ཕོ་ལྷ་པཎ་དགའ།
འཇམ་དབྱངས་ཚེ་རིང་གིས་བརྩམས། ཧོར་ཚང་བསྟན་འཛིན་ཕུན་ཚོགས་དང་པདྨ་ལྷ་མཛེས་གཉིས་ཀྱིས་བསྒྱུར།
དོན་དག་ཅིག་བཤད། སེམས་ནས་འཁང་ར་མ་བྱེད། གཞན་ལ་དཀྲོག་གཏམ་དུ་མ་བཤད། ལོ་འདི་གར་མི་མང་པོས་གཞན་གྱི་སྐྱོན་སྣེ་ནས་བཟུང་སྟེ། ཅི་བསམ་གང་འདོད་བྱ་རྒྱུར་དགའ། རེད་དེ་ང་ཚོས་ཚོད་འཛིན་བྱ་དགོས། དོན་དག་བཟང་པོ་ཞིག་རང་དགར་མགོ་ཐོག་ཏུ་མི་ལྷུང་ཡང་། དོན་དག་ངན་པ་བསམ་མེད་ཚོར་མེད་དུ་ཐོན་ཡོང་། རྡོ་བ་རི་མགོ་ནས་འགྲིལ་པ་ལྟར། མི་ཚོགས་ཀྱི་གསེང་དུ་འཕག་ལྡིང་གིས་ལྷུང་ཡོང་། ངས་བཤད་བྱའི་དོན་དག་ནི། རྡོ་བས་མིར་བརྒྱབ་པ་བཞིན་བདེ་མོ་མིན་ལ། སྟག་ལྤགས་ཐོག་གི་ས་ཁྲའི་རི་མོ་བཞིན་རྙོང་འཛིང་ཡང་མ་རེད། དོན་དག་ནི་ང་ཚོའི་གྲོང་ཚོའི་ནང་ནས་མི་ཞིག་བོར་སོང་བ་དེ་རེད། མི་མང་པོ་ཁ་བགོས་ཏེ་འཚོལ་ཉུལ་བྱས་ཀྱང་། རྙེད་ཡོད་དམ། ངས་རྔུལ་ཆུ་འབྱིད་ཙམ་བྱས་ཏེ་ཁྱོད་ལ་ག་ལེ་བཤད། ལུས་པོ་ཡོངས་རྫོགས་རྔུལ་ཆུས་སྦགས་ཤིང་དྲི་ནག་ཆེ་བས་ཅུང་ཙམ་འཕུར་ནའང་འདམ་རིལ་དུ་གྱུར་འགྲོ། ཨ་ཙི། ངོ་མ་དཀའ་ལས་མྱངས་སོང་། ངས་སྡུག་འདི་འདྲ་རྩ་བ་ནས་མྱངས་མ་མྱོང་། ཀརྨ་ལུང་ནས་ང་ཚོའི་གྲོང་ཚོའི་ལ་ལུང་སོ་སོ་དང་། གྲོང་ཚོ་གཅིག་ནས་གཅིག་མཐུད་ཀྱིས་བཙལ་ནའང་། ཁུངས་སྣེ་སྤུ་ཙམ་ཡང་མ་རྙེད། མགོ་བོ་མེད་པའི་སྦྲང་ནག་གི་གཤོག་སྒྲ་ལྟར་གྲོང་ཚོའི་ཀྲུའུ་རེན་གྱི་ངོ་ནག་སོ་སེར་གྱི་སྡིག་མོར་བསྒུག་དགོས། ཁོས་སྡིག་པ་ཧ་ཅང་ངར་ཏེ། “ཁྱོད་ཚོ་རེ་རེ་བཞིན་ཀླད་ཁུ་རྒོད་ཀྱིས་འཐུངས་སོང་བའི་ཕུང་པོ་དང་འདྲ། མི་གསོན་པོ་ཞིག་གང་དུ་འདྲོགས་འགྲོ། མི་ཤི་བོ་གཉིས་བཙལ་བ་ལས་ཀྱང་དཀའ་ལས་ཆེའམ།”
ཁོས་བཤད་པའི་དོན་དག་འདི་ནི་ལོ་གསུམ་གྱི་སྔོན་ནས་ང་ཚོའི་ས་ཆར་ཕྱི་རྒྱལ་གྱི་སྐྱེས་པ་གཉིས་བསླེབས་སོང་བ་དེ་ཡིན།
ངས་གསལ་བོ་དྲན་ཏེ། ཁོང་གཉིས་གཅིག་ཤོས་གཟུགས་རིང་ལ་གཅིག་ཤོས་ཐུང་། ཁོང་གཉིས་ཀ་ཤ་མདོག་དཀར་པོ་རེད། སྣ་ཆེ་ཞིང་མིག་ཟུང་སྔོན་པོ་རེད། ཧ་ཅང་བཙོག་པོ་འདུག གྱོན་པའང་འདྲ་འདྲ་གྱོན་ཐོག བཟོ་ལྟ་གཅིག་པའི་རྒྱབ་ཁུར་རེ་ཁུར་འདུག ཁོང་གཉིས་ང་ཚོའི་གྲོང་ཚོ་ལ་ཡོང་དུས་ནི་དབྱར་ཁ་རེད། ས་ཁྲ་ལ་ལྟ་བཞིན་ལམ་བུ་ཀྱག་ཀྱོག་ཡིན་ཡང་། ལམ་སྣ་ཁྲིད་མཁན་དགོས་ཀྱིན་མི་འདུག ང་རང་ལམ་སྣ་ཁྲིད་མཁན་བྱ་བའི་འདུན་པ་ཡོད་ཀྱང་། ཁོང་གཉིས་ཀྱིས་གོ་སྐབས་དེ་སྟེར་མ་སོང་། རྗེས་སུ་དབྱར་མཇུག་ལ་ཐོན་ཅིང་སྟོན་ཁར་ཉེ་དུས། གཡུ་ཞུན་གྱིས་ཁུ་བས་བྱུགས་འདྲའི་རི་བོ་ཐམས་ཅད་སེར་བོ་འགྱུར། ཤ་བས་གསོན་ཤུགས་དབེན་པའི་སྐད་སྒྲ་འབྱིན། གསེར་བྱ་གསོམ་ཤིང་གི་གསེང་ནས་འཕུར་བའི་གཤོག་སྒྲའང་དེ་ཙམ་མི་གསལ་དུས། གློ་རྡེག་ཏུ་གྲོང་ཚོར་མི་ཚོ་ཞིག་རླངས་འཁོར་ཁ་ཤས་གཏོང་ནས་བསླེབས་སོང་། ངས་དྲན་པ་ལྟར་ན་གཟེ་གསུམ། ཐེའུ་ཡིག་རྟགས་ཅན་གྱི་རླངས་འཁོར་ཡོད། རླངས་འཁོར་ལས་བབས་པའི་མི་དེ་བལྟས་ཚོད་ཀྱིས་མགོ་ཁྲིད་ཡིན་པ་འདྲ་ཞིང་། “ཕྱི་རྒྱལ་གྱི་ཡུལ་སྐོར་བ་གཉིས་བོར་སོང་བས། ཁོང་ཚོས་ཡུན་རིང་དུ་བཙལ་ནས་འདི་གར་ཡོང་བ་ཡིན་ཟེར། ཁོང་གཉིས་ནི་གཡང་འཛེག་མཁན་རེད། གྲོང་ཚོ་འདི་རུ་གཡང་འཛེག་བྱ་ཆོག་པའི་ས་ཆ་འདྲ་ཡོད་དམ”ཟེར་ནས་དྲིས་སོང་། ང་ཚོས་ད་བཟོད་མི་དེ་གཉིས་འདི་ན་ཡོང་དོན་ཧ་གོ་སོང་། ཀྱེ་མ། “ཕལ་ཆེ་ཤི་ཚར་ཚོད་རེད།” གྲོང་ཚོའི་ཀྲུའུ་རེན་ནས་བཀྲ་མི་ཤིས་པའི་གཏམ་དེ་བཤད། གཏམ་ངན་དོན་ཐོག་ཏུ་སྨིན་སོང་། ང་ཚོས་ཁོ་ཚོ་ཁྲིད་དེ་འབྲི་དཀར་བྲག་རིར་སོང་། གནས་དེ་ནི་དཀན་གཟར་གྱི་རི་བོ་ཞིག་རེད། གླག་རྒོད་འཕུར་དུས་ཀྱང་ཁོང་འདར་བརྒྱབ་འོང་བས། ལག་པས་ཡག་འཛེག་བྱ་མཁན་གྱི་ཕྱི་རྒྱལ་བའི་ཡུལ་སྐོར་བ་གཉིས་སྨོས་ཅི་དགོས། རྗེས་སུ། ང་ཚོས་ཁོང་གཉིས་ཀྱི་ཕུང་བོ་འཚོལ་རྙེད་བྱུང་། ཤི་སྟངས་ཡ་ང་བ་དེ་བཤད་ན་མི་འདོད། “ཨོཾམཎིཔདྨེཧཱུཾ།” ད་ལྟ་དྲན་ནའང་ཞེན་ཁ་ལོགས་འོང་། དེ་བས་གྲོང་ཚོའི་ཀྲུའུ་རེན་གྱི་སྡིག་མོའི་ནང་དོན་ནི། ང་ཚོས་ཕུང་བོ་དེ་གཉིས་ཀྱང་འཚོལ་རྙེད་བྱུང་བས། ང་ཚོ་དང་ཉིན་མཚན་ཀུན་ཏུ་འབྲེལ་འདྲིས་ཆེ་བའི་ཡུལ་མིའང་མི་རྙེད་དོན་ཅི་རེད་ཅེས་པའོ།།
འདི་འདྲའི་རྒྱུས་མངའ་ཆེ་བའི་མི། དྲི་མ་སྣོམ་ནས་ཀྱང་འཚོལ་ཐུབ།
བོར་སོང་བའི་མི་དེ་ལབ་ན། ངའི་ཨ་ཁུ་པཎ་དགའ་རེད། བཤད་འགོ་གང་ནས་བརྩམ་དགོས་སམ། ང་ནི་བཤད་མི་མཁས་པའི་མི་ཞིག་ཡིན། འོན་ཏེ་སྐད་ཆའི་ཁ་སྒོ་ཕྱེས་ཟིན་པས། གྲོད་པའི་ནང་གི་སྐད་ཆ་ཕྱི་ལ་བླུགས་ན་འགྲིག ཨ་ཁུ་པཎ་དགས་གཉེན་སྒྲིག་ཐེངས་གཉིས་བྱས་མྱོང་། སྡེ་བའི་མི་ཡིས་ནམ་རྒྱུན་ཁོའི་གཉེན་སྒྲིག་ཐེངས་གཉིས་བྱས་པར་བཤད་རྒྱུ་མང་། “པཎ་དགའ། ཁྱོད་ཀྱི་འདུག་རོགས་གཉིས་ནང་ནས་ག་རེ་ཉལ་ཁྲིའི་ཐོག་གི་རྣམ་འགྱུར་ཡག” ཨ་ཁུ་པཎ་དགར་སུན་སྣང་མ་སྐྱེས། ཁོས་སྡོང་བོ་ཞིག་བཙལ་ཏེ་སྡོང་རྩར་བསྙེས་ནས་བསྡད། སྡོང་རྩེའི་ཁྭ་ཏས་མཆུ་ཏོ་འགུལ་ཙམ་གྱིས། ཀྭ་ཀྭ་ཞེས་པའི་སྒྲ་རླུང་གིས་ཁྱེར་ཏེ་སྡོང་བོའི་ཡལ་ག་ལས་འཁོར་ཞིང་། རླུང་ཤུགས་ཅུང་ཉམ་པའི་སྐབས་དེར་ཐོལ་དུ་ང་ཚོའི་རྣ་ལམ་དུ་ལྷུང་། གོ་ཡོང་ན་ཚོད་མི་ཐེག་པ་ཞིག་ཨེ་རེད། གང་ལྟར་སྐབས་དེར་ངས་དེ་ལྟར་དྲན་བྱུང་། དུས་འདིར་ཨ་ཁུ་པཎ་དགས་མགོ་བོ་ཡར་བཀྱགས་ཏེ། སྐད་ཆ་འདྲི་མཁན་གྱི་གྲོང་མིར་ལྟ་བཞིན། འབྲུ་ཚིག་རེ་རེས“ཉོན་དང་། སྡོང་བོ་སྟེང་གི་ཁྭ་ཏས་ཁྱོད་ལ་ལན་བཏབ་ཟིན།” “བརྒྱ་ལ་ཁྱོད་ཀྱིས་བརྡ་མ་འཕྲོད་ན་ལོ་ཙཱ་བ་ཞིག་ཉུག་ཏུ་སོང་།” “ལོ་ཙཱ་བ་ཞིག་བཙལ་དགོས་པ་ཡིན་ནམ་།” “འོ་ལས། ལོ་འདི་གར་ལོ་ཙཱ་བ་མང་པོ་ཡོད་རེད། ལྷག་པར་ཁྭ་ཏའི་སྐད་ཆ་ལོ་ཙཱ་བྱེད་ཐུབ་པའི་མྱི་ནུས་པ་ཅན།” ཨ་ཁུ་པཎ་དགས་རང་གི་ལན་བཏབ་པར་ཧ་ཅང་ཡིད་ཚིམས་འདུག ཁོས་བློ་བབས་ཡིད་ཚིམས་པའི་ངང་མིག་ཟུང་བཙུམས་ཤིང་ཁ་ཀྱོག་ཀྱོག་བྱས། དེ་ནི་ཟོས་ཚར་མ་ཐག་པའི་ཁ་ཟས་ཞིམ་པོ་ཞིག་རོལ་མྱོང་བྱས་པ་དང་འདྲ་ཞིང་། ཉལ་ཐུལ་འོག་གི་དོན་དག་དེའང་དྲན་ཡོད་པ་འདྲ། ཧེ་ཧེ། ཨ་ཁུ་པཎ་དགས་ཐོལ་གྱིས་མིག་ཟུང་འབྱེད་ནས་ང་ལ་བལྟས་སོང་།
མིག་ནང་དུ་རེ་བའི་འོད་ཀྱིས་ཁེངས་འདུག ཁོས་སྐད་གདངས་འདར་གྱིན། “གྲགས་པ། ངས་ཡང་བསྐྱལ་བཙལ་ན་འདོད” “ཅི། ད་རུང་གཅིག་བཙལ་ལམ། ཁྱོད་ལ་ད་རུང་གྱོང་རེག་མེད་དམ།” “མེད།” ངའི་ཨ་ཁུ་པཎ་དགའ། ངེད་གཉིས་བར་གཉེན་ཉེའི་འབྲེལ་བ་སྤུ་ཙམ་མེད། ཁོས་ང་ལ་བཤད་རྒྱུར“ཁྱོད་ནི་གྲོང་ཚོའི་རྩིས་གཉེར་རེད། ང་ལ་རྩིས་ཤིག་བརྒྱབ་རོགས། ལོ་ཚོད་ང་ཙམ་གྱིས། ལོ་དུ་ཅན་གྱི་བུད་མེད་ཆུང་མར་བླངས་ན་བཟང་ངམ།” ཁོས་སྐད་ཆ་འདི་བཤད་སྐབས། ལོ་བཞི་ཅུ་ཞེ་གསུམ་ལོན་ཚར། ངས་ཁོག་རྩིས་རྒྱག་ཁུལ་བྱས། “བཅོ་བརྒྱད་ཅན།” ཁོས་མགོ་གཡུག་གཡུག་དང་། ཁ་བགྲད་བགྲད་བྱས། མ་ནེའི་སྟེང་དུ་ཐར་ཐོར་སྐྱེས་པའི་སྨ་ར་དེ་སྐར་ཆ་བཞི་ཅུའང་མི་དགོས་པར་བརྩི་ཐུབ། ངས“འདི་ནི་མཐའ་མཇུག་གི་འབྲས་བུ་མིན། ད་རུང་རྩི་འོ”ཞེས་སྨྲས། ངས་མུ་མཐུད་དུ་ཁོག་རྩིས་བརྒྱབ། “སུམ་ཅུ་སོ་ལྔ།” ཨ་ཁུ་པཎ་དགར་སྤྲོ་སེམས་ཆེན་པོ་བརྟས་ནས། ལག་མགོར་དཀྲིས་པའི་ཕྲེང་བ་བླངས་ནས་མཎི་འདོན་སོང་། ཁོས་འདོན་པ་བཏོན་ན་དོན་བཟང་ཁོའི་ཕྱོགས་སུ་བཅར་ཡོང་བར་འདོད།
དེ་ནས་བཟུང་། ཨ་ཁུ་པཎ་དགས་གཟབ་ནན་ངང་གང་དུ་ཡུགས་མོ་ལོ་སོ་ལྔ་ཅན་ནམ། བཟའ་ཚང་ཁ་འཐོར་བའི་མོ་ཧྲེང་ཡོད་མེད་རྩད་བཅད། “པཎ་དགའ་ཁྱོད་ལ་ནད་ཕོག་པ་ཨེ་རེད། ངས་སྔ་མོ་ནས་ཁྱོད་ལ་ངོ་སྤྲོད་བྱ་འཆར་ཡོད། འོན་ཏེ་མོ་རང་ལོ་བཞི་ཅུ་རེད། ཁྱོད་ལ་ཆེས་འཚམ་པའི་གདམ་གསེས་མ་རེད། ཁྱོད་ཀྱིས་བལྟས་ན་ཅི་བྱེད།” ཨ་ཁུ་པཎ་དགས་འདི་ནི་ཁོ་རང་སྤྱད་དེ་སྤྲོད་སྐྱིད་མྱོང་བ་ག་ལ་ཤེས། ཁོས་ང་བཙལ་ཡོང་། ངས་རྩིས་གཞོང་གི་རྩིས་རྡེའུ་སྣོལ་ཚུལ་ལ་བལྟས། ངོ་ཅུང་གནོང་དགོས་པའི་བདེན་གཏམ་ཞིག་བཤད་ན། ངའི་འཐེན་སྒམ་ནང་དུ་རྩིས་རྒྱག་འཕྲུལ་ཆས་ཤིག་ཉར་ཡོད་མོད། ངས་རང་གི་འཇོན་ནུས་མངོན་ཆེད། ནམ་རྒྱུན་ཆེས་གནའ་བོའི་རྩིས་གཞོང་གིས་གྲོང་ཚོ་ཡི་རྩིས་རྒྱག་པ་ཡིན། རྗེས་སུ་ཡང་ལྐོག་ལྐོག་སུད་སུད་ཀྱིས་རྩིས་རྒྱག་འཕྲུལ་ཆས་ཀྱིས་ཞིབ་བསྡུར་ཐེངས་གཅིག་བྱེད་ཀྱིན་ཡོད། ངས་གང་བྱུང་དུ་རྩིས་བརྒྱབ། ཨ་ཁུ་པཎ་དགས་ཁ་ཁུ་སིམ་མེར་ངས་རྩིས་གཞོང་གི་རྩིས་རྡོའུ་དག་མུ་ཏིག་ཕྲེང་བའི་ཕྲེང་ཐག་ཆད་པ་ལྟར་སྣོལ་བའི་ངང་ཚུལ་ལ་བལྟས། གྲོང་ཚོའི་ཨུ་ཡོན་གྱི་གཞུང་ལས་ཁང་ནི་ཉམ་ཐག་ཆད་པོ་ཡོད། ཨ་ཁུ་པཎ་དགའ་ཆད་པ་བཅད་པའི་སློབ་མ་ཞིག་ལྟར་ངའི་མདུན་དུ་ལངས། ལུས་ཐོག་གི་ལྭ་རིང་ནི་ད་སོ་མ་བརྗེས་པར་མངོན་གསལ་རེད། ངས་ཁོའི་ཆས་ལུགས་ལ་བལྟས་མ་ཐག དོན་ཆེན་ཞིག་ང་ལ་བཤད་རྒྱུ་ཡོད་པ་སེམས་ཐག་རེད། ངས་རྩིས་བརྒྱབ་མཚམས་བཞག་ཏེ་ཁོང་ལ་བལྟས་དུས། ཨ་ཁུ་པཎ་དགས་ང་ལ“རྩིས་པ་གྲགས་པ། ངས་ཁྱོད་ལ་སྐད་ཆ་བཤད་ཨེ་ཆོག “ངས་མགོ་བོ་ལྡེམ་ལྡེམ་བྱེད་ཀྱིན་ཆེད་དུ་ངོ་གདོང་ལས་སུན་སྣང་གི་རྣམ་འགྱུར་ཞིག་སྟོན་པ་ཡིན།
ཨ་ཁུ་པཎ་དགས“ཁྱོད་ཀྱིས་ང་ལ་རྩིས་བརྒྱབ་སྟེ། ངས་རྒས་མོ་ལོ་སུམ་ཅུ་སོ་ལྔ་ཅན་བཙལ་ན་བཟང་ཟེར། འོན་ཏེ་མི་ཞིག་གིས་ང་ལ་ལོ་བཞི་ཅུ་ཅན་ངོ་སྤྲོད་བྱེད་ཀྱིན་འདུག ཁྱོས་ཟེར་ན་ངས་ཅི་བྱས་ན་བཟང་།”
ངས་ཐོལ་དུ་ཨ་ཁུ་པཎ་དགས་ཐེ་ཚོམ་ཆེ་བའི་མིག་མདངས་ཀྱིས་ང་ལ་ལྟ་བཞིན་པ་ཚོར་བས། ངས་དེ་མ་ཐག་ཤེས་སོང་། ཁོས་ང་ལ་རྩིས་བརྒྱབ་པའི་མཇུག་འབྲས་བཅོས་བསྒྱུར་བྱེད་དུ་འཇུག་འདོད་པ་རེད། གལ་ཏེ་ངས་མ་བསྒྱུར་ན་གྲངས་ཀ་དེས་ཁོ་ཐོག་མཐའ་བར་གསུམ་དུ་བསྡམས་ནས་སེམས་ན་རུ་འཇུག་སྲིད།
འདི་ལྟར་དྲན་དུས། ངས་སྤམ་མེ་སྤོམ་མེས་མགོ་བོ་འཕྲུག་ཙམ་གྱིས“ཕལ་ཆེ་ངས་བརྩིས་ནོར་བྱས་པ་རེད། ངས་ཡང་བསྐྱར་ཁྱོད་ལ་བརྩི་ཞིག་བརྒྱབ་ཆོག”ཅེས་བཤད།
ངས་རྩིས་རྡེའུ་སྣོལ་གྱིན་མཇུག་མཐའ་རྩིས་གཞོང་དུ་རྩིས་རྡེའུ་བཞི་སྣོན་ཞིང་ཟུར་ཁ་སྟོང་བ་རུ་བཏང་། ངས་ཐོལ་དུ་ཀླད་པར་རྡེབ་གྱིན“ཨ་ཙི། དྲན་པ་མི་གསལ་བར་གྱུར་འདུག དངོས་གནས་བརྩིས་ནོར་རེད་སོང་བ་མ་ཤེས། ཨ་ཁུ་བཞི་ཅུ་ཡག་ཤོས་རེད” ཅེས་བཟློས་པ་ཡིན།
ཨ་ཁུ་པཎ་དགའ་དམག་དཔོན་གྱི་བཀའ་འབྱོར་བ་ལྟར་གདོང་བར་ཐོལ་གྱིས་སྔར་མེད་པའི་གཟབ་ནན་ཞིག་མངོན་འདུག ཉམས་འགྱུར་དེ་རྩ་བ་ནས་མ་ཡལ་སྔོན་ཁོས་གོམ་ཞག་མགྱོགས་མྱུར་གྱིས་སྤོས་ཏེ་ཁ་མང་ཅན་གྱི་མི་དེ་བཙལ་དུ་བུད་སོང་། ཁོའང་ང་ཚོའི་གྲོང་ཚོའི་ནང་གི་མི་རེད། ཨ་ཁུ་པཎ་དགའ་ཁོང་ཚང་གི་སྒོ་མདུན་དུ་ལངས་ཏེ། འདུན་གྱི་རྡོས་བརྩིགས་ཐོག་ཁང་ནི་དགྲ་བོའི་བཙན་མཁར་རུ་སྒོམ་ཡོད་པ་འདྲ། དེའང་མིན་ཏེ་ཁོ་རེ་བས་ཁེངས་ཤིང་ཁུ་ཚུར་དམ་པོ་བསྡམས་ཡོད། ལག་ཟུང་དུ་ཁོང་གི་ལས་དབང་འཇུས་ཡོད་དམ་སྙམ་འོང་། ཁོས་མི་དེའི་མིང་ནས་བཟུང་སྟེ་བསྟུད་མར་བོས་པས་གྲོང་མི་མང་པོས་ཐོས་སོང་། གྲོང་མི་ཚོས་ད་པཎ་དགས་མི་སྒྲུབ་པའི་དོན་ཅི་ཡོད། པཎ་དགའ་གཟའ་རོ། པཎ་དགའ་སྨྱོན་པ། པཎ་དགའི་སེམས་སམ་ཀླད་པར་བུ་ག་ཅི་འདྲ་བུག་ཡོད་པ་སུས་ཤེས། དེ་བས་སུས་ཀྱང་སྐད་ཆ་ཁ་ཤས་ཀྱིས་པཎ་དགའ་ལ་དོན་དག་གསལ་བཤད་བྱ་མི་ཐུབ། འདི་ལྟར་གྱིས། ངའི་ཨ་ཁུ་པཎ་དགའ་མི་དེའི་མདུན་དུ་ལངས། ཨ་ཁུ་པཎ་དགས་སྐད་ཆ་མ་བཤད། སྐབས་འདིར་སྐད་ཆ་མ་བཤད་ཀྱང་ཁོའི་བསམ་ཚུལ་རྟོགས་ཐུབ།
“པཎ་དགའ་ངས་བཤད། ཁྱོད་ཀྱིས་བུད་མེད་དེ་དང་འགྲོགས་པའི་སེམས་ཐག་བཅད་ཚར་རམ།”
ཨ་ཁུ་པཎ་དགས་མགོ་བོ་ལྡེམ་ལྡེམ་བྱེད་ཀྱིན་ཁ་ཆེ་རུ་གདངས།
“རེད་དེ་གཞན་གྱིས་ཁྱོད་ལ་དོགས་པ་འདུག”
ཨ་ཁུ་པཎ་དགས་སྔར་བཞིན་ཁ་གདངས་ནས་རླུང་གང་བྱུང་དུ་ཁ་ནང་འཛུལ་དུ་བཅུག
མི་དེས་ཁོའི་ཕུ་ཐུང་ནས་འཇུས་ཏེ“ཁྱོད་ཀྱིས་ངའི་དྲི་བར་དྲང་མོར་ལན་བཏབ་ན། ངས་ཁྱོད་ལ་ད་བཟོད་རོགས་པ་བརྒྱབ་ཐུབ། གོ་བ་ལོན་ཨེ་སོང་།” ཨ་ཁུ་པཎ་དགས་རླུང་ཁམ་གང་མིད་ཅིང་མགོ་བོ་ལྡེམ་ཙམ་བྱས། “ཁྱོད་དང་འདུག་རོགས་སྔོན་མར་ཨ་ཉོག་མེད་དོན་ཅི་རེད།” ཨ་ཁུ་པཎ་དགས་ཁ་མ་གྲགས།“ཁྱོད་དང་འདུག་རོགས་རྗེས་མར་བུ་ཞིག་སྐྱེས་པ་དེ་ཁྱོད་ཀྱི་ཨེ་རེད།”
ཨ་ཁུ་པཎ་དགའ་ལ་ཐོལ་དུ་ཕོག་ཐུག་སོང་བ་ལྟར་ཁ་བསྐོར་ནས་ངའི་ཕྱོགས་སུ་གོམ་ཞག་ཆེན་པོས་ཐོན་སོང་། ཁོས་མི་དེ་རྒྱབ་ལོག་ཏུ་བསྐྱུར་ཅིང་ལྟག་ཁས་མི་དེ་ལ་མཐོང་ཆུང་བྱས། དེ་བཞིན་ཁོས་མི་བཞི་ལྔ་བརྒྱུད་ནས་ཡོང་སྐབས། རྒྱབ་ལོག་ཏུ་ནུར་པའི་མི་མགོ་ནི་གཡོ་འགུལ་བྱ་བའི་ཚོད་དཀར་ལས་མ་འདས། མི་ཚོས་འབྱིན་ཡོང་བའི་སྐད་སྒྲ་ཁོའི་ལྟག་ཁས་བཀག་ནས་ཡོད། ངས་ཨ་ཁུ་པཎ་དགར་བལྟས་དུས། མགོ་བོ་དགྱེ་སྟེ་ཕུང་པོ་བོར་བའི་རྣམ་ཤེས་ཁེར་འཁྱམས་ལྟར། སྐྱོ་སྣང་ཆེན་པོས་མནར་འདུག གོམ་པ་ཁ་ཤས་སོང་ན་འཐོར་འགྲོ་བ་འདྲ། འཐོར་ཚར་ན་རླུང་གིས་ས་ཁྱབ་རྡོ་ཁྱབ་གྱུར་འགྲོ། ངས་ཨ་ཁུ་པཎ་དགའ་གང་དུ་འགྲོ་བ་ལོས་ཤེས། ཨ་ཁུ་པཎ་དགའ་ཟོག་ལྷས་གཅིག སྔོ་ཚོད་ཀྱི་ལྡོམ་ར་གཉིས། ལུག་ལྷས་གསུམ་བརྒྱུད་ནས་སོང་། ལམ་འདི་ཁོ་ལ་མཚོན་ན་རྒྱུས་མངའ་ཧ་ཅང་ཆེ། ལམ་འགྲམ་གྱི་སྦྱར་སྡོང་གཅིག་གིས་ཁོ་ལ་སྒུག་བཞིན་པའི་སྒང་ཡིན།
…… ཁོས་ཐོད་པ་སྡོང་བོ་ལ་གཏུགས་ཏེ་ངུས་སོང་། དོན་དག་ཅི་ཞིག་བྱུང་ངམ་སྙམ་ན་ངས་ཁྱོད་ལ་བཤད། འདིའང་གསང་བ་ཞིག་མ་རེད། གྲོང་མི་ཚང་མས་ཤེས་ཏེ། ཨ་ཁུ་པཎ་དགའ་ལོ་བཅོ་ལྔར་སོན་དུས་ཨ་མ་ཚེ་ལས་འདས། བཤད་ནའང་མཚར་པོ་རེད། དེ་ནས་བཟུང་ཁོས་སྡོང་བོའི་བུ་ག་ལ་གཏད་དེ་སྐད་ཆ་བཤད་ན་ཨ་མས་ཐོས་ཐུབ་པར་འདོད། ཨ་ཁུ་པཎ་དགའ་སྐབས་དེར་གཟུགས་རིང་བོ་མ་རེད། དེ་བས་ཁོས་ངོས་འཛིན་བྱས་པའི་སྡོང་འོག་ཏུ་སོ་ཕག་དྲུག་བཞག་ཡོད། ཁོ་དེའི་ཐོག་ཏུ་ལངས་ནས་སྡོང་བོའི་བུ་ག་ནི་ཨ་མའི་རྣ་ཅོག་ཡིན་པ་བཞིན་སྙིང་གཏམ་བཤད། ཁོའི་ཨ་ཕས།“གཟའ་རོ། ཁྱོད་ཀྱི་ཨ་མ་སྔར་ནས་སྐྱེ་བ་འཕོས་ཚར་བ་རེད། ཁྱོད་ཀྱིས་གླེན་རྟགས་མ་སྟོན་རོགས། གཞན་གྱིས་ཁྱོད་ལ་ལྟ་ཚུལ་འཛིན་འོང་། རྗེས་སུ་བུད་མེད་སུ་ཡིན་ནའང་ཁྱོད་སར་མནའ་མ་ཡོང་མི་སྲིད།” ཨ་ཁུ་པཎ་དགའ་དེ་དུས་ནས་གྱོང་པོ་ཡོད་པས། ཁོས་སེམས་ནས་རྣ་བ་བཀབ་སྟེ་ཨ་ཕའི་ཁ་ཏར་རྩ་བ་ནས་མ་ཉན།
“ཁོའི་ཚིག་གཅིག་ཀྱང་རྣ་ལ་འགྲོ་བ་མི་འདུག”
“ཁོས་རྒྱུན་དུ་ང་རང་གཟའ་རོ་ཞིག་ཏུ་བརྩིས། ང་རང་གཟའ་རོ་རེད་དམ།”
“ཁོས་ང་ལ་ལྟ་དུས་ཀྱང་མིག་ཟུར་ཁོ་ནས་བལྟས་ཡོང་་།”
“ཁོས་མྱི་སུ་ལས་ཀྱང་ང་ལ་མཐོང་ཆུང་བྱེད་ཅིང་ང་ལ་སྡང་།” ཨ་ཁུ་པཎ་དགས་སྐད་ཆ་འདི་དག་སྡོང་བོའི་བུ་ག་ལ་གཏད་དེ་བཤད་ལོས་དགོས། རིམ་བཞིན་ཁོའི་རྐང་འོག་གི་སོ་ཕག་ཇེ་ཉུང་ནས་ཇེ་ཉུང་དུ་གྱུར། སོ་ཕག་དྲུག ལྔ། གཅིག མཐར་སོ་ཕག་མཁོ་སྤྱོད་མི་དགོས། ལྟོས་དང་ཁོ་སྡོང་འོག་ཏུ་ལངས་སྐབས་རྐང་འོག་ཏུ་སོ་ཕག་གཅིག་ཀྱང་ལྷག་མེད། ཁོས་ལག་མཐིལ་ལྟར་ཆེ་བའི་སྡོང་བོའི་བུ་ག་ལ་བལྟས་ཚེ་དངོས་གནས་མི་ཞིག་གི་རྣ་བ་དང་ཧ་ཅང་མཚུངས། ……ཨ་ཁུ་པཎ་དགའ་མིག་ཆུ་ཉིལ་ཉིལ། ཁོའི་གྲེ་བའང་ཐོལ་དུ་འཛེར་བར་གྱུར། མིག་ཆུ་ཐིགས་པ་རེ་རེ་ཁོའི་གདོང་བ་བརྒྱུད་ནས་ཐར་ཐོར་གྱིས་ས་ལ་ལྷུང་། “ཨ་མ། ཁོ་ཚོས་ཨ་ཉོག་དེ་ངའི་མ་རེད་བསམ་གྱིན་འདུག ནག་མོ་དེས་ང་བསྐྱུར་ནས་འགྲོ་དུས་ཀྱང་དེ་ལྟར་བཤད་སོང་། འོ་ན། ང་གཅིག་པུས་མ་ཤེས་པ་རེད་དམ། ཁྱོད་ཀྱིས་ང་ལ་གནས་ཚུལ་ངོ་མ་བཤད་རོགས།” ཨ་ཁུ་པཎ་དགས་སྐད་ཆ་འདི་བསྐྱར་ཟློས་ཡང་ཡང་བྱས། སྐད་ཆ་དེ་སྡོང་བོའི་ཁོག་ཏུ་ཁྱབ་པས་འུར་འུར་གྱི་སྒྲ་ཞིག་འབྱིན་ཡོང་། ཁོ་རང་སྒྲ་འདིས་བསླུ་བྲིད་ཐེབས་པ་བཞིན་མུ་རུ་སྡོང་བོའི་བུ་ག་ལ་གཏད་དེ་སྐད་ཅོར་བརྒྱབ། སྡོང་བོས་རླུང་ཁྲོད་ནས་ལྗང་མདོག་གི་ལོ་མ་གཡུག་གིན་ཡོད། “ཧྲའ་ཧྲའ་ཧྲའ།”འཕྱ་སྨོད་ཁྲོད་ཡོད་ཚད་ཀྱིས་ཁ་ཕྱིར་འཁོར་ནས་ཁོ་ལ་རྒྱབ་གཏད་བྱས་ཡོད་པ་འདྲ། ཨ་ཁུ་པཎ་དགའི་ཀླད་པའི་ནང་ནས་བྱ་དངོས་ཡོད་དགུ་ཟང་ངེ་ཟིང་ངེར་གྱུར། ཁོ་རང་ཉིད་ཀྱང་རང་ལུས་ཀྱི་བུ་གའི་ནང་དུ་ལྷུངས།
ཨ་ཙི། ངས་དོན་དངོས་སུ་ཁོའི་ལུས་ཐོག་གི་བུ་ག་དེ་སེམས་ལ་ཡོད་དམ། ཀླད་པ་རུ་ཡོད་པ་མི་ཤེས། འོན་ཏེ་ཚོད་ཐེག་པ་ནི་ཨ་ཁུ་པཎ་དགའ་དོན་འདི་རྐྱེན་བྱས་ཏེ་ཁ་གྱེས་པ་མ་རེད། འོ་ན་རྒྱུ་རྐྱེན་ཅི་ཞིག་ཡིན་ནམ། འདི་དངོས་གནས་བཤད་དཀའ། གྲོང་ཚོའི་ཀྲུའུ་རེན་གྱིས་ཀྱང་ཐེངས་མང་པོར་འོལ་ཚོད་བྱས་མྱོང་མོད། ཁོ་ལ་དོན་འདི་དེ་ལྟར་ཡིན་ནམ་སྙམ་པའི་སེམས་ཚོར་ཐེངས་གཅིག་ཀྱང་བསྐྱེད་མ་མྱོང་། ཁོས་དུ་བ་འཐེན་དུས་མཚམས་མཚམས་སུ་མཛུབ་མོ་དུ་མགོས་བསྲེགས་འགྲོ། མིག་ཟུར་གྱི་མིག་སྐྱག་ཡུན་རིང་ལ་གཙང་མ་མ་བྱས་པས་དེ་གར་སྐམ་འདུག ཨ་ཙི་ཙི། གྲོང་ཚོའི་ཀྲུའུ་རེན་གྱིས་མིག་ཟུར་གྱི་མིག་སྐྱག་གཙང་མ་མ་བྱས་ཚུལ་ལ་བགད་ནས་མི་འདུག ཨ་ཁུ་པཎ་དགའ་ཇི་ལྟར་བོར་སོང་ཚུལ་བཤད། ཉིན་དེར་ཨ་ཁུ་པཎ་དགའ་བུད་སོང་བ་ཐོག་མ་མཐོང་མཁན་ང་ཡིན། ངས་ཉིན་རྒྱུན་ལྟར་ཞོ་ཕོར་གང་འཐུང་རྗེས། གྲོང་ཚོའི་ནང་ནས་འཆམ་འཆམ་བྱས། རྒྱུ་རྐྱེན་མི་གསལ་མོད། ང་ཨ་ཁུ་པཎ་དགའ་ཚང་དུ་འབྱོར་དུས་ར་སྒོ་ཕྱེས་འདུག་པས་ནང་དུ་འཛུལ་བས། ཁོའི་ཁང་སྒོའང་ཕྱེས་ཡོད་པ་མཐོང་། ཅོག་ཙེའི་སྟེང་གི་ཚ་དམ་འགྱེལ་ཏེ་ཁ་ལེབ་ས་ལ་འགྲིལ་འདུག ང་བྱང་གདན་སྟེང་དུ་བསྡད་ནས་དུས་ཚོད་གཅིག་ཙམ་ལ་བསྒུགས། དུས་ཚོད་འདིའི་ནང་ཨ་ཁུ་པཎ་དགའི་ཟོག་བཞི་ཚུར་འཁོར་ནས་གོམས་ལོབས་གྱུར་པའི་ལྷས་རར་འཛུལ། རེད་དེ་འོ་མ་བཞོ་བའི་མི་ད་རུང་ཚུར་ལོག་མ་ཡོང་།
ཨ་ཁུ་པཎ་དགའི་གཏམ་ལྟར་སྨྲས་ན། ཟོག་འདི་ཚོ་ནི་གཞི་བདག་གི་སྒོ་ཕྱུག་རེད་ཟེར། ང་ཚོས་གནས་སྐབས་སུ་འཚོ་སྐྱོང་བྱས་ནས་ཁེ་ཕན་ལེན་གྱིན་ཡོད། མདོར་བསྒྲིལ་ན་ང་ཚོས་གཞི་བདག་ལ་ཞོར་ལས་བྱས་པ་རེད། ཉིན་དེའི་དགོང་མོར་བསླེབས་ཀྱང་ཨ་ཁུ་པཎ་དགའ་ཡུལ་དུ་ལོག་མ་ཡོང་། ངས་ཁོ་ལོ་བཞི་ཅུ་ཅན་གྱི་བུད་མེད་བཙལ་དུ་སོང་བར་འོལ་ཚོད་བྱས། འོན་ཏེ་ཉིན་གཉིས་པར་ཨ་ཁུ་པཎ་དགའ་སྔར་བཞིན་གོ་རིག་མེད། ཟོག་བཞི་ནི་གོམས་ལོབས་སུ་གྱུར་པའི་དུས་ཚོད་ནང་རང་འགུལ་གྱིས་རི་ལ་འགོས་ནས་རྩྭ་བཟའ་རུ་བུད་སོང་། མཚན་མོར་ཡང་ཚུར་ལོག་ཡོང་། ཕར་འགྲོ་ཚུར་འོང་གི་ཁྲོད་ནས་ཡང་ཉིན་གཉིས་འགོར་སོང་། ཨ་ཁུ་པཎ་དགའ་སྔར་བཞིན་ཚུར་ལོག་མ་ཡོང་། ང་རང་སྐྲག་ཐག་ཆོད་ནས་གྲོང་ཚོའི་ཀྲུའུ་རེན་ལ་ཨ་ཁུ་པཎ་དགའི་གནས་ཚུལ་སྙན་སེང་ཞུས།
“མི་གསོན་པོ་ཞིག་མཐོང་རྒྱུ་མི་འདུག་ཟེར་ན་མཐོང་རྒྱུ་མེད་པར་ཅི་རེད།”
“འོ་ན། ཁོ་རང་གཞི་བདག་གིས་ཁྲིད་སོང་ངམ།”
“ཡང་ན། ཁོ་རང་གཙང་པོས་ཁུར་སོང་ངམ།”
“གྲོག་གཟར་རུ་ལྷུང་སོང་ངམ།”
“མྱི་ཞིག་གིས་རང་ཉིད་ཀྱི་སྒོ་ཕྱུགས་དང་ནས་ཞིང་བསྐྱུར་སྲོལ་མི་འདུག གཟའ་རོ་ཞིག་ཡིན་ན་མ་གཏོགས།”
“རེད་ཡ། པཎ་དགའ་ནི་གཟའ་རོ་ཞིག་རེད།”
“ཁྱོད་ཚོས་ཤོད་དང་གཟའ་རོ་འདི་དོན་དངོས་སུ་གང་ལ་བུད་སོང་།”
གྲོང་ཚོའི་ཀྲུའུ་རེན་གྱིས་བསྟུད་མར་སྐད་ཆ་བདུན་བཤད་ཅིང་སྐད་ཆ་བརྒྱད་པ་བཤད་གྲབས་བྱ་དུས། གྲོང་མི་ཚོས་གཅིག་རྗེས་གཉིས་མཐུད་ནས་འོལ་ཚོད་ཀྱིས་སྐད་ཆ་ལབ་མགོ་བརྩམས། ཁ་ཆུ་མཁའ་དབུགས་ཁྲོད་ནས་ལྷོག་ལྷོག་ཏུ་རྒྱུ་ཀྱིན་པ་འདྲ། གྲོང་ཚོའི་ཀྲུའུ་རེན་གྱིས་ལག་པ་གཡུག་ཙམ་བྱས་ཏེ་བཤད་མཚམས་དགོས་པའི་བརྡ་སྟོན་པས་ཁ་ཆུའང་རྒྱུ་མཚམས་བཞག་ཅིང་མྱུར་དུ་མཁའ་དབུགས་ཁྲོད་དུ་འཁེངས། གྲོང་ཚོའི་ཀྲུའུ་རེན་གྱིས་བཀའ་གནང་ཞིང་ཁོའི་སྐད་ཆ་ནི་དར་འཁེགས་འོག་གི་རླབས་རྒྱུན་དར་ལ་རྡེབ་པ་དང་འདྲའོ།། ཀྲུའུ་རེན་གྱི་སྐད་ཆའི་ནང་དོན་ནི“ཁ་བགོས་ཏེ་ཆུ་འགྲམ་དང་རི་ལུང་། ཐག་ཉེ་བའི་གྲོང་ཚོ་རེ་རེ་བཞིན་འཚོལ་དུ་སོང་ནས་ཅིས་ཀྱང་ཨ་ཁུ་པཎ་དགའ་རྙེད་དགོས་ཞེས་པའོ།།” “མི་ཁ་ཤས་གདམ་དགོས་ཏེ་མིག་ཤེད་བཟང་བ་ཅན། གཟུགས་པོ་ཡག་པོ་ཅན། བློ་སྤོབས་ཆེ་བ་ཅན། སེམས་ཞིབ་ཕྲ་ཅན། ཁ་བདེ་ལྕེ་རྣོ་ཅན་ཡིན་ན་བཟང”ཟེར་བས། གྲོང་མི་ཚོས་རང་རང་གི་རྒྱུས་མངའ་ཡོད་པའི་མི་ཡག་ཤོས་བཤད་མགོ་ཚུགས། ངས་ཟིན་ཐོ་བཀོད་པ་ལྟར་ན། སྡོམ་པས་མི་བརྒྱད་བདམས་ཡོད་དེ། ཚང་མ་ཁྱིམ་སོ་མ་འཛིན་པའི་སྐྱེས་པ་རེད། དེའི་ནང་དུ་ངའང་ཡོད། ལམ་ལ་མ་ཆས་སྔོན་གྲོང་ཚོའི་ཀྲུའུ་རེན་གྱིས་ཡང་དུ“གཟའ་རོ་དེ་ངེས་པར་དུ་བཙལ་ཐུབ་དགོས། ད་ལྟ་གར་སོང་ཆ་མེད་དུ་གྱུར་བའི་མི་འབོར་སྤྱི་བདེར་སྙན་སེང་ཞུ་ན་སྔ་ཡོད། ཁྱོད་ཚོ་བརྒྱད་པོས་གྲོང་མིའི་རེ་བ་སྟོང་ཟད་དུ་མ་གཏོང་ཨ།”ཞེས་ཁོས“ཨ”སྒྲ་ཧ་ཅང་རིང་བོར་འཐེན་པས་འཇུག་སྒྲ་ཡལ་མེད་ནའང་ང་ཚོ་སོ་སོས་ལས་བགོས་ལྟར་འཚོལ་དུ་སོང་།
སྐད་ཆ་དྲང་མོ་ཞིག་བཤད་ན་ང་ཚོ་བརྒྱད་པོས་ཐེངས་འདིར་ཨ་ཁུ་པཎ་དགའ་བཙལ་ཐུབ་སྣང་མ་འཆར། ལམ་མདོར་བསླེབས་དུས་ཚང་མ་ཕན་ཚུན་ལ་གྱེས་ཚིག་ཕུལ་ནས་བུད་སོང་། “ད་འགྲོ་ཡིན། འགྲོ་ཡིན། བཀྲ་ཤིས་བདེ་ལེགས། བཀྲ་ཤིས་བདེ་ལེགས།”ང་ཚོ་ལས་དབང་གིས་སྣ་ཁྲིད་འོག་འགྲོ་བཞིན་པ་དང་འདྲ། ངས་ཀྱང་དོན་དངོས་ཐོག་རང་ཉིད་ཟོག་རྭ་ཆེན་པོ་ཞིག་གི་ནང་དུ་འཛུལ་གྱིན་ཡོད་པར་སྙམ། ངའི་རྐང་བ་གཟེར་གྱིན་འདུག ངས་ཁ་ལྕེ་མ་སྐམ་བར་དུ་གཞན་ལ་དྲིས་ཀྱང་ཨ་ཁུ་པཎ་དགའ་མཐོང་མྱོང་བའི་མི་གཅིག་ཀྱང་མི་འདུག ང་རང་ཁོའི་ཆུང་མ་དང་པོ་སར་སོང་། མོ་དང་ཨ་ཁུ་པཎ་དགའ་ལོ་ངོ་བཞི་ལ་མཉམ་དུ་བསྡད་མྱོང་། མོས་བཤད་རྒྱུར། “གཟའ་རོ་དེ་བོར་སོང་ན་བོར་སོང་། མི་སེམས་བདེ་རུ་བཅུག་པ་རེད”ཟེར། དེ་ནས་མོས་གོས་འཁྲུད་འཕྲུལ་ཆས་ནང་དུ་ཆུ་བླུགས་ཤིང་འདག་ཕྱེ་བཏབ། གོས་འཁྲུད་འཕྲུལ་ཆས་ཀྱི་ལྡིར་སྒྲའི་ཁྲོད་ང་ལ་ཁ་ཡ་མ་བྱས། ངའང་ཁོའི་ཆུང་མ་གཉིས་པ་སར་སོང་། ཁོ་གཉིས་ལོ་བདུན་ལ་འཚོ་བ་མཉམ་རོལ་བྱས་མྱོང་། “ཅི་ཟེར་། ཁྱོད་ཀྱིས་མོ་ཟེར་རམ། ནག་མོ་དེ་སྔ་མོ་ནས་གནས་སྤོས་སོང་། མོའི་འདུག་རོགས་ལ་སྒོར་མོ་ཡོད་པས་ས་ཆ་བཟང་བོ་ཞིག་ལ་གནས་སྤོས་ཚར། སུ་ཞིག་དབུལ་ཕོངས་ཀྱི་ས་འདིར་བསྡད་ནས་སྡུག་མྱོང་སྲིད”ཅེས་ཚོང་ཁང་ཆུང་ཆུང་གི་བདག་མོས་ཀུབ་འབྲུ་མུར་གྱིན་ང་ལ་བཤད། ཉིན་ལྔའི་རྗེས་སུ་ང་ཚོ་རེ་རེ་བཞིན་ཡིད་ཐང་ཆད་ནས་ཚུར་ཡོང་སྟེ་རང་རང་གི་མཐོང་ཐོས་བཤད།
གྲོང་ཚོའི་ཀྲུའུ་རེན་ཧ་ཅང་ཡིད་ཆད་འདུག འོན་ཀྱང་ཡིད་ཆད་པ་དང་གཤེ་གཤེ་གཏོང་བ་ལས་ཁོས་གཞན་ཅི་བྱེད་ཐུབ་བམ། གྲོང་ཚོའི་ཀྲུའུ་རེན་མངོན་གསལ་དོད་པོར་ཇེ་རིད་དུ་གྱུར་ལ། མིག་ཟུར་གྱི་མིག་སྐྱག་ཀྱང་ཇེ་མང་གྱུར་འདུག གྲོང་ཚོའི་ཀྲུའུ་རེན་གྱི་མིག་སྐྱག་མི་བཤད་རྒྱུ་བྱས་ཚར་བས། ད་མི་བཤད་པར་བྱ། ང་རང་གྲོང་ཚོར་ཕྱིར་ལོག་རྗེས་གྱི་གནས་ཚུལ་བཤད་རྒྱུ་བྱ། ཉིན་དེ་དག་ལ་ངས་དངོས་གནས་ཅི་ཞིག་བྱེད་དགོས་པའང་མ་ཤེས། ང་རང་མལ་ཁྲིའི་སྟེང་དུ་ཉལ་བསྡད། ཨ་ཕ་དང་ཨ་མས་མ་ཎི་འཁོར་ལོ་སྐོར་གྱིན་དབུགས་རིང་འབྱིན། ངའི་ཨ་ཅེ་མ་གཞི་ཁྱིམ་གྱི་རྟེན་ས་ཡིན་པས་མོས་ང་ལ“གྲགས་པ། སེམས་མ་སྡུག ངས་གྲོང་ཚོ་འདིའི་ནང་ཁྱོད་ནི་ཨ་ཁུ་པཎ་དགའི་གྲོགས་བཟང་ཡིན་ལ་ལོ་བསྐྱུར་གྱི་མནའ་ཡ་ཡིན་པའང་ཤེས། འོན་ཏེ་ཁྱོད་ཀྱིས་ཤེས་གསལ་ལྟར་ཁོ་ནི་གཟའ་རོ་ཞིག་རེད། གཟའ་རོ་འཁྲུལ་མེད་ཅིག་རེད། སུ་ཡིས་ཁོའི་བུ་ག་ཡོད་པའི་ཀླད་པ་ནས་བསམ་ཚུལ་ཅི་ཞིག་སྨིན་ཡོང་བ་ཤེས། དེའི་རྐྱེན་ང་ཚོས་བཟང་ཕྱོགས་སུ་བསམ་བློ་གཏོང་ན་འགྲིག”ཟེར། ཇི་ཙམ་འདི་ལྟར་ལུས་ན་དེ་ཙམ་གྱིས་སེམས་ཁྲལ་ཆེ། དེ་མིན་ནམ། སྐད་ངན་ནི་བསམ་མེད་ཚོར་མེད་དུ་ཐོན་ཡོང་། མི་ཞིག་གིས“ཨ་ཁུ་པཎ་དགའི་ཕུང་བོ་རྙེད་སོང”ཟེར། གནམ་རྒན་མ་གྲོང་ཚོའི་ཀྲུའུ་རེན་གྱིས་གནས་ཚུལ་འདི་ཐོས་རྗེས་འཇབ་རྡོ་ཕོག་པ་ལྟར་སེམས་ཉོབ་པར་གྱུར།
“གང་ནས་རྙེད་པ་རེད།”
“ང་ཚོའི་གྲོང་སྡེ་ཡི་རི་མགོ་ནས་མཐོང་བ་ཡིན། རི་མགོ་ནས་མར་འགྲིལ་ཡོང་བ་མངོན་གསལ་རེད། ངོ་རལ་ཚར་བས་ངོས་འཛིན་དཀའ་མོ་འདུག རེད་དེ་ང་ཚོས་ཁྱེད་ཚོའི་སྡེ་བའི་པཎ་དགའ་ཡིན་པར་ཡིད་ཆེས་ཡོད།”
“པཎ་དགའ་ཨང་།”
“འོ། ཁོ་རང་རེད་གདའ།”
“ཅི་ལྟར་ཤེས་སམ།”
“གྱོན་ཆས་དང་གཟུགས་ཚད་ལས།”
“གྱོན་ཆས་དང་གཟུགས་ཚད་མཉམ་པའི་མི་མང་པོ་ཡོད་རེད། འདི་ལྟར་ཁ་མཚོན་བཅད་ཕོད་པ་ཅི་ཡིན།”
དོན་དངོས་སུ་གྲོང་ཚོའི་ཀྲུའུ་རེན་གྱིས་བཤད་པ་ལྟར་པཎ་དགའ་མ་རེད། ཨ་ཁུ་པཎ་དགར་ལག་པ་གཡོན་མའི་མཛུབ་ཆུང་མེད། རེད་དེ་མི་འདི་ལ་མཛུབ་མོ་བཅུ་ཁ་ཚང་འདུག གྲོང་ཚོའི་ཀྲུའུ་རེན་གྱིས་དབུགས་རིང་ཞིག་འབྱིན་ནས་ཤི་བོ་ལ་མ་ཎི་ཁ་ཤས་བསྔོས་རྗེས། དེའི་རྗེས་ཁོས་རང་ཉིད་གྲོང་ཚོའི་ཕྱི་རུ་བསྐྱེལ་མཁན་གྱི་ངག་ཁྱེར་ཕོ་ཉ་དེ་ལ་ཨ་ཁུ་པཎ་དགའི་མཛུབ་ཆུང་ཆད་སྟངས་བཤད། མཛུབ་ཆུང་ཆད་ཚུལ་དེའང་ཧ་ཅང་མཚར་པོ་རེད། དོན་འདིའི་རིགས་ལ“ཨང་ཀིའི་ཀླད་པ་ཅན”ང་ལ་མཚོན་ན་ཚོར་བ་སྐྱེན་པོ་འདུག མཚར་སྣང་མ་བསྐྱེད། ང་ནི་རྩིས་གཉེར་པ་ཞིག་ཡིན་པས། གྲོང་མི་ཚོས་ང་ལ“ཨང་ཀིའི་ཀླད་པ་ཅན”ཞེས་བསྔགས། དང་ཐོག་ངས་ཁོང་ཚོས་ང་ལ་སྡིག་མོ་བྱས་པ་རེད་སྙམ་སོང་། ང་ནི“ཨང་ཀིའི་ཀླད་པ་ཅན་ཡིན་ནམ།” འདིས་ངས་དོན་དག་ཚང་མ་སྤྱི་འགྲོས་ཀྱིས་སྒྲུབ་འགྲོ་བ་མཚོན། བརྩེ་བ་དང་དྲོད་ཁོལ་མེད་པའི་ཨང་ཀི་ངའི་ཀླད་པའི་སྦུགས་སུ་འཁྱགས་རིལ་རིལ་གྱིས་ཉིན་མཚན་དབྱེར་མེད་ངང་འཚང་ཀ་བརྒྱབ་སོང་། བལྟས་པ་ཙམ་གྱིས་ང་ནི་སྨྱོན་པ་རུ་འདོད་ངེས།
རྗེས་སུ་གྲོང་མི་ཚོས་ང་ལ་བསྔགས་བརྗོད་བྱས་པ་ཧ་གོ་སོང་། “ཨང་ཀིའི་ཀླད་པ་ཅན”ཞེས་པ་ནི་ངས་རྩིས་བརྒྱབ་པ་བཟང་བའི་དོན་རེད་འདུག གྲོང་ཚོའི་ཀྲུའི་རེན་ལ་གལ་ཆེ་བའི་དུས་ཚིགས་འཕྲད་དུས་ང་རང་མཚམས་སྦྱོར་བྱས་སྲིད། ཁྱེད་ཚོས་གྲོང་ཚོའི་རྩིས་གཉེར་པ་ལ་དྲིས་དང་། ཁོ་ནི“ཨང་ཀིའི་ཀླད་པ་ཅན”རེད། ནོར་འཁྲུལ་འབྱུང་མི་སྲིད། ལོ་གསུམ་གྱི་སྔོན། ཕྱི་རྒྱལ་གྱི་གཡང་འཛེག་པ་འཚོལ་ཉུལ་བྱེད་མཁན་ཚོས་དུས་དེར་ངའི་ཁ་ལ་ཅེར་ནས་འདུག དེ་དུས་ཁོང་ཚོའི་དྲི་བ་ནི་འབྲི་དཀར་བྲག་རིའི་མཚོ་ངོས་ཀྱི་མཐོ་ཚད་རེད། འདྲི་དགོས་པའི་རྒྱུ་རྐྱེན་ནི་ང་ཚོས་ཕྱི་རྒྱལ་གྱི་གཡང་འཛེག་མཁན་གཉིས་དེ་གར་དུ་བུད་སོང་བར་ཡིད་ཆེས་བྱས་པས་རེད། ངས་ད་ལྟའང་གསལ་བོ་དྲན་སྟེ་ཁོང་ཚོས་མི་དེ་གཉིས་ཀྱི་འདྲ་པར་སྟོན་ནས་ངོ་སྤྲོད་བྱས།
“གཟུགས་རིང་བའི་མིང་ལ་ཝེ་ལིས•ལེ་ཀེ་ཐིའུ། གཟུགས་ཐུང་བའི་མིང་ལ་ཟོ་སྲི•ཝེ་དྷིར། ལོ་གསུམ་འགོར་སོང་མོད། ངས་ད་ལྟའང་བརྗོད་བདེ་མིན་པའི་མྱིང་འདི་མ་བརྗེད་པ་ནི། ཨ་ཁུ་པཎ་དགའི་མཛུབ་ཆུང་ཆད་ནས་ང་ལ་ཡིད་འཛིན་ཟབ་ཏུ་བཅུག་པས་ཡིན།
ཉིན་དེར། ཞོགས་པའི་དུས་ཚོད་བདུན་ཙམ་ནས་ང་ཚོ་གྲོང་ཚོ་ནས་ལམ་ལ་ཆས། སྡོམ་པས་མི་ཉེར་གཅིག་ཡོད་དེ། ང་ཚོའི་གྲོང་ཚོའི་རང་འདུན་པ་བཅུ་གཅིག་དང་། ཁོང་ཚོར་མི་བཅུ་འདུག ང་ཚོའི་གྲོང་ཚོས་ནས་འབྲི་དཀར་བྲག་རི་བར་དུ་གཞུང་ལམ་ལས་མེད། ཁོང་ཚོས་གཏོང་བའི་གཟེ་གསུམ་དང་ཐེའུ་ཡིག་རྟགས་ཅན་གྱི་རླངས་འཁོར་ཁག་ཁུ་སིམ་མེར་གྲོང་ཚོ་རུ་བསྐྱུར་བ་ལས་ཐབས་གཞན་མ་རྙེད། བཀོད་པ་མི་འདུག ངེད་ཚོས་གྲོང་མིའི་ཁྱིམ་ནས་དྲེལ་གཉིས་གླས་ཏེ་གྲོ་ཁ་དང་འགྱིག་དམ་གྱི་གཏེར་ཆུ། ཐག་པ་སོགས་ཡོ་བྱེད་དྲེལ་ལ་བཀལ་བ་ཡིན། ཨ་ཁུ་པཎ་དགའ་མིང་ཐོ་འགོད་མཁན་ཐོག་མ་དེ་ཡིན། གྲོང་ཚོའི་ཀྲུའུ་རེན་གྱིས་ཁོ་རང་རྩ་བ་ནས་ཁྲིད་མ་འདོད་ཀྱང་། ཕ་རོལ་པའི་མགོ་བས་ཨ་ཁུ་པཎ་དགའ་ནི་ཧ་ཅང་བློ་གཏད་ཆོག་པའི་མི་ཞིག་ཏུ་སྙམ་འདུག ཁོས“ངེས་པར་དུ་ཁོ་ཁྲིད་དགོས། ཁོ་རང་འདི་འདྲའི་སྤྲོ་སེམས་ཆེ་པོ་ཡོད་པས་ཁྱོད་ཀྱིས་མི་ཁྲིད་དོན་ཅི་ཡིན། འོ་ན་ཁྱོད་ཀྱང་ཁོག་རྒྱ་ཆུང་བའི་མྱི་ཞིག་ཡིན་ནམ”ཟེར། གྲོང་ཚོའི་ཀྲུའུ་རེན་ལ་དོགས་འདྲི་འདི་འདྲ་བྱས་མ་མྱོང་རྐྱེན་ཁོས་མགོ་བོ་ཅུང་ཟད་གཡུག་པ་ལས་ཅི་ཡང་མ་བཤད། ཨ་ཁུ་པཎ་དགའ་གོམ་ཞེང་ཆེན་པོས་ཆེས་སྔོན་ནས་འགྲོ་བཞིན། སྐད་གསེང་མཐོན་པོས་མ་ཎི་ཡིག་དྲུག་འདོན་གྱིན་ཡོད་པས་མཚམས་རེར་ལུང་སྟོང་ནས་བྲག་ཅ་འཁོར་བ་དང་། མཚམས་རེར་རི་རླུང་གིས་ཁྱེར་ཏེ་རི་མགོར་སྤུར་འགྲོ། ལམ་དེ་དངོས་གནས་འགྲོ་དཀའ་བ་ཞིག་རེད། ལུག་གི་རྒྱུ་མ་ཞིག་གང་འདོད་དུ་གཡུག་པར་མཚུངས། ང་ཚོས་ལུག་རྒྱུའི་ལམ་འདི་དེད་ནས་རི་འགག་གི་སྦུགས་སུ་སོང་། རླུང་ནི་འཕྲིན་ཁྱེར་མཁན་ཞིག་ལྟར་ང་ཚོའི་གདོང་དུ་གཡུགས་ཡོང་། བྱེའུ་ཁྱུ་དངངས་ནས་འཐོར་སོང་། རྒྱུ་མཚན་བྱེའུ་ཁྱུས་གནས་ཚུལ་འདི་འདྲ་འཕྲད་མ་མྱོང་། ཨ་ཁུ་པཎ་དགས་སྔར་བཞིན་རང་ཉིད་ཀྱི་འདོན་པ་སྐད་གསེང་མཐོན་པོས་འདོན་གྱིན་འདུག ཁོས་འདོན་གྱིན་འདོན་གྱིན་མ་ཎི་དབྱངས་སུ་མགུར། སུས་ཀྱང་དྲན་མ་ཐུབ་པ་ནི་ཁོའི་རྒྱུན་རིང་ལ་ཞི་འཇམ་གྱི་སྐད་གདངས་དེས་ང་ཚོའི་ངལ་དུབ་སྣང་མེད་དུ་བཅོམ་སོང་བ་དེ་རེད། དྲེལ་གཉིས་ཀྱིས་ང་ཚོ་ལས་ནུས་ཤུགས་འདོན་ཆེ་སྟེ་ཅ་ལག་ལྗིད་པོ་བཀལ་ཡོད་པས་སྐེ་རིང་སྲིང་ལ། རྨིག་སྒྲ་མ་ཎི་མགུར་དབྱངས་ལ་སྡེབ་པར་འོས་ཤིང་འཚམ་པོ་འདུག དངོས་གནས་ཇི་ལྟར་བཤད་དགོས་མི་ཤེས། ང་ཚོས་ཤེས་མེད་ཚོར་མེད་ངང་དོག་ཅིང་རིང་བའི་འབྲི་དཀར་བྲག་རོང་བརྒྱུད་ཟིན། རྦབ་ཆུའི་ཤག་སྒྲ་ཐོས་དུས། ཕ་རོལ་པའི་མགོ་ཁྲིད་ཀྱིས་སེམས་འགུལ་ཐེབས་པོས“ ཁྲི་ཙེ་སྟོང་གསུམ་མར་བཞུར་བར།། དགུ་ཚིགས་ཉིན་དགུར་ལྷུང་བ་འདྲ།།”ཞེས་གྱེར་སོང་། ང་སློབ་གྲྭར་སོང་ནས་དམའ་གཅིག་ཕྱིན་པས་ཚིག་འདི་སུས་བཤད་པ་ལོས་ཤེས། དེའི་མཚམས་མགོ་ཁྲིད་དེས་ལག་ཟུང་སྙིམ་སྟེ་ཆུ་ཁམ་གང་འཐུང་ཞིང་ཁ་ངོ་བཀྲུས། ཨ་ཁུ་པཎ་དགའ་ལས་གཞན་ཚང་མས་དེ་ལྟར་ལེ་མོ་བྱས་སོང་། ངས་ཀྱང་ལེ་མོ་བྱས་པ་ཡིན། སྐབས་འདིར་ངས་དོན་དག་ཅི་བསྒྲུབས་ཀྱང་གཞན་དང་འདྲ་མཚུངས་ཡིན་དགོས། གཟའ་རོ་དང་འདྲ་མི་རུང་། གནམ་རྒན་མ་སྐབས་དེ་ངས་དངོས་གནས་དེ་ལྟར་དྲན་སོང་།
ཨ་ཁུ་པཎ་དགས་ཐོལ་དུ་མ་ཎི་མགུར་མཚམས་བཞག་སྟེ་ཁ་ནང་ནས་ཡིག་འབྲུ་གཉིས་བུད་དེ“སླེབས་སོང”ཟེར། ཚང་མས་མགོ་བོ་ཡར་བཀྱགས་མ་ཐག མཐོ་ཞིང་བརྗིད་པའི་འབྲི་དཀར་བྲག་རི་མིག་སྔོན་དུ་ཤར་ཞིང་བྱ་རྒོད་བྲག་དཀྱིལ་དུ་འཕུར་ཀྱིན་པ་མཐོང་། “དེ་ནི་གླག་སྐེ་སེར་ཡིན་ནམ་བྱ་རྒོད་རེད།” དཔུང་ཚོའི་ནང་ཟིང་ཆ་ཅུང་ཟད་ལངས་པས་ཕ་རོལ་པའི་མགོ་ཁྲིད་ཀྱིས་སྐྱོན་ཕབ་པས་ཡུལ་དངོས་འཇམ་ཐིང་ངེ་གྱུར།
ཁོས“ངོ་མ་གཡང་འཛེག་གི་ས་གནས་བཟང་བོ་ཞིག་རེད། ཧྥ་རན་སིའི་ཝེ་ཨར་ཏུང་གྲོག་རོང་ནི་འདི་ལས་མ་འདས། ཁ་ན་ཏའི་གདོན་འདྲེའི་རི་བོའང་འདི་དང་འགྲན་ཐབས་མེད། ཨ་རིའི་གྲུ་དཔོན་རི་བོ་ནི་གླེང་མི་དགོས་དེ་ནི་བྱིས་པའི་སྣབས་ཆུ་རང་རེད། འོན་ཏེ་མིག་སྔར་ང་ཚོས་རང་ཉིད་ཀྱི་དོན་དངོས་ལ་བསམ་གཞིགས་དགོས། མི་དེ་གཉིས་རྙེད་དགོས། ལྟོས་དང་འབྲི་དཀར་བྲག་རིའི་ས་དབྱིབས་ངོ་མ་རྙོག་འཛིང་ཆེ། མགོ་ཁྲིད་ཀྱི་རྒྱུ་མཚན་ངས་ལོས་ཤེས་ཏེ་འབྲི་དཀར་བྲག་འོག་ནི་འབུར་ཐང་རེད། ཁང་པ་གསུམ་གྱི་མཐོ་ཚད་ཡོད། གལ་ཏེ་གཡང་འཛེག་མཁན་མར་ལྷུང་ཡོང་ན་དེའི་ཐོག་ཏུ་ལྷུང་ཤས་ཆེ། དེ་བས་ང་ཚོས་འཕྲལ་དུ་སྒྲུབ་དགོས་པ་ནི་ང་ཚོའི་མིའང་ཡར་འཛེག་རྒྱུ་དེ་ཡིན།
སུ་འགྲོ། སུ་འགྲོ། སུས་ཀྱང་ལག་པ་མ་བཀྱགས་ཀྱང་། མི་ཞིག་གིས་དྲེལ་རྒྱབ་ནས་ཐག་པ་ཆག་པ་གཅིག་ཕོག་ནས་ཡར་འཛེག་གིན་འདུག ཨ་ཁུ་པཎ་དགའ། ཁྱོད་ཀྱིས་ཚེ་སྲོག་རྒྱན་དུ་འཇོག་པ་རེད། སྐབས་འདིར་གྲོང་མི་ཚང་མས་སེམས་ཁོངས་ནས་ཁོ་ནི་ཤི་གསོན་ལ་མི་འཛེམ་པའི་གཟའ་རོ་འཁྲུལ་མེད་ཅིག་རེད་ཅེས་སྡིག་གིན་ཡོད་ངེས། སུས་ཀྱང་འབུར་ཐང་ཞིག་འཛེག་རྒྱུ་ཡོད་པ་མ་དྲན་ཡང་། ཚང་མས་གཡང་གཤམ་ནས་འཚོལ་ཉུལ་བྱ་དགོས་སྙམ་ནས་ཡོད།
ཨ་ཁུ་པཎ་དགས་རྐང་ལག་མཉམ་སྤྱོད་བྱས་ཏེ་ལག་པས་བྲག་ཀོང་འཇུས་ཤིང་རྐང་བས་བྲག་འབུར་ལ་རྡོག་རྫིས་བྱས་ཏེ་ཡར་ཡར་འཛེག་དུས། ལན་རེ་རྐང་འདྲེད་ཤོར་ནས་རྡོ་བ་རེ་བསྒྲིལ་ཡོང་དུས་གཡང་གཤམ་གྱི་མི་ཚོ་སྙིང་འདར་རུ་བཅུག ངས་ཁག་ཐེག་ཐུབ་པ་ནི་ཨ་ཁུ་པཎ་དགས་རང་ཉིད་ལ་རྐང་ལག་ཁ་ཤས་མང་ཡོད་ན་ཅི་མ་རུང་སྙམ་གྱིན་ཡོད་ངེས། སྡོམ་ལྟར་རང་ཉིད་གཡང་ནས་མར་ལྷུང་མི་འགྲོ་བའི་ཁག་ཐེགས་བྱ་ཐུབ། རྐང་བ་གཉིས་ལག་པ་གཉིས་ལས་མེད་ཀྱང་གཡང་འཛེག་འོས་ཤིང་མཚམས་པ་བྱས། འབུར་ཐང་དུ་བསླེབས་དུས་ཨ་ཁུ་པཎ་དགའི་གྲིབ་གཟུགས་ཉི་འོད་ཀྱིས་ས་རུ་གསལ་བོ་དཔར་འདུག ཨ་ཁུ་པཎ་དགའ་འབུར་ཐང་དུ་འཛེག་པའི་ལུས་པོ་མདུན་དུ་བསྐྱོད་དེ་ས་ངོས་ཀྱི་གྲིབ་གཟུགས་ཀྱང་མཐོང་རྒྱུ་མེད་པ་གྱུར།
སྐབས་དེར་ང་རང་སེམས་ཁྲལ་ཧ་ཅང་ཆེ། ང་འཚུབ་ཆེ་ནས་སྙིང་དམར་ཀྱང་ཁ་ནང་ནས་ཕྱི་རུ་ལྡིང་ལ་ཉེ། གྲོང་ཚོའི་ཀྲུའུ་རེན་དང་གྲོང་མི་ཚོའང་དེ་ལྟར་རེད། ངས་ངོ་མ་གཞུག་ནས་དོན་དག་ཅི་བྱུང་མི་ཤེས། ང་ཚོས་མགོ་བོ་དགྱེ་ནས་མིག་ཟུང་ཀེམ་ཀེམ་གྱིས་ཡར་བལྟས་ཤིང་ཉི་འོད་ཀྱི་ཟེགས་མ་སེར་པོ་གདོང་བ་རུ་འཐོར་སོང་། རྣ་བ་སྒྲེང་ནས་སྐད་སྒྲ་འབྱིན་ཡོང་མིན་ལ་གཟབ་ནན་གྱིས་ཉན། སྒྲོ་བཏགས་བཟོས་པ་མིན། དུས་དེར་འབུར་ཐང་ནས་སྐད་སྒྲ་ཅི་འབྱིན་ནའང་ང་ཚོ་ལ་མཚོན་ན་བརྡ་རྟགས་དང་གནས་ཚུལ་རེད། ཉིན་དེར་མི་ཚང་མས་གཡང་གཤམ་ནས་ཡུན་རིང་ལ་སྒུག ཨ་ཁུ་པཎ་དགས་འབར་རེ་འབུར་རེས་བཀང་བའི་རང་ཉིད་ཀྱི་ལྭ་རིང་ཐག་པས་བསྡམས་ཏེ་མར་དཔྱོང་མ་ཡོང་བར་དུ་སྒུག
རེད། ཁྱེད་ཀྱིས་བཤད་པ་ལྟར་ཀེང་རུས་ཤིག་རེད། བལྟས་ཚོད་དུ་གླག་རྒོད་ཀྱིས་མུར་ཚར་འདུག རུས་ཐོག་ཏུ་ཤ་ནག་པོ་ཅུང་ཙམ་རེ་འབྱར་འདུག དྲི་ངན་པ་ཞིག་ཨ་ཁུ་པཎ་དགའི་ལྭ་རིང་ལས་ཡར་བྱོ་སོང་། མི་ཚང་མས་སྣ་ལག་པས་བཀབ་ཅིང་མི་ལ་ལས་ཨ་ཁུ་པཎ་དགའ་ཁོ་ནར་ཡོད་པའི་དྲི་ངན་དུ་འདོད་ཡོད་ཚོད་རེད། མགོ་ཁྲིད་ཀྱིས་ཁ་དཀྲིས་དང་ལག་ཤུབ་གྱོན་ནས་དྲེལ་རྒྱབ་ནས་ཕུང་སྒྱེ་གཉིས་བླངས་ཤིང་གཅིག་ཤོས་བཀང་རྗེས། གཅིག་ཤོས་ཨ་ཁུ་པཎ་དགས་ཡར་འཐེན་ནས་མར་དཔྱོང་སོང་།
སྐབས་དེར་ང་རང་དངོས་འབྲེལ་སྐྱུག་སོང་། གཤེར་ཁུ་སེར་པོ་ཁམ་གང་ཙམ་འཕྱུར་ཡོང་བས་གྲོང་ཚོའི་ཀྲུའུ་རེན་གྱི་ལུས་ཐོག་ཏུ་འཐོར། གྲོང་ཚོའི་ཀྲུའུ་རེན་ནི་རྣམ་ཤེས་བོར་སོང་བ་བཞིན་གཤེར་ཁུ་སེར་བོ་ལྭ་རིང་བརྒྱུད་ནས་མར་ཇི་ལྟར་ཟགས་ཀྱང་འཛེམ་དོགས་སྤུ་ཙམ་མ་བྱས། ཁོས་མགོ་ཁྲིད་བྱས་ཏེ་ཕུང་སྒྱེ་ལས་མགོ་རུས་ཤིག་བླངས་པ་ལ་མིག་འབྱེད་འཛུམ་ཙམ་མེད་པར་ཅེར་ནས་ཡོད། ནག་དོང་དོང་གི་མིག་ཀོང་ནས་སྐབས་དེའི་གནས་ཚུལ་ཕྱི་འབྱིན་བྱེད་ཀྱིན་ནམ། ངས་བལྟས་ན་དེའི་ནང་དུ་ད་དུང་མིག་འབྲས་ཡོད་དེ་ཕྱོགས་གཅིག་ལ་གཡོ་འགུལ་མེད་པར་ནན་ཏན་གྱིས་ཅེར་འདུག ཁྱེད་ཀྱིས་ཚོད་དཔག་བྱས་པ་ལྟར་ནག་དོང་དོང་གི་མིག་ཀོང་ཟུང་གི་ཁ་གཏད་ནས་ཨ་ཁུ་པཎ་དགའ་མངོན་སོང་། ཁོའི་ལག་པ་ཁྲག་གིས་སྦགས་ཏེ་དེ་གར་ལངས་འདུག རྒྱབ་ཀྱི་ཐག་པ་རུ་ཁྲག་ཤུལ་དམར་ཐིང་ཐིང་འགོས་འདུག ཞིབ་ཀྱིས་བལྟས་ནས་མདོག་སྔོན་པོ་ཅན་གྱི་ཕུང་སྒྱེ་རུའང་འགོས་འདུག
“ཁྱོད་འདི་ཅི་བྱུང་བ་རེད།”
“འདི་འདྲར་གྱུར་དོན་ཅི་རེད།”
“ཁྱོད་ཀྱི་ལག་གཡོན་ནས་ད་རུང་ཁྲག་འཛག་གིན་འདུག”
“ཨ་ཙི། མཛུབ་ཆུང་གང་དུ་བོར་སོང་།”
“ད་ཁྱོས་སྐད་ཆ་ཞིག་ཤོད་དང་།”
ཨ་ཁུ་པཎ་དགས་རང་གི་མཐེ་བོང་རྩ་བ་ནས་གླེང་མི་འདོད། ཕྱིས་སུ་ངས་ཡང་དུ་ཁོའི་ཨ་མ་སྡོང་འོག་ནས་ཁོ་ལ་དྲིས་མྱོང་། ཨ་ཁུ་པཎ་དགས་མགོ་བོ་གཡུག་གཡུག་བྱེད་ཀྱིན་ཡིག་འབྲུ་ཕྱེད་ཙམ་ཡང་གླེང་མ་འདོད། འདི་ལྟར་ཁོའི་མཛུབ་ཆུང་ཆད་པའི་རྒྱུ་རྐྱེན་ནི་གསང་བ་ཞིག་ཏུ་གྱུར། མི་ལ་ལས་རྡོ་འགྲིལ་ནས་མཛུབ་ཆུང་དེ་བཅད་པར་འོལ་ཚོད་བྱས། ཡང་མི་ལ་ལས་མཛུབ་ཆུང་དེ་ཁོ་རང་ཉིད་ཀྱིས་བཅད་པར་འདོད། ཅིའི་ཕྱིར་དུས་དེར་ཁོའི་ཀླད་པའི་ནང་གི་བུ་ག་ཡང་མངོན་ཡོང་བ་རེད། གཟའ་རོ་དེས་ད་གཟོད་ཁོང་ཁྲོ་ཞུ་བྱེད་མཛུབ་ཆུང་བྱས་པ་རེད། ཨ་ཁུ་པཎ་དགར་འདི་ལྟ་བུའི་དྲག་ཤུགས་ཀྱི་ཕྱོགས་ལྷུང་ཡོད་དམ། ཡོད་མ་ཡིན་ཏེ་ཏོག་ཙམ་ཡང་མེད། འོལ་ཚོད་ཅི་ཞིག་བྱས་ཀྱང་ཁོའི་གཤིས་ཀ་ཚད་གཞི་རུ་འཛིན་ན། ད་གཟོད་བློ་གཏད་བྱས་ཆོག་པ་ཡིན། གྲོང་མི་རྣམས་ཀྱིས་དོན་དེར་ལོ་གསུམ་ལ་རྩོད་པ་བྱས། གྲོང་ཚོའི་ཀྲུའུ་རེན་གྱིས་ཀརྨ་ལུང་གི་མཐུན་སྒྲིལ་བསམ་ནས། ཐེངས་འདིར་ཁོས་སླར་ཡང་བཀའ་བཀྱོན་གནངས། “ཁྱོད་ཚོར་རྩོད་རྒྱུ་ཅི་ཡོད། གཞན་གྱི་མཛུབ་ཆུང་ནི་གཞན་གྱི་ལུས་ཐོག་ནས་ཆད་པ་ལས། ཁྱེད་ཚོ་དང་སྒོར་ཟུར་ཙམ་གྱི་འབྲེལ་བ་ཡོད་དམ། མ་ཚད་མིའང་གར་སོང་ཆ་མེད་དུ་གྱུར་ཚར་བ་ལ། ཁྱོད་ཚོས་ཁོ་ཇི་ལྟར་བཙལ་དགོས་ཚུལ་ལ་མི་སེམས་པར། སུའི་ཁ་ལྕེ་རྣོ་བ་རྩོད་ནས་ཅི་བྱ།” གྲོང་ཚོའི་ཀྲུའུ་རེན་གྱིས་རྒྱུན་དང་འདྲ་བར་གྲོང་མིའི་ཚོགས་ཆེན་འཚོགས་རྒྱུ་ཐག་བཅད། ང་ཚོ་ཀརྨ་ལུང་ལ་དོན་ཆེན་འཕྲད་ཐེངས་རེར་འདི་ལྟར་བྱེད་སྲོལ་ཡོད། གཅིག་ནས་དོན་དེའི་ཁ་ཚ་དགོས་གཏུག་མངོན་ཆེད། གཉིས་ནས་གྲོང་མི་ཚོ་མཉམ་དུ་འཛོམས་དུས་མི་མང་ཁ་མང་གིས། བློ་གྲོས་ཅན་ལ་བསམ་ཚུལ་ཡག་པོ་འཁོར་དུ་བཅུག ད་རེས་གྲོང་ཚོའི་ཀྲུའུ་རེན་གྱིས་བཀོད་སྒྲིག་བྱས་ཤིང་ངས་ཟིན་བྲིས་བཏབ། བརྗོད་བྱ་ནི་ཨ་ཁུ་པཎ་དགའ་གར་སོང་ཆ་མེད་དུ་གྱུར་བའི་རྒྱུ་རྐྱེན་འཚོལ་རྒྱུ་དེ་རེད། དོན་དག་འདི་ལ་ཕུགས་ཐག་གཅོད་རིན་ཡོད། ཕལ་ཆེར་མི་སུ་ཞིག་གི་བསམ་མེད་ཀྱི་སྐད་ཆ་ཞིག་གམ་མི་ཆེ་གེ་མོས་བསམ་བཞིན་དུ་ལྐོག་ཇུས་འཐེན་པས། པཎ་དགའ་གཟའ་རོ་རང་སེམས་ཀྱི་བུ་གས་ཁྱུར་མིད་བཏང་བ་རེད། གྲོང་ཚོའི་ཀྲུའུ་རེན་གྱིས་ཚོགས་འདུ་ལེགས་འགྲུབ་དགོས་པའི་རེ་བ་བཏོན། ཚོགས་ར་ནི་སྔར་གྱི་ས་རྙིང་སྟེ་ནས་རྡུང་ཡུལ་རེད། གྲོང་ཚོའི་ཨུ་ཡོན་ལྷན་ཁང་གི་མི་འགའ་ཡིས་ཐང་སྟོང་གི་ཐབ་ཀ་རུ་ཇ་སྣོད་ཆེན་གང་བསྐོལ་ཞིང་། གྲོང་མི་ཚོས་རང་རང་གི་ཤིང་ཕོར་ཁྱེར་ནས་ཚོགས་འདུར་ཞུགས། གྲོང་མི་ཚང་མས་ཤིང་ཕོར་བཀོལ་རྒྱུར་དགའ། དེ་ལྟར་གྲོང་ཚོའི་ཀྲུའུ་རེན་གྱི་མཐོ་དམའ་མི་སྙོམས་པའི་འབོད་སྒྲའི་ཁྲོད། ཚ་རླངས་འཕྱུར་བའི་ཤིང་ཕོར་རེ་རེ་ནི། ཡར་བཀྱགས་ཤིང་མར་འཇོག་གིན་ཡོད།
གྲོང་མི་རྣམས་སྐྱིལ་ཀྲུང་དུ་བསྡད། གྲོང་ཚོའི་ཀྲུའུ་རེན་གྱི་སྐད་ཆ་རྣ་བ་རུ་གསལ་བོ་འཁོར་ཏེ“གལ་ཏེ་དེ་རིང་རྒྱུ་རྐྱེན་མ་རྙེད་ན་ཚོགས་འདུ་གྲོལ་རྒྱུ་མིན། མི་ཚང་མས་ངེས་པར་དུ་སྐད་ཆ་དྲང་པོ་བཤད་དགོས།”
ལོ་འདི་གར་སུ་ཡང་ཚོགས་འདུར་ཞུགས་མི་མོས། གྲོང་མི་ཚང་མ་དལ་ལྷོད་མིན་པར་གྱུར་ཅིང་། མི་འགའ་རེས་དོན་དག་སྒྲུབ་མཁན་གྱིས་རང་ས་ནས་ཁས་ལེན་བྱས་ན་འགྲིག་ཅེས་སུན་འབྱིན་བྱས་ལ། མི་འགའ་རེས་ཤབ་ཤུབ་ཀྱིས་གྲོང་ཚོའི་ཨུ་ཡོན་གྱི་མི་ངན་འདི་ཚོ་སྔ་མོ་ནས་བརྗེ་རན་ཞེས་བརྗོད། སྐད་ཆ་འདི་འདྲ་ཞིག་ཡོད་དེ། དུས་ཚོད་ནི་རི་མགོའི་གཅན་གཟན་ལྟར་བུ་རབས་ཚ་རྒྱུད་ཀྱིས་འཁོར་ཞིང་ཆད་མ་མྱོང་། སྐད་ཆ་འདིའང་གཞན་གྱིས་བཤད་པ་མ་རེད། གྲོང་ཚོའི་ཀྲུའུ་རེན་གྱི་སྐད་ཆ་ཞིག་རེད། གྲོང་མི་ཚོས་ཅ་ལེ་ཅོ་ལེས་སྐད་ཆ་སྣ་ཚོགས་ལབ་ཅིང་། སྐབས་འདིར་མི་ཞིག་ཡར་ལངས་སོང་།
ཁོ་ནི་ང་ཚོའི་གྲོང་ཚོ་ཡི་ནམ་རྒྱུན་རྫོང་མཁར་རུ་སོང་ནས་ཚོང་གཉེར་མཁན་གྱི་ཟླ་བ་རེད། ཟླ་བ་ཐབ་ཀའི་འགྲམ་དུ་སོང་ནས་སྣོད་ཆེན་ལས་ཟངས་ལྕོག་གིས་རང་ཉིད་ལ་ཇ་ཕོར་གང་ལྡུད་ཅིང་ཁ་གང་འཐུངས་ཏེ། “ངས་དོན་དག་ཅིག་བཤད། པཎ་དགའི་ནད་ངན་ཐུ་བའི་རྒྱུ་རྐྱེན་ཨེ་ཡིན་མི་ཤེས།”
མི་ཚང་མས་ཟླ་བས་བཤད་པའི་སྐད་ཆ་གསལ་བོ་གོ་ཞིང་། གྲོང་ཚོའི་ཀྲུའུ་རེན་གྱིས་ཉན་རྗེས། སླར་ཡང་ཁོ་ལ་བསྐྱར་བཤད་བྱེད་དུ་བཅུག ངས་བསམ་ན་ཨ་ཁུ་པཎ་དགས་སྐད་ཆ་འདི་ཉན་རྗེས་གྲོང་ཚོ་ལས་ཁ་བྲལ་སོང་བ་རེད། སྐབས་དེར་ཟླ་བས་ཁོ་ལ་འདི་ལྟར་བཤད་པ་ཡིན་ཟེར། ཁྱོད་ཀྱི་གཅུང་པོས་བསང་ཆུའི་ཆུ་ལམ་སྨི་བརྒྱད་བརྒྱ་ཙམ་བསྒྱུར་འདུག ཆུ་ལམ་བསྒྱུར་རྐྱེན་ནི་སྤྱི་གླིང་དུ་ཆུ་བོ་ཞིག་ཡོད་དགོས་པས་རེད། ཨ་ཁུ་པཎ་དགས་སྐད་ཆ་དེ་གོ་དུས་མིག་འབྲས་ལས་རྒྱུ་ལྡན་མིན་པའི་འོད་ཅིག་འཚེར་ཞིང་ཀླད་པ་སུ་ཞིག་གིས་རྐུས་པ་ལྟར་གྱུར། ཁོས་ལག་ནང་གི་ཤིང་ཕོར་དེ་སར་འཕང་སྟེ། ཁོའི་ཁྱིམ་དུ་ཤིང་ཕོར་འདི་འདྲ་མང་པོ་ཡོད། ཤིང་ཕོར་ས་འབུར་བརྒྱུད་དེ་ཁྲག་ཁྲོག་གིས་འགྲིལ་ནས་རྩྭ་གསེང་དུ་བོར་སོང་། རེད། འཁྱུགས་མི་འདུག ཁོང་བརྒྱ་ཆ་བརྒྱ་རྫོང་མཁར་དུ་སོང་བ་རེད། རེད་དེ་ཁ་ཉིན་ང་ཁོའི་གཅུང་པོ་ཚང་ལ་སོང་བ་ཡིན། ཁོའི་གཅུང་པོ་ཡི་ཆུང་མས་མོའི་ཁྱོ་ག་གཞུང་དོན་སྒྲུབ་ཏུ་བུད་སོང་ཟེར། མོས་པཎ་དགའ་མཐོང་མི་འདུག དེ་ན་ཨ་ཁུ་པཎ་དགའ་གང་དུ་བུང་སོང་ངམ། འོ་ན་གསར་འཛུགས་བྱེད་ཀྱིན་པའི་སྤྱི་གླིང་དུ་བུད་སོང་ངམ། དེ་ནི་ཁོའི་གཅུང་པོས་མི་སྣ་བསྡུས་ཏེ་འཛུགས་བསྐྲུན་བྱེད་པ་འགན་ཁུར་གྱིན་ཡོད། བརྒྱ་ཆ་བརྒྱ་རེད། གྲོང་ཚོའི་ཀྲུའུ་རེན་ནས་ཁ་མཚོན་བཅད་ཅིང་། ང་རང་ལས་ཡུལ་དེ་རུ་བཙལ་དུ་མངགས་སོང་། གལ་ཏེ་མ་རྙེད་ན་རྫོང་མཁར་གྱི་སྤྱི་བདེ་རུ་ཡར་ཞུ་བྱོས་ཟེར།
བལྟས་ཡོང་ན་ཁྱོད་ཀྱིས་ཉན་ནས་མགོ་འཐོམས་མི་འདུག ཨ་ཁུ་པཎ་དགའི་གཅུང་པོ་ཁོ་ལས་ལོ་བཞི་ཡིས་ཆུང་། ལོ་བདུན་ལ་སོན་སྐབས་གྲོང་ཚོའི་བཅའ་སྡོད་སློབ་ཆུང་ལ་ཞུགས། སློབ་ཆུང་མཐར་ཕྱིན་རྗེས་རྫོང་མཁར་གྱི་དགེ་འོས་སློབ་གྲྭ་རུ་ཞུགས་ཤིང་། རྗེས་ནས་ག་ལེ་རྫོང་མཁར་ནས་དཔོན་གནས་ཟིན་པ་རེད། ལོ་དེར། ཁོས་ཨ་ཕ་ཁོང་ཚང་ལ་བསུ་རྒྱུ་ཐག་བཅད་བྱས་ཅིང་ཁོའི་གཅེན་པོ་གཟའ་རོའང་ཁྲིད་འཆར་ཡོད་མོད། ཨ་ཁུ་པཎ་དགའ་ཤི་གསོན་ཅི་རེད་ཀྱང་འགྲོ་ཁ་མ་ཉན། དེ་བས་ཁོ་གཅིག་པུ་ལུས་ཡོད་པ་རེད། ཤི་ནའང་རང་གཤིས་མི་བསྐྱུར་པའི་ཕྱི་བ་བཞིན་རང་ཉིད་ཀྱི་ཕྱི་ཁུང་སྲུང་ནས་བསྡད། ཁོའི་གཅུང་པོ་ནམ་རྒྱུན་ཁོ་ལ་ལྟ་རུ་ཐོན་ཡོང་། ཡོང་ཐེངས་རེར་རླངས་འཁོར་མང་པོ་ཐོན་ཡོང་། གཡོག་པོ་ཚོས་ཐུབ་བསྟན་ཅུས་ཀྲང་ཟེར་ནས་འབོད་ཀྱིན་འདུག རླངས་འཁོར་ནང་དུ་བཞག་ཡོད་པའི་གྲོ་འབྲས་སྔོ་ཚོད་བཅས་ཨ་ཁུ་པཎ་དགའ་ཚང་དུ་ཕོག ཁོང་ཚང་གི་ཕ་རྒན་ཚེ་ལས་འདས་རྗེས། ཐུབ་བསྟན་གྱིས་ཨ་ཁུ་པཎ་དགའ་ལ་ཁང་མིག་གཉིས་བརྩིགས་རོགས་བྱས། ང་ཐུབ་བསྟན་ལ་མི་དགའ་བའི་རྒྱུ་མཚན་ནི་ཁོས་ང་ལ་མིག་གིས་ཐད་ཀར་མི་ལྟ་བས་ཡིན། ཨ་ཙི། ད་མི་བཤད། ནང་མིས་ང་ལ་རྟག་པར་སེམས་ལ་དོན་དག་དྲན་མ་ཐག་མཚམས་འཇོག་མི་ཐུབ་པ་མ་ཟད། ཧ་ཅང་གཟབ་ནན་རེད་ཅེས་བཤད་ཡོང་། གྲོང་ཚོའི་ཀྲུའུ་རེན་གྱིས་ང་རང་ལས་ཡུལ་དེ་རུ་འཚོལ་ཉུལ་བྱེད་དུ་མངགས་ན། ངས་བག་གཡེང་ཅུང་ཙམ་ཡང་བྱེད་མི་ཉན། ཕྱི་ཉིན་ང་འདྲུད་འཐེན་འཁོར་ལོ་ལ་བསྡད་དེ་རྫོང་ཐོག་ལ་སོང་། དེ་ག་ནས་སྤྱི་གླིང་འཛུགས་སྐྲུན་བྱེད་སའི་ལས་ཡུལ་འདྲི་ཐུབ་སོང་། གནས་དེ་ཧ་ཅང་བཟང་བ་སྨོས་ཅི་དགོས། ལྗང་མདོག་གི་སྡོང་བོ་ཡིན་ནའང་འདྲ། སྔོ་ལྗང་གི་རྩྭ་ཐང་ཡིན་ནའང་རུང་། ང་ལ་རང་བྱུང་གི་མཛེས་ཉམས་སྟོན་གྱིན་འདུག ངས་མགོ་བོ་ཡར་བཀྱགས་ཏེ་ཉི་མར་ལྟ་ཙམ་བྱས་ཅིང་། མཐོ་དམའ་མི་སྙོམས་པའི་རི་རྒྱུད་ནི་དཔུང་པ་གཉིས་རྒྱང་རིང་དུ་བསྲིངས་བ་དང་འདྲ། ཆུ་ལམ་བསྒྱུར་ཟིན་པའི་ཆུ་བོ་ལས་ཁུལ་བརྒྱུད་དེ་འུར་འུར་གྱིས་འབབ་འགྲོ། ཆུ་ལམ་རྙིང་པ་ནི་བསྐྱུར་ཟིན་པས་ད་ལྟ་ཆུ་ལམ་མ་རེད།
དངོས་གནས་རྫུན་བཤད་པ་མ་ཡིན། ང་མགྱོགས་མྱུར་གྱིས་ལས་ཁུལ་ལས་བརྒྱུད་དུས། ཨར་འདམ་སྲུབ་དཀྲུག་འཕྲུལ་འཁོར་དང་ད་སོ་མར་འཛུགས་པའི་ཤིང་ཟམ། ཕྱེད་ཀ་བཀབ་ཚར་བའི་བསིལ་ཁང…… ལས་བཟོ་བ་གཅིག་ཀྱང་མཐོང་རྒྱུ་མེད་དོན་ཅི་ཡིན་ནམ། དྲང་མོ་བཤད་ན་སྐབས་དེར་ངས་དངོས་ནས་རང་ཉིད་འགྲོ་ནོར་བྱས་སོང་ངམ་སྙམ། དུས་ཚོད་ད་རུང་སྔ་བས་ད་ལྟ་ནས་ངལ་གསོས་དོན་ཅི་ཡིན་ནམ། ངས་ཕར་བལྟས་དུས་ཐག་མི་རིང་བའི་ས་ལ་དམག་སྤྱོད་གུར་ཞིག་ཡོད། ངས་གུར་ཡོལ་ཕྱེས་པས་རྒན་པོ་ཞིག་གིས་མིག་ཟུང་ཐོལ་གྱིས་མལ་ཁྲིའི་སྟེང་གི་ཤོག་དཀར་འགའ་རེའི་སྟེང་ནས་སྤོས་ཏེ་ང་ལ་འབུར་ཚུགས་ཀྱིས་བལྟས། “ཁྱོད་ཅི་ལྟར་ནང་དུ་ཡོང་བ་ཡིན།” ཁོས་གདོང་ནག་དགྱེས་ཏེ་མིག་ཟུང་ཀེམ་ཀེམ་བྱས། ཁོའི་མིག་ཟུང་མི་བཟང་བ་མངོན་གསལ་རེད། ཁོས་སྣ་རྩེ་རུ་ཤུད་པའི་མིག་ཤེལ་ཡར་འདེད་རྗེས་མིག་ཟུང་འབྱེད་དེ་སླར་ཡང་། “ཁྱོད་ལ་དོན་དག་ཅི་ཡོད། ལས་ཡུལ་དུ་རང་འདོད་ཀྱིས་ཡོང་མི་རུང་།” ཁོའི་ལས་འགན་ནི་ལས་ཡུལ་སྲུང་རྒྱུ་ཡིན་པར་སྨོས་མི་དགོས།
དེའི་མཚམས་སུ། ཁོ་ལ་དངོས་གནས་ང་རང་སྒོ་ཕྱི་རུ་ཕུད་པའི་བསམ་ཚུལ་འདུག འོན་ཀྱང་། འཇིག་རྟེན་གྱི་བྱ་བ་ཚང་མར་མི་ཚོས་བཤད་པ་ལྟར་གང་སར་ལེགས་འགྱུར་གྱི་རེ་བས་ཁེངས་ཡོད། ལེགས་འགྱུར་མ་ཡོང་བའི་སྔོན་གྱི་རྣམ་པ་ངས་བཤད་ཟིན། ལེགས་འགྱུར་ཐོན་སོང་། རྒན་པོས་གཅིག་སྤྱོད་ཤོག་ཕོར་ནང་དུ་ང་ལ་ཇ་ལྡུག་བྱུང་། ངས་སྒྱུར་རྩིས་དྲུག་དང་སྣོན་རྩིས་བཅོ་བརྒྱད་བཀོལ་ནས་ཁོའི་ཤོག་བུ་ཐོག་གི་སྡོམ་གྲངས་བརྩིས་རོགས་བྱས། དང་ཐོག་ཁོས་ངའི་རོགས་རམ་དང་ལེན་མ་བྱས། ཡིན་ནའང་ངའི་རྩིས་རྒྱག་གི་ནུས་མཐུ་མཐོང་ཞིང་། རང་ཉིད་ནི་མགོ་བོ་རྨོངས་ཏེ་རྩིས་ཁ་མི་གསལ་བ་ཤེས་ཏེ་སེམས་ནས་ང་རང་དང་ལེན་བྱས་སོང་། ངས་ཇ་འཐུང་ཞོར་ཁོའི་སྐད་ཆ་ཉན་པས་ལས་ཡུལ་དོ་ཞག་ལས་མཚམས་བཞག་ཡོད་པ་ཤེས། ལས་མཚམས་བཞག་པའི་རྒྱུ་རྐྱེན་བཤད་མ་སོང་། ང་རང་ད་རེས་འདི་ན་ཡོང་བའི་དམིགས་ཡུལ་ཅི་ཡིན་ཟེར་ནས་དྲིས་སོང་།
“ང་ཚོའི་གྲོང་ཚོ་ནས་མི་ཞིག་བོར་སོང་། ཁོ་ལ་པཎ་དགའ་ཟེར། ང་ཚོས་ཁོ་འདི་ན་སོང་ངམ་སྙམ།”
“ཁྱོད་ཀྱིས་ཁོ་འདི་ན་སོང་ཡོད་པ་ཇི་ལྟར་ཁ་མཚོན་ཆོད་པ་རེད།”
“ལས་ཡུལ་འདི་ནི་ཁོའི་ནུ་བོས་མི་བསྡུས་ཏེ་གསར་འཛུགས་འགན་ལེན་བྱས་པ་རེད།”
“ཁྱོད་ཚོའི་གྲོང་ཚོ་ནས་བོར་སོང་བའི་མི་དེས། སྐེ་རུ་རྒྱ་གྲམ་གྱི་མགུལ་རྒྱན་ཞིག་བཏགས་ཡོད་དམ།”
ཨ་ཁུ་པཎ་དགས་དངོས་གནས་རྒྱ་གྲམ་བཏགས་ཡོད། དེ་དུས་མཛུབ་མོ་ཆད་དེ་རྫོང་དུ་སྨན་བཅོས་བྱེད་པར་སོང་ནས་ཕྱིར་ཐོན་རྗེས། ཁོང་གི་སྐེ་ལ་དངོས་པོ་འདི་མང་དུ་ཕྱིན། གྲོང་ཚོའི་མི་མང་པོ་ཞིག་གིས་ངོས་མ་ཟིན། འོན་ཀྱང་ངས་ངོ་ཤེས། ངས་ཡ་མཚན་པོར་རྒྱ་གྲམ་དེ་ཉི་འོད་ཁྲོད་དུ་དངུལ་འོད་འཚེར་གྱིན་པར་བལྟས། རེད་རེད་རེད། དེ་ནི་དངོས་གནས་དངུལ་གྱིས་རྡུང་བ་རེད། ཨ་ཁུ་པཎ་དགས་ཐེངས་འགར་ང་ལ་རྒྱ་གྲམ་དེའི་སྟེང་གི་མི་དེ་སུ་ཡིན་པ་དྲིས། ངས་ཅི་ཕྱིར་ཁོ་དང་ཇོ་བོ་རིན་པོ་ཆེ་གཉིས་མཉམ་དུ་ཇ་འཐུང་བར་རྨིས་པ་རེད། ངས“ཁོའི་མིང་ལ་ཡེ་ཤུ་ཟེར”ཞེས་བཤད། ཨ་ཁུ་པཎ་དགས་ངའི་སྐད་ཆ་འཕྲོག་ཏེ“ཁོ་ནི་ཕྱི་རྒྱལ་གྱི་ལྷ་ཡིན་ནམ”ཞེས་དྲིས། ངས་དེ་ལྟར་བཤད་ནའང་ཆོག་ཅེས་བཟློས་ཅིང་རྒྱ་གྲམ་གྱི་ཡོང་ཁུངས་བསྟུན་ནས་དྲིས། ད་རེས་ཁོས་ང་ལ་སྦེད་གསང་སྤུ་ཙམ་ཡང་མ་བྱས། “དེ་ནི་འབྲི་དཀར་བྲག་རིའི་འབུར་ཐང་སྟེང་ནས་རྙེད་པ་ཡིན། མི་དེ་གཉིས་ལས་གཅིག་ཤོས་ཀྱི་ཡིན་པ་ཁོ་ཐག་རེད། བལྟས་ཡོང་ན་ཕར་སྤྲོད་ཐབས་བྲལ། ལས་དབང་ཡིན་པ་འདྲ་སྟེ་དེ་དུས་དངོས་པོ་འདི་རྡོ་སྔོན་པོའི་འགྲམ་དུ་འོད་འཚེར་གྱིན་གདའ། ངས་ཡར་བླངས་ཤིང་ཞིབ་ཏུ་མ་བལྟས་པར་ཁུག་མའི་ནང་དུ་བཅུག་པ་ཡིན། ཕྱིས་སུ་ཉིན་ཞིག་ལ་ཡང་ཁུག་མའི་ནང་ནས་དེ་ལ་རེག་སོང་། ངས་དེ་ཆུ་དྭངས་མོའི་ནང་ནས་ཐེངས་འགར་བཀྲུས་ཏེ་ཞིབ་ལྟ་བྱ་དུས། འདི་ནི་སྐེ་ལ་བཏགས་བྱའི་དངོས་པོ་ཞིག་ཡིན་པར་སེམས་ཏེ་སྐེ་ལ་བཏགས་པ་ཡིན”ཟེར། དེར་བརྟེན་ཨ་ཁུ་པཎ་དགའི་སྐེ་ལ་བཏགས་པའི་རྒྱ་གྲམ་གྱི་མགུལ་རྒྱན་དེ་རྟགས་མཚོན་ཞིག་ཏུ་བརྩིས་ཆོག
རྒན་པོ་དེས་ང་རང་ཁུ་སིམ་མེར་ལུས་པ་མཐོང་མུར། ཡང“ཁོའི་མིག་ཆུང་པ་མ་ཟད། ད་རུང་ལག་གཡོན་མའི་མཛུབ་ཆུང་ཆད་ཡོད་དམ”ཟེར།
“རེད་ལགས།” ངས་མིག་ཆེ་ཆེར་བགྲད་དེ་རྒན་པོའི་མཆུ་འགྲམ་ནས་ཉི་མ་དམར་པོ་འཆར་བ་མཐོང་བ་དང་འདྲ།
རྒན་པོར་བྲེལ་འཚུབ་ཅུང་ཙམ་ཡང་ལངས་མི་འདུག ངའི་གཅིག་སྤྱོད་ཇ་ཕོར་དུ་ཡང་ཇ་ལྡུག་རྗེས་དལ་མོར་བཤད་མགོ་ཚུགས་སོང་།
ཁོས“ཡོད་ཚད་ལས་དབང་གི་ལག་རིས་འདེད་དེ་འགྲོ་བཞིན་ཡོད། རེད་དེ་ང་ཚོས་ལས་དབང་སྤུ་ཙམ་ཡང་མི་རྟོགས། ང་རང་སི་ཁྲོན་ནས་ཐོན་ཡང་ས་འདི་ནས་ལོ་ངོ་དྲུག་ཅུར་འཚོ་བ་བསྐྱལ་བ་དང་མཚུངས། འདས་ཚར་བའི་ཆུང་མའང་ས་ཆ་འདི་ནས་ཡིན། འདི་ལྟར་གྱུར་བ་སུས་ཀྱང་དྲན་མི་སྲིད། དེ་བས་དོན་དག་གཅིག་བྱུང་ངམ་མི་འབྱུང་ང་ཚོའི་ངོས་ནས་བཤད་ན་ཟོག་རྐོ་མགོ་བོར་བཀབ་པ་ལྟར་སྔོན་ཚོར་ཅིའང་མེད།
ཉིན་དེ་རེ་གཟའ་དུ་ཡིན་པ་དྲན་གྱི་མི་འདུག ཕལ་ཆེར་རྒན་པོས་བརྗེད་སོང་བ་འདྲ། རས་གུར་ཀླད་ཀྱི་མཆིལ་པས་ཅ་ཅོ་བག་མེད་སྒྲོག་གིན་ཁོ་སྒོར་བུད་ནས་མཆིལ་པ་དཀྲོགས་ན་འདོད་ན་ཡང་། སྒོར་བུད་མ་ཐག་ངའི་ཨ་ཁུ་པཎ་དགའ་མཐོང་། ཨ་ཁུ་པཎ་དགས་རྩམ་ཁུག་རྒྱབ་ཏུ་ཁུར་ཞིང་སྐེད་པ་རུ་ཧ་ཡང་གི་ཇ་དེམ་ཆུང་ངུ་ཞིག་སྒྲོག་ཅིང་། ཧ་ཡང་གི་ཇ་དེམ་དེའི་ཁ་ལེབ་ལྕགས་སྐུད་ཕྲ་མོས་མཆུ་རུ་སྦྲེལ་འདུག་པ་དེ་ཁོའི་དྲན་ངོགས་ལ་གསལ་བོར་ལུས་འདུག ད་དུང་དེ་ལྟར་བྱས་ན་ཁ་ལེབ་རྩ་བ་ནས་ལྷུང་མི་འགྲོ། རྒན་པོའི་མི་མདངས་ཧ་ཡང་གི་ཇ་དེམ་ལས་སྤོས་ཏེ་རིམ་གྱིས་ཨ་ཁུ་པཎ་དགའི་རྒྱ་གྲམ་གྱི་མགུལ་རྒྱན་ཏུ་འཁོར་ནས་ཡར་ཡར་བལྟས་དུས་ཨ་ཁུ་པཎ་དགའི་མིག་ཆུང་གཉིས་ལས་དྲག་ཏུ་འབར་བའི་མེ་ལྕེ་ལྟ་བུའི་བྲེལ་འཚུབ་ལངས་ཡོད་པ་མཐོང་། ངོ་མ་བཤད་བྲེལ་འཚུབ་ཀྱི་ཚུགས་ཀ་དེ་ནི་ཧ་ཅང་འགྲེལ་དཀའ་བ་ཞིག་རེད་ཨང་། རང་ཉིད་ཀྱི་ལྭ་རིང་མེ་ལ་ཟིན་པ་དང་ཧ་ཅང་འདྲ་བོ་མངོན། ཨ་ཁུ་པཎ་དགས་སྐབས་དེར་རྒན་པོར་གཞོང་པ་ཞིག་གཡར་བའི་རེ་བ་བཏོན། རང་ཉིད་ཡོང་ཁར་བྲེལ་བ་ཆེ་སྟབས་ཁྱེར་རྒྱུ་བརྗེད་སོང་བས། ཆུ་ཟོ་ཡིན་ནའང་ཆོག ཆུ་མ་བརྡོལ་ན་ཆོག་ཟེར། རྒན་པོས་གནས་སྐབས་དེར་ཁོས་སྣོད་ཆ་དེ་འདྲ་ཞིག་གཡར་ནས་ཅི་དགོས་མ་ཤེས། ལས་ཡུལ་དུ་ཆུ་ཟོ་མང་པོ་ཡོད། ས་རྒྱབ་རྡོ་རྒྱབ་བྱས་ནས་ཕྱི་གཟུགས་ཅུང་འགྱུར་ཡོད་ནའང་བཀོལ་སྤྱོད་བྱ་ཆོག་ཆོག་ཡིན་པས། རྒན་པོས་ལག་པས་གང་ཟིན་གྱིས་ཨ་ཁུ་པཎ་དགའ་ལ་གཅིག་སྟེར། ཨ་ཁུ་པཎ་དགས་ལག་གཡོན་མས་བླངས་རྐྱེན། ཁོའི་མཛུབ་ཆུང་ཆད་ཡོད་པ་རྒན་པོས་གསལ་བོ་མཐོང་། རྒན་པོས་ཅི་ཞིག་འདྲི་བསམ་ནས་མགོ་བོ་ཡར་དགྱེ་དུས། ཨ་ཁུ་པཎ་དགའ་རིངས་པ་སྤྱི་གླིང་གི་ལས་ཁུལ་བརྒལ་ཞིང་ཆུ་བོ་ལས་ཆུ་ཆུ་ཟོ་ཕྱེད་ཙམ་བླངས་ནས་ཆུ་ལམ་རྙིང་བའི་ཕྱོགས་སུ་སོང་།
ཆུ་བོ་ནི་སྔར་གྱི་ཆུ་བོ་རེད། ཆུ་ལམ་བསྒྱུར་བ་མ་གཏོགས། རྒན་པོས་མཚར་སྣང་གིས་ཨ་ཁུ་པཎ་དགས་ཆུ་ཆུ་ཟོ་ཕྱེད་བླངས་ཚུལ་ལ་བལྟས་ནས་བསྡད། ཕལ་ཆེ་སྐམ་ལ་ཉེ་བའི་ཆུ་ལམ་རྙིང་པ་རུ་བུད་སོང་། ཆུ་ལམ་དུ་ད་དུང་ཐག་ལ་ཉེ་བའི་ཆུ་འཁྱིལ་རེ་གཉིས་ཡོད། དེ་ནི་སོས་ལ་ཉེ་བའི་རྨ་ཁ་དང་མཚུངས་པོ་རེད། ཨ་ཁུ་པཎ་དགས་ཐོལ་གྱིས་ལུས་པོ་མར་སྒུར་ཏེ་འདམ་གསེབ་ནས་ཉ་གཅིག་རྗེས་གཉིས་མཐུད་ཀྱིས་བླངས་ཏེ་ཆུ་ཟོ་རུ་འཕང་། དོན་དངོས་ནི་འདི་འདྲ་རེད། ཁོ་ཉ་སྲོག་སྐྱབས་སུ་ཡོང་བ་རེད། ཆུ་ལམ་བཅོས་བསྒྱུར་བྱས་རྐྱེན་ཉེའུ་མང་པོ་དེ་གར་ལུས་ཡོད།
ཉི་འོད་ཧ་ཅང་ཚ་སྟེ་ཆུ་ལམ་རྙིང་བའི་ཡོད་ཚད་མྱུར་དུ་བསྲེགས་འདོད་པ་འདྲ། དུས་ཚོད་དམ་འཛིན་གྱིས་ཨ་ཁུ་པཎ་དགས་རྒྱུན་མི་ཆད་པར་སྲོག་སྐྱབས་པའི་ཉ་ཆུ་ལམ་གསར་བ་རུ་བླུགས། མཆུ་ཏོས་ཚོགས་ངན་བསགས་པ་རེད་ཅེས་ཡང་ཡང་བཟློས། ཐུབ་བསྟན་ཁྱོད་ཅི་མ་ཉན་པ་རེད། རྗེས་སུ་ཁོས་མ་ཎི་འབྲི་དྲུག་འདོན་གྱིན་འདོད་གྱིན་མ་ཎི་དབྱངས་སུ་མགུར། རྒན་པོས“ཨ་ཁུ་པཎ་དགའ་ངལ་གསོ་ཧ་ཅང་འཕྱི་པོ་བྱེད”ཟེར། ཁོས་ཆུ་ལམ་སྐམ་སོང་ས་རུ་མེ་སྦར་ཏེ་ཧ་ཡང་གི་ཇ་དེམ་བཀོལ་ནས་ཆུ་བསྐོལ་ཞིང་རྩམ་ཁུག་ལས་རྩམ་པ་བཏབ་ནས་ཤིང་ཕོར་ནང་དུ་བརྫིས།
ཉིན་གཉིས་པར་ཁོས་མུ་མཐུད་དུ་སྲོག་སྐྱབས་བྱས། རྒན་པོས་བཤད་མཚམས་འདིར་བསླེབས་དུས་སེམས་འགུལ་ཅུང་ཟད་ཐེབས་འདུག ཁོས་མིག་ཤེལ་ཕུད་དེ་ལག་པས་མིག་ཟུར་འབྱེད་ཙམ་འབྱེད་ཙམ་བྱས། ཉིན་དེ་དག་ལས་ཁུལ་ནས་ལས་ཀ་མཚམས་བཞག་མེད། ལས་བཟོ་བ་ཚོས་ཨ་ཁུ་པཎ་དགའ་རང་ཉིད་ལས་ཀྱང་བྲེལ་འཚུབ་ཆེ་བ་མཐོང་རྗེས། ཚང་མས་ཁོ་ལ་ཕོ་ལྷ་འབོད་ཀྱིན་འདུག རེད་ཡ། ལོ་འདི་གར་བརྟག་དཔྱད་ཞིབ་འཇུག་མེད་པར་ཕོ་ལྷ་མོ་ལྷ་ཞེས་འབོད་མོད། ངས་བལྟས་ན་ཚད་ལྡན་ཁོ་ལས་མེད། ཨ་ཁུ་པཎ་དགའ“ཕོ་ལྷ། ཕོ་ལྷ།”ཞེས་འབོད་སྟངས་དེས་མགོ་འཐོམས་སུ་འཇུག་མེད། རྒན་པོས“ཁོས་ཉ་མང་པོ་བསྐྱབས་ཐལ། ངས་བལྟས་ན་ཁྲི་ཁ་ལོན་ཡོད”ཟེར། ཁོ་སྨི་བརྒྱད་བརྒྱ་ཅན་གྱི་ཆུ་ལམ་རྙིང་བ་བརྒྱུད་དུས་བསང་ཆུ་ཆུ་བོའི་མིང་ནས་ཡང་ཡང་བཟློས། དེ་ནི་བསང་ཆུས་ཤ་ཚ་བའི་ཉ་འདི་ཚོ་ལ་རྒྱབ་གཏོད་བྱས་པ་འདྲ། མ་རེད་བྱ་བ་ཅི་ཡིན་རུང་འབྱུང་རྐྱེན་ཡོད་པས་བསང་ཆུ་ལ་ལེ་བདའ་བྱེད་མི་རུང་། ཚོགས་ངན་བསགས་འགྲོ། ཨ་ཁུ་པཎ་དགས་ཆུ་ལམ་རྦད་དེ་སྐམ་སོང་བ་མཐོང་ཞིང་ཉ་སྲོག་སྐྱབས་པའི་རེ་ཐང་ཆད། ཁོའི་ལུས་ཟུངས་ཟད་ཡོད་པ་འདྲ། ཏག་ཏག་ཉིན་དེར་གོང་རིམ་གྱིས་ལས་མཚམས་བཞག་དགོས་པའི་རེ་བ་བཏོན། རྒྱུ་རྐྱེན་ཅི་ཡིན་ནམ། ཐུབ་བསྟན་གྱིས་ལས་ཉེས་བསགས་ནས་འཛིན་བཟུང་བྱས། གོ་ཐོས་སུ་ལས་མི་བསྡུས་སྐབས་ལྐོག་རྔན་བླངས་པ་རེད་ཟེར། ལས་ཡུལ་ཐོལ་དུ་ལྷིང་འཇགས་སུ་གྱུར་ཅིང་འདས་དུས་ཀྱི་འདུ་ལོང་མེད་པར་གྱུར། ཉ་ཤི་རོའི་དྲི་ངན་ཞིག་ཕྱོགས་བཞི་རུ་ཁྱབ།
“ཐུབ་བསྟན་བཙོན་ཁང་དུ་ལོ་དུ་ཙམ་ལ་བཙོན་འཇུག་བྱ་རྒྱུ་རེད།”
“སྦྱིན་བདག་གིས་ཀྱང་ལྐོག་རྔན་སྤྲད་པས་འབྲེལ་བ་ཆད་ཐབས་ཡོད་མ་རེད”
“ད་རུང་འགོ་ཁྲིད་ཁ་ཤས་ལའང་འབྲེལ་བ་ཡོད་སྐད།”
“……”
རྒན་པོས་གུར་ནང་ནས་ཚ་ཚ་འུར་འུར་གྱིས་བགྲོ་གླེང་བྱེད་ཀྱིན་དུས། སྒོ་འགྲམ་ནས་ཁྲོག་སྒྲ་ཞིག་གྲགས་སོང་། རྒན་པོ་སྒོར་སོང་ནས་ལྟ་དུས་ཨ་ཁུ་པཎ་དགའི་ལག་གི་ཆུ་ཟོ་སར་ལྷུང་ཡོད་པ་མཐོང་། ཁོ་ཆུ་ཟོ་སྤྲོད་དུ་ཡོང་བ་རེད། ང་ཚོའི་བགྲོ་གླེང་ཚང་མ་ཁོས་ཐོས་ཡོད་ཁོ་ཐག་རེད། ཨ་ཁུ་པཎ་དགས་ཧོན་ཐོར་དུ་སྦྲ་གུར་ལ་ཅེར་ཞིང་ཕལ་ཆེ་ཡང་བུ་ག་ཆེན་པོ་ཞིག་གི་ནང་དུ་ལྷུང་སོང་བ་འདྲ། དུས་ཡུན་རིང་ཙམ་འགོར་དུས་ཁོས་ལྡབ་ལྡིབ་ཀྱིས“ཚང་མ་ངས་མ་འཇོན་པ་རེད། ཨ་ཕ་ཚེ་ལས་འདས་རྗེས་གཅུང་པོར་བདག་གཉེར་བྱས་མ་མྱོང་། གལ་ཏེ་ངས་སྔ་མོ་ནས་ཁ་ཏ་རེ་བྱས་ཡོད་ཚེ་ཉ་འདི་འདྲ་མང་པོ་ཤི་མི་སྲིད། ཁོའང་བཙོན་ཁང་དུ་འདུག་མི་དགོས”ཟེར། ཨ་ཁུ་པཎ་དགས་འདི་འབྱུང་རྩ་ཡིན་པར་འདོད། ཉེས་འགན་རང་ཉིད་ལ་ཡོད་པར་འདོད། ཁོ་ཁ་ཕྱིར་འཁོར་ཞིང་ཁ་ནང་ནས་ལྡབ་ལྡིབ་ཀྱིས“ངས་མི་ཚེ་འདིར་བསྒྲུབ་དགོས་པ་ནི་སྡིག་པ་དག་ཐབས་བྱ་རྒྱུ་དེ་ཡིན། སྡིག་པ་དག་ཐབས” ཞེས་བཟློས་འོང་། ཁོ་གང་ལ་འགྲོ་བ་རེད། ཨ་ཙི་ཙི། ཨ་ཁུ་པཎ་དགས་ལག་སྙོབས་གཅིག་གིས་ཁོ་ལ་སེམས་གསོ་བྱེད་མཁན་གྱི་རྒན་པོ་ཟུར་དུ་འཕུད་དེ་གོམ་པ་འཁྱར་འཁྱོར་གྱིས་ཁ་གྱེས་སོང་། ཉི་མ་གནམ་འཕངས་སུ་འཚེར་ཏེ་ཁོའི་གྲིབ་གཟུགས་ལུས་ཟུངས་ལས་ཕྱི་རུ་དཔར། །
ལོ་ཙཱ་བ་ངོ་སྤྲོད།
ཧོར་ཚང་བསྟན་འཛིན་ཕུན་ཚོགས། ཡུལ་ཤུལ་ཁུལ་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི། བརྩམས་ཆོས་ཁ་ཤས «ཟླ་ཟེར»དང་། «གངས་རྒྱན་མེ་ཏོག» «གངས་དཀར་རི་བོ» «ཤྭ་སྐྱ» «ནས་འབྲུ་སྔོན་མོ» སོགས་དུས་དེབ་དང་ཚགས་པར་གང་མང་ཞིག་ཏུ་སྤེལ། སྒྲུང་ཐུང་རླུང་གིས་དེད་པའི་ཚེ་སྲོག་ལ2022ལོའི«གངས་དཀར་རི་བོ» ཡི་ཕུལ་བྱུང་བརྩམས་སྒྲུང་གི་བྱ་དགའ་ཐོབ། སྒྲུང་ཐུང་ངའི་ཨ་མ་ནི་ཁྱི་མོ་ཞིག་ཡིན་ཞེས་པ་ལ2023ལོའི«ནས་འབྲུ་སྔོན་མོ» ཡི་སྨྱུག་གསར་བྱ་དགའ་ཐོབ། ད་ལྟ་བོད་ལྗོངས་སློབ་གྲྭ་ཆེན་མོ་རུ་ཞིབ་འཇུག་འདོན་གྱིན་ཡོད།
པདྨ་ལྷ་མཛེས། མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི། ལོ་རབས་དགུ་བཅུ་པའི་སྨད་ལ་ཁམས་ཡུལ་ཤུལ་ནང་ཆེན་དུ་སྐྱེས། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་བརྒྱུད་དེ2021ལོར་མཚོ་སྔོན་མི་རིགས་སློབ་ཆེན་ནས«ནང་ཆེན་རྒྱལ་པོ་མཐའ་མ་ཇི་ལྟར་ཉམས་རྒུད་དུ་བྱུང་ཚུལ་ལ་ཅུང་ཟད་དཔྱད་པ»ཞེས་པ་མཐའ་ཕྱིན་འབྲས་རྟགས་སུ་ཕུལ་ཏེ་དངོས་གཞི་མཐར་ཕྱིན། ད་ལྟ་མགོ་ལོག་ཁུལ་རྨ་སྟོད་རྫོང་མི་དམངས་སྲིད་གཞུང་དུ་ལས་ཀ་གཉེར་གྱིན་ཡོད། སྔ་རྗེས་སུ«གངས་རྒྱན་མེ་ཏོག» དང«མཚོ་སྔོན་པོ་རྩོམ་རིག་སྒྱུ་རྩལ»«ཁམས་པའི་རྩོམ་རིག་སྒྱུ་རྩལ» «གངས་དཀར་རི་བོ» «ཤྭ་སྐྱ》 «མཚོ་སྔོན་བོད་ཡིག་གསར་འགྱུར»«མཚོ་སྔོན་ཁྲིམས་ལུགས་ཚགས་པར» «རྔ་བའི་ཚགས་པར» «ཀན་ལྷའོ་ཚགས་པར» «ཁམས་པའི་ཚགས་པར»སོགས་སུ་སྙན་ངག་དང་ལྷུག་རྩོམ་འགའ་ཤས་སྤེལ་མྱོང་།