་ཤིག་འཕྱུར་བྱུང་།
ཡིན་ནའང་། ཡུད་ཙམ་ནས་ཚ་རླངས་དེས་གསལ་ལ་མི་གསལ་བའི་མཚན་མོ་རྨེག་མེད་དུ་བཏང་རྗེས། འོད་ཆེམ་ཆེམ་བྱེད་པའི་འབུ་མེ་ལྕེ་ལས་ཅི་ཡང་ལྷག་མི་འདུག་ལ། ད་ནི་རིམ་བཞིན་ཇེ་གསལ་དུ་སོང་། རྒྱ་སྟག་ངར་མའི་མིག་ཟུང་ནི་གློག་སྒྲོན་གཉིས་དང་མཚུངས་ཏེ། སྐྱ་ཐིང་ཐིང་གི་མཁའ་དབྱིངས་སུ་ཁུ་སིམ་མེར་འཚེར་བའི་སྐར་མར་བལྟས་འདུག ཡིན་ཡང་། གནས་དེ་ནས་ཀྱང་ས་སྲོས་སྔར་བཞིན་ལམ་ལ་ཆས་དགོས། ད་ནི་གང་ལ་ཆས་སམ། དེ་ཤེས་མཁན་ཞིག་དངོས་གནས་མི་འདུག་སྟེ། སྐྱ་གསལ་ལེར་སྐྱོ་སྣང་གིས་འཚེར་བའི་ཟླ་འོད་དང་མཉམ་དུ་ནག་རོག་རོག་ཏུ་ཡོད་པའི་མཁའ་དབྱིངས་སུ་མཆེད་དམ། མིག་རྡེབ་ཙམ་རྡེབ་ཙམ་བྱེད་པའི་སྐར་མ་དང་བསྡོངས་ནས་ཨ་སྔོན་དབྱིངས་ལ་འཕུར་རམ། ཡང་ན་ཕ་ཝང་གི་གཤོག་པར་བསྡེབས་ནས་ཁང་པའི་ནང་འཛུལ་ལམ། ནུབ་ཁའི་མཚམས་སྤྲིན་དང་མཉམ་དུ་རྒྱང་རིང་གི་རི་བོའི་རྒྱབ་ལོགས་སུ་ཡལ་ལམ། འདི་ཡང་ཁ་གསལ་གཏིང་ཐུབ་ཀྱིས་ཤེས་མཁན་སུ་ཞིག་ཡོད་དམ། ང་ཚོས་ཁོ་རང་བཞུད་ཟིན་པ་ཤེས་ཡོད། ཁོས་རང་ཉིད་ལ་དབང་བའི་སུན་སྣང་དང་མཛེས་སྡུག་ཁྱེར་ནས་བཞུད་སོང་། དེ་ནི་དཔྱིད་ཀའི་རྨི་ལམ་ཡང་མོ་ཞིག་དང་འདྲ།
བཞུད་ཟིན། ད་ནི། ད་ནི་ང་ལ་འདྲི་རྒྱུ་ཅི་ཞིག་ཡོད་དམ། སང་ཉིན་ལ་བསྒུག་གམ། སང་ཉིན་ཇི་ལྟར་སླེབས་ཀྱང་རུང་། དེ་ལྟར་སང་ཉིན་དང་། ཡང་ན་སང་ཉིན་ཙམ་ལས་མ་འདས་སོ། །མི་རྣམས་ཀྱིས་རྒྱང་རིང་གི་སྔོ་ལྷོག་ལྷོག་ཏུ་འཕྱུར་བའི་དུ་ཞག་དང་ལྗོན་རྩེར་སེར་ལམ་མེར་འཕྲོས་པའི་དགོང་ཀའི་ཉི་ཟེར། ད་དུང་ཉི་འོད་ལུས་ལ་འཁུར་བའི་བྱ་རོག་ཁྱུ་དང་ཁྱུ་བྱས་ནས་འཕུར་ཡོང་བ་དག་མཐོང་བའི་མོད་ལ། དངོས་པོ་ཅི་ཞིག་གིས་ཁོ་ཚོའི་སེམས་པ་ག་ལེར་མནན་ཡོང་བ་དང་འདྲ་བར། ད་ནི་གཞི་ནས་མཚན་མོ་སླེབས་པ་ཚོར། ཁོ་ཚོས་གཞར་ཡང་མཚན་མོའི་ལྷིང་འཇགས་དང་རྨི་ལམ་ལ་རེ་སྒུག་བྱེད། སྒོ་བརྒྱབ་པ་ན། སྒོའི་ཕྱི་རོལ་དུ་ལུས་པ་ནི་སྔར་བཞིན་ས་སྲོས་རེད། ཁོ་ཚོས་སྐེ་བསྲིངས་ནས་ས་སྲོས་འཚོལ་བའི་སྐབས་སུ། ས་སྲོས་ནི་སྔ་མོ་ནས་བཞུད་ཚར། བྱང་འཁྱག་རོམ་རྒྱ་མཚོ་ནས་ཆས་ཤིང་བརྒྱུད་ཨ་ཧྥེ་རི་ཁའི་ནགས་ཚལ་དུ་སོང་ཞིང་། དེ་ནས། དེ་ནས་གང་ལ་བསྐྱོད་པ་སུས་ཤེས་སམ། དེ་བས། མཚན་མོ་སླེབས་བྱུང་། སྨག་ནག་པའི་མཚན་མོ་སླེབས་བྱུང་། སྐར་འོད་དང་ཟླ་འོད་འཕྲོ་བའི་མཚན་མོ། མཚན་ཞིམ་མེ་ཏོག་གི་དྲི་ཞིམ་ཁྱབ་པའི་མཚན་མོ།…… དེ་ནི་མཚན་མོ་ཁོ་ན་ཙམ་རེད། མཚན་ནམ་རིང་མོ་རེད། མཚན་མོ་ལ་ནམ་ཡང་རྫོགས་མཐའ་བྲལ། འོ་ན་ས་སྲོས་ནི། ས་སྲོས་ནི་དུས་ནམ་ཡང་མི་རྣམས་ཀྱི་སེམས་སུ་མི་གནས་པར། དེ་ནི་དཔྱིད་དུས་ཀྱི་རྨི་ལམ་ཡང་མོ་ཞིག་དང་འདྲ་བར་འཁྱུགས་ཙམ་གྱིས་བཞུད་འགྲོ།
འདི་ཨེ་རེད་དམ།