ཀྲུང་གོ་བོད་ཀྱི་དྲ་བ།

མངའ་རིས་རྒྱལ་སྲས་ལགས། ཁྱེད་རང་དངོས་གནས་ཕེབས་སོང་ངམ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : སྐལ་བཟང་སྐྱབས་ཀྱིས་བསྒྱུར།   སྤེལ་དུས། : 2022-08-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གུ་གེ་ཚེ་རིང་རྒྱལ་པོ་སྐུ་གཤེགས་པའི་རྗེས་དྲན་དུ་བྲིས་པ།

ཧྲིན་ཝེ་རོང་གིས་བརྩམས།

སྐལ་བཟང་སྐྱབས་ཀྱིས་བསྒྱུར།

མངའ་རིས་རྒྱལ་སྲས་ལགས། ཁྱེད་རང་དངོས་གནས་ཕེབས་སོང་ངམ། ཉིན་འདི་འགར་ང་རང་གར་སོང་ཡིད་ལ་འཁོར་བ་ནི་ཁྱེད་ཀྱི་འཛུམ་དམུལ་དམུལ་གྱི་ཞལ་རས་དང་། ཐོས་འཛིན་ཡུལ་ལ་ལྷུང་བ་ནི་ཁྱེད་ཀྱི་ཧབ་ཆའི་དགོད་སྒྲ་རེད། སྔོན་ཆད་འུ་གཉིས་ཞིབ་འཇུག་གླིང་གི་མཐའ་བཞིའི་ནགས་སུ་འགྲོ་བར་ཤིན་ཏུ་དགའ་ཞིང་། ཉེ་འཁོར་སྤྱི་ལེ་དུ་མའི་ནགས་འདིར་འུ་གཉིས་ཀྱི་རྐང་རྗེས་དང་གད་མོའི་དགོད་སྒྲས་མ་ཁེབས་པ་མེད། དེ་བཞིན་ཁྱེད་རང་དེ་འདྲའི་སྤྲོ་དགའ་རྒྱས་པའི་སྐད་ཅིག་མའི་ཉམས་ནི་ངའི་ཡ་ཆུང་སེམས་སུ་རྡོ་ལ་རི་མོ་བརྐོས་པ་བཞིན་སུབ་ཐབས་མེད། ཡིན་ཡང་ཁྱེད་ཀྱིས་ད་དུང་ང་རང་ལོ་འཁོར་མོའི་ནང་ཉིན་རེ་བཞིན་འུ་གཉིས་དྲན་པའི་རབ་ཁ་ནས་ལོན་དཀའ་བའི་ཚང་ཚང་གཡུ་ལོ་བཀོད་པའི་ནགས་ལྗོངས་སུ་སླར་ལྡོག་པར་སེམས་ཀྱིས་བཟོད་དམ།

བྷར་ལིན་མཐོ་རིམ་ཞིབ་འཇུག་གླིང(Wissenschaftskolleg zu Berlin)ནས་ལོ་གཅིག་གི་ཞིབ་འཇུག་པའི(fellow)ལས་ཀ་རྫོགས་ལ་ཉེ་བས། གཟའ་པ་སངས(ཟླ6ཚེས26ཉིན་)ལ་ཞིབ་འཇུག་གླིང་གིས་ལོ་རེར་ཐེངས་གཅིག་ལ་འཚོགས་པའིfellowགསར་རྙིང་གཉིས་ཀྱི་འདུ་འཛོམས་བསྡུས། ཞོགས་པར་ངེད་གཉིས་མཉམ་དུ་བྷར་ལིན་གྲོང་མཐའི་མཚོWannseeནང་གྲུར་བསྡད་དེ་སྤྲོ་གསེང་བཏང་བར་ཕྱིན། མཚོ་ཁའི་བཀོད་པ་ཉམས་དགའ་བར་ལྟ་ཞོར་ལོ་གཅིག་རིང་ཐོབ་པའི་གྲུབ་འབྲས་དང་དོན་དག་དགོད་བྲོ་ཅི་རིགས་གླེང་། དེར་མ་ཟད་ལོ་བཅུའི་རྗེས་ནས་བྷར་ལིན་མཐོ་རིམ་ཞིབ་འཇུག་གླིང་དུ་སླར་འཛོམས་ཀྱི་ཁ་ཆད་བཞག་ཡོད། ཕྱི་དྲོར་ང་ཚོས་དབྱིན་ཇིར་བོད་བརྒྱུད་ནང་བསྟན་སྒྱུ་རྩལ་ལ་ཞིབ་འཇུག་བྱེད་བཞིན་པའི་འབུམ་རམས་པ་ཞིག་སྣེ་ལེན་བྱས། ཁྱེད་ཀྱིས་རྣམ་དཔྱོད་ལྡན་ལ་ཡིད་དུ་འོང་བའི་ཁྲིན་ཏུའི་བུ་མོ་འདིར་མཛུབ་སྟོན་གནང་ནས་རིག་གཞུང་ཞིབ་འཇུག་གི་ལམ་ཡངས་མོ་ཞིག་བསྟན་ལ། གཟའ་འཁོར་གཉིས་ཀྱི་རྗེས་སུ་ལྷ་ས་ནས་སླར་ཡང་མཇལ་རྒྱུའི་དུས་བཏབ། མཚན་མོར་ཞིབ་འཇུག་གླིང་གི་ཤ་སྲེག་གསོལ་སྟོན་ལ་སོང་། དེ་གའི་གསོལ་སྟོན་གྱི་ཤ་ནི་ཁྱེད་བཟའ་རྒྱུ་དགའ་བ་ལྟར་འཚོས་མེད་ཅིང་ལུག་ཤ་ཡང་མིན། ཡིན་ཡང་ཆང་ནི་ཁྱེད་རང་དགའ་སའི་ཆང་དམར་དེ་རེད། ཤ་ཟ་རོགས་གཡས་གཡོན་ཐམས་ཅད་ཀྱང་ཕན་ཚུན་བློ་འདྲིས་ཤིང་མཐུན་པ་དག་ཡིན། ཞག་མ་དེར་གང་དགའ་གང་སྐྱིད་བྱས་མཐར་ཆུ་ཚོད་དགུ་པ་ཙམ་ལ་འུ་གཉིས་ཀྱིས་ཟ་ཁང་སྒོ་ཁ་ནས་གྱེས་ཕྱག་ཕུལ་ཏེ་ཕྱིན་སོང་། ཁྱེད་རང་ཐད་ཀར་སྐས་འཛེགས་ནས་རང་གི་སྡོད་ཤག་ཏུ་ཕྱིན། ང་ཞིབ་འཇུག་གླིང་གི་སྒོ་ཆེན་ནས་ཐོན་ཏེ་ཉེ་སའི་སྡོད་ཤག་ཏུ་སོང་། མཚན་དེ་ནི་ནམ་རྒྱུན་དང་འདྲ་བར་ཁ་གྱེས་ནས་སོ་སོའི་གནས་ལ་སོང་བ་ཡིན་མོད། ད་ཐེངས་ཁ་བྲལ་བ་ནི་གཏན་དུ་བྲལ་བ་ཡིན་པ་སུ་ཞིག་གིས་མཁྱེན། ཨ་ཁ་ཁ། ཇི་འདྲའི་བློ་ཕངས་པ་ལ་ཨང་། མངའ་རིས་རྒྱལ་སྲས་ལགས། ཁྱེད་རང་དངོས་གནས་ཕེབས་སོང་ངམ།

མངའ་རིས་རྒྱལ་སྲས་ངེད་གཉིས་གནས་དུས་གང་ནས་འཕྲད་པ་ད་ལྟ་ཡིད་ལ་མི་དྲན་མོད། སོ་སོས་བོད་རིག་པའི་ཞིབ་འཇུག་བྱེད་པར་མ་ཟད་རྒྱལ་སྤྱིའི་རང་བཞིན་གྱི་རིག་གཞུང་ཞིབ་འཇུག་ཁྱབ་ཁོངས་འདི་ནས་བགྲང་བྱ་སུམ་ཅུར་ཉེ་བ་འདས་ཡོད་པ་དང་། མ་འདྲིས་པའི་མཛའ་བཤེས་ཁོང་དང་སྔོན་ཆད་ངོ་འཕྲད་པ་ནི་མགོ་གཡུག་གཡུག་ཙམ་ལས་མི་འདུག དེ་ནས་ཁ་ཁོག་མེད་པར་མཛའ་བའི་གྲོགས་སུ་གྱུར་བ་ནི་ན་ནིང་ཟླ་བཅུ་བའི་ནང་ཡིན། དེ་གང་རེད་ཅེ་ན་ངེད་གཉིས་འཇར་མན་བྷར་ལིན་མཐོ་རིམ་ཞིབ་འཇུག་གླིང་གི2014ནས2015ལོའི་fellowལ་བདམས་པས་ཡིན། སྤྱིར་ན་ང་ནི་ལོ་སྔོན་མའིfellowཡིན་མོད་ལོ་གཅིག་ཕྱིར་བསྒྱངས། དགའ་འོས་པར་ད་ལོའིfellowནང་བོད་ཀྱི་རིག་གནས་ལ་ཞིབ་འཇུག་བྱེད་མཁན་མི་གཉིས་འདུག་སྟེ། གཅིག་ནི་ཨོ་ཟི་ཊི་རེ་ཚན་ཞིབ་གླིང་གི་ཞིབ་འཇུག་པGuntram Hazodདང་། ཅིག་ཤོས་ནི་མངའ་རིས་རྒྱལ་སྲས་ཡིན་ནོ། ། ཁོང་གཉིས་ཀྱིས་སྔར་ནས་བཟུང་ཞིབ་འཇུག་མཉམ་ལས་བྱེད་བཞིན་པ་ངས་ཤེས་ཡོད་དེ། བཙན་པོའི་རྒྱལ་རབས་ནས་ས་ཕག་རིན་གཙང་དུས་ཀྱི་སྐུ་དྲག་དང་དགོན་པའི་ལོ་རྒྱུས་སྐོར་ལ་ཞིབ་འཇུག་བྱེད་ཅིང་ད་ལྟ་དབྱིན་ཡིག་གི་ཆེད་རྩོམ་དེབ་མཐུག་པོ་འགའ་པར་བསྐྲུན་བྱས་ཡོད། ཐེངས་འདིར་ཁོང་གཉིས་མཉམ་དུ་བྷར་ལིན་མཐོ་རིམ་ཞིབ་འཇུག་གླིང་ལ་ཕེབས་ཤིང་བོད་ཀྱི་ཁྱིམ་རྒྱུད་ལ་ཆེད་དུ་ཞིབ་འཇུག་གི་མི་གཉིས་ཀྱི་ཚོ་ཆུང་ཞིག་བསྒྲིགས་འདུག ཁོང་གཉིས་དང་ལྷན་དུ་སྡོད་ཐུབ་ན་ཤིན་ཏུ་ཡག་པོ་ཡོད་པས། ང་རང་བྷར་ལིན་དུ་མ་ཡོང་གོང་ཞིབ་འཇུག་གླིང་ལ་འཕྲིན་བསྐུར་ནས་ཚོ་ཆུང་དེ་གར་ཞུགས་རྒྱུའི་སྙན་ཞུ་ཕུལ་ཅིང་དགའ་སྤྲོའི་ངང་ནས་དང་ལེན་ཞུས་སོང་། བློ་ཡུལ་ལས་འདས་པ་ལ་ལོ་འདིར་ངེད་གསུམ་ནི་ཞིབ་འཇུག་གླིང་གི་ཚོ་ཆུང་ནང་ནས་ཚ་ཤོས་སུ་གྱུར། ཐེངས་འདིར་ཞིབ་འཇུག་གླིང་དུ་ཡུལ་གྲུ་སོ་སོ་ནས་ཕེབས་པའི་མི་བཞི་བཅུ་འཛོམས། ཉིན་རེར་ཁ་ལག་ཟ་བར་ཚང་མ་འཛོམས་རྒྱུ་ལས་གཞན་ངེད་གསུམ་ལྟར་མཉམ་འགྲོ་མཉམ་འདུག་བྱེད་པ་ཤིན་ཏུ་དཀོན། ངེད་གསུམ་ནི་རིག་གཞུང་ཞིབ་འཇུག་ཐད་དམིགས་ས་གཅིག་པར་མ་ཟད་ནམ་རྒྱུན་གྱི་འཚོ་བའི་ནང་ཡང་ལུས་དང་གྲིབ་མ་བཞིན་འབྲལ་དུ་མེད། བྷར་ལིན་མཐོ་རིམ་ཞིབ་འཇུག་གླིང་གིས་ང་ཚོར་མཉམ་འཛོམས་ཀྱི་བསྐལ་བ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཟླ་བཅུ་ལྷག་ལ་ངེད་གསུམ་ནི་ཕ་མ་གཅིག་གི་སྤུན་མིན་རུང་དེ་ལས་ལྷག་པའི་རྡོ་རྗེ་སྤུན་གྲོགས་སུ་གྱུར་བར་བཅུག་ཡོད།

ངའི་ཡིད་ལ་དྲན་པ་ནི་སྐབས་དེར་མངའ་རིས་རྒྱལ་སྲས་ཁོང་ང་ཚོའི་རྗེས་ཀྱི་གཟའ་འཁོར་གཉིས་ཙམ་ལ་ཕེབས། ཡིན་ཡང་བྷར་ལིན་ནས་ངེད་གསུམ་གྱི་ཁྲོད་དུ། ཁོང་ནི་ལས་གྲོགས་གཞན་ཚོ་དང་མགྱོགས་པོར་འདྲིས་ཆེ་བར་གྱུར་ཅིང་། ལས་གྲོགས་རྣམས་དང་ཆབས་ཅིག་དགའ་སྤྲོ་བག་ཕེབས་ངང་གླེང་མོལ་བྱེད་པ་རྟག་པར་མཐོང་བས། ལྷ་སའི་གྲོགས་པོ་འདིར་ཀུན་གྱི་དགའ་བསུ་ཐོབ་པ་ཤེས། མངའ་རིས་རྒྱལ་སྲས་ནི་ནུབ་ཕྱོགས་བོད་རིག་པའི་ཁྲོད་དགའ་བསུ་ཐོབ་ཅིང་ཁ་ལས་རྒྱས་འདུག་སྟེ། ཡོ་རོབ་གླིང་ཡུལ་གྲུ་སོ་སོ་དང་དེའི་ནང་བྷར་ལིན་དུའང་ཁོང་དང་མཉམ་ལས་བྱས་པའི་རིག་གཞུང་ལས་རོགས་མང་། དེའི་དབང་གིསGuntramནི་ཁོང་ལ་བརྩེ་བ་ཆེ་བར་མ་ཟད། སྐབས་དེར་གྲོགས་པོ་མང་པོ་ཞིག་ཧན་བྷར་དང་།

ལའེ་ཕི་ཟེག་དང་། ཝེ་ནཱ་ལས་བྷར་ལིན་ལ་དམིགས་སུ་ཕེབས་ཏེ་ཁོར་ཐུགས་འཕྲད་དང་བཀའ་འདྲི་ཞུ་མཁན་མང་། དེའི་ནང་ལའེ་ཕི་ཟེག་སློབ་གྲྭ་ཆེན་མོའི་བོད་རིག་པའི་སློབ་དཔོནPer Sorensenནི་མངའ་རིས་རྒྱལ་སྲས་ཀྱི་མཛའ་བཤེས་རྙིང་བ་ཡིན་འདུག ཐེངས་ཤིག་ལPerགྱིས་ང་ལ་མངའ་རིས་རྒྱལ་སྲས་ཀྱི་གནས་ཚུལ་དྲིས་པས། ངས་ཁོང་ལ། མངའ་རིས་རྒྱལ་སྲས་ནི་ཞིབ་འཇུག་གླིང་དུ་ཀུན་གྱིས་ཤེས་པའི་མི་སྣ་གྲགས་ཅན་རེད་ཅེས་དབང་མེད་དུ་བཤད། Perལགས་ཁ་ཁོག་མེད་པས་ང་ལ། རྒྱུ་མཚན་ནི་ཁོང་རང་ཞིབ་འཇུག་གླིང་གི་སྲོག་ཆགས་དཀོན་པོ་རེད་ཅེས་རྩེད་མཚར་གྱི་ཚུལ་དུ་བརྗོད། མངའ་རིས་རྒྱལ་སྲས་ཀུན་ལ་འདྲིས་ཆེ་ཞིང་དགའ་ཤོས་ཆགས་པའི་རྒྱུ་མཚན་ནི་ཁོང་ཉིད་ཞིབ་འཇུག་གླིང་དུ་བདམས་པའི་བོད་པfellowཐོག་མ་ཡིན་པ་མིན་ཏེ། ཁོང་གི་རྒྱུད་ཀྱི་གཤིས་འཇམ་གཞུང་དྲང་དང་མཛའ་བརྩེ་ཁ་ཁོག་མེད་པ་དང་། དཀྱེལ་ཡངས་དང་དགའ་སྤྲོའི་ཉམས་དང་འགྱུར་བ་ནི་ཆུ་ཤེལ་བཞིན་དྭངས་ཤིང་། ཐ་ན་བྱིས་བློ་འདྲ་བའི་ཉམས་དེ་ནི་ང་ཚོའི་ཞིབ་འཇུག་གླིང་མ་ཟད། འཛམ་གླིང་ཡུལ་གྲུ་གང་དུའང་དཀོན་པའི་གནས་ལས་མ་འདས། ལོ་གཅིག་རིང་མཉམ་དུ་བསྡད་པའི་ལས་གྲོགས་རྣམས་མངའ་རིས་རྒྱལ་སྲས་མཐའ་ལ་འཁོར་དོན་ཡང་ཁོའི་རྒྱུད་དུ་གྲུབ་པའི་མི་གཤིས་ཀྱི་ཡོན་ཏན་འདི་མཐོང་བ་ཡིན་པ་ངས་ཚིག་ཐག་ཆོད་པས་བརྗོད་ཐུབ།

ཞིབ་འཇུག་གླིང་གི་ལས་གྲོགས་བཞི་བཅུ་བོ་སོ་སོ་མཁས་པ་ཕུལ་བྱུང་ཅན་ཡིན་མོད། ལོ་འདིའི་ནང་ཁོང་ཚོ་ཟླ་འགའ་ལས་མི་སྡོད་པར་ཡར་འགྲོ་མར་འགྲོ་མང་། དེའི་ནང་ཡང་མངའ་རིས་རྒྱལ་སྲས་ལྟར་འདྲིས་པར་གྱུར་བ་གཞན་ཞིག་ནི་རྣོ་སྦྲེང་མཁན་པོ་སྐུ་ཞབསAndras Schiffགཅིག་པུ་ཆགས། སྐུ་ཞབསSchiffདང་ང་ཚོ་ཟླ་གསུམ་ཙམ་ལས་མ་འགྲོགས། ཁོང་དང་ཁོང་གི་ལྕམ་འདེགས་ཆུང་མཁན་པོ་གཉིས་ཟ་ཁང་དང་ཚོགས་ཁང་དུ་ཕེབས་དུས་ང་ལ་བག་ཕེབས་དགའ་སྐྱིད་ཀྱི་བདེ་སྣང་ཞིག་དབང་མེད་དུ་སྦྱིན། སྐུ་ཞབས་Schiffདགའ་ཤོས་ཀྱི་ལས་གྲོགས་སུ་རེད་ཅེ་ན། མངའ་རིས་རྒྱལ་སྲས་ཡིན་པ་ཐེ་ཚོམ་མེད། སྐུ་ཞབསSchiffཞིབ་འཇུག་གླིང་ནས་འགྲོ་བའི་ཉིན་དེའི་ཞོགས་པར་ངེད་གསུམ་ཁང་པའི་ནང་ཕེབས་སྐྱེལ་ཞུ་བར་བཅར། སྐུ་ཞབས་དགའ་སྤྲོའི་ངང་རང་གི་གཞས་ཀྱིCDརུ་མིང་བྲིས་ནས་དྲན་རྟེན་དུ་གནང་། དེ་ནས་འཐུང་འཕྲོར་ལུས་པའི་ཝེ་སི་ཁེ་ཞིག་མངའ་རིས་རྒྱལ་སྲས་ལ་བྱིན་པ་དང་། ཕྱིས་སུ་མྱུར་བར་བོད་དུ་བཅར་འདྲི་དང་འཁྲབ་སྟོན་ལ་འགྲོ་རྒྱུའི་རེ་བ་བཟུང་ཞིང་། དེ་དུས་བོད་ནང་གི་གནས་ཆེན་ཁག་ལ་མཇལ་སྐོར་འཁྲིད་རོགས་སྐོར་ལབ། སྐུ་ཞབས་ཁོང་མངའ་རིས་རྒྱལ་སྲས་ལ་བརྩེ་འདང་རབ་ཏུ་ཆེ་ལ་མངའ་རིས་རྒྱལ་སྲས་ཀྱི་གདོང་དུའང་དགའ་སྤྲོས་ཁེངས་འདུག ཁ་མ་བྲལ་གོང་སྐུ་ཞབས་ཁོང་གིས་ངེད་གསུམ་པོས་ཆུ་ཚོད་གཅིག་རིང་ལ་ཕིང་ཕིང་སྤོ་ལོ་རྩེ་བའི་གྲོས་འགོན་བཏོན། ད་ལོའིfellowནང་ཕིང་ཕིང་སྤོ་ལོ་རྩེས་ནGuntramངེད་གཉིས་གཟེངས་སུ་ཐོན་ཡོད་ཅིང་། སྐུ་ཞབསSchiffནི་སྤོ་ལོ་རྩེས་ནའང་རྣོ་སྦྲེང་བརྡུང་བ་ལྟར་ཉམས་ཀྱིས་ཕྱུག སྤྱིར་ན་ངེད་གཉིས་ལ་འགྲན་འཛུགས་མི་ཕོད་ཅིང་། སྤོ་ལོ་བརྩེས་ན་བཟོ་ལྟ་ཅུང་འཁོབ་ཏོ་ཡིན་པའི་མངའ་རིས་རྒྱལ་སྲས་ཀྱང་དེ་རིང་དམིགས་བསལ་གྱིས་རྩེད་མོར་ཞུགས། ཉིན་མོ་དེ་ནི་ཞིབ་འཇུག་གླིང་གི་ལོ་གཅིག་རིང་དྲན་ཆེ་ཤོས་དང་སྐྱིད་ཤོས་ཆགས། ཡིན་ཡང་། མངའ་རིས་རྒྱལ་སྲས་ལགས། ཁྱེད་རང་དངོས་གནས་ཕེབས་སོང་ངམ། རྗེས་མར་སྐུ་ཞབསSchiffལ་འཕྲད་ན་ངས་ཇི་ལྟར་རྩིས་སྤྲོད་དགོས།

ང་དང་མངའ་རིས་རྒྱལ་སྲས་བར་མཛའ་གཅུགས་ཀྱི་ལས་འབྲེལ་སྨིན་ས་དེ་གམ་དུ་ཡོད་པའི་སྔོ་ལྗང་གི་ནགས་ཚལ་འདི་དང་ཡུག་གཅིག་ཏུ་འབྲེལ་ཡོད། ངེད་གཉིས་ལ་མཐུན་ས་ཆེ་ཞིག་ཡོད་པ་ནི་ཤ་ལ་ཟ་རྔམ་རབ་ཏུ་ཆེ་བ་དེའོ། ། ཁོང་ནི་འབྲོག་པ་ཡིན་པས་ཤ་ལ་དགའ་བ་ལྷན་སྐྱེས་ཀྱིས་གྲུབ། ང་རང་ཤ་ལ་དགའ་བ་ནི་ཆུང་དུས་ཁ་ནང་མ་ཡོང་བས་ལན་པ་ཡིན། ཞིབ་འཇུག་གླིང་གི་ཟ་མས་ངེད་གཉིས་ཀྱི་འདོད་པ་སྐོང་མ་ཐུབ་པས་ཉེ་འགྲམ་གྱི་འཇར་མན་པའི་ཟ་ཁང་དུ་རྟག་པར་སོང་། འཇར་མན་གྱི་ཁ་ལག་ཀུན་ལས་ཀྱང་ཕག་སུག་བསྲེགས་མར་ལྷག་པར་དགའ། ཤ་ནི་ཟས་མཆོག་ཅིག་ཏུ་བརྩི་ཆོག་མོད། ཟ་ཚོད་མ་ཟིན་ན་ཤིན་ཏུ་གནོད་པར་སེམས། ཉིན་ཞིག་ཁ་ལག་ཟ་སྐབས་ངས་མངའ་རིས་རྒྱལ་སྲས་ལ་“ཁྱེད་རང་ཤིན་ཏུ་རྒྱགས་པས་ད་ནས་ནགས་སུ་སྤྲོ་གསེང་ལ་འགྲོ་”ཞེས་ལབ་པ་ཡིན། Guntramའདུས་པའི་ལས་གྲོགས་ཚོས་ངའི་གཏམ་དེ་ཐོས་ནས་ཧ་ལས། ཡིན་ཡང་མངའ་རིས་རྒྱལ་སྲས་ཀྱིས་དགའ་སྤྲོ་དང་བཅས། “ཞེ་དྲག་ཡག་པོ་རེད། ཁྱེད་ནགས་སུ་འགྲོ་དུས་ང་ཡང་འཁྲིད་རོགས་”ཞེས་བརྗོད་བྱུང་། དུས་དེ་ནས་ངེད་གཉིས་དབྱར་དགུན་སྟོན་དཔྱིད་མ་ཆད་པར་སྤྱི་ལེ་ལྔ་དྲུག་གི་ནགས་སུ་འཆམ་འཆམ་སོང་། ནགས་རྒྱ་རྫོང་འདི་ནི་རང་བྱུང་ལྷུན་གྱིས་གྲུབ་པས་ཁ་དབུགས་དྭངས་ཤིང་ཁམས་སྐྱིད་པོ་ཡོང་གིན་འདུག སྐབས་རེར་ལམ་ནས། Guntramལེ་ལོ་ཆེ་བས་སྤྲོ་གསེང་གི་སྐྱིད་མི་ཤེས་ཞེས་འཁང་ར་བྱས། ཟླ་བཅུ་གཅིག་པའི་ཟླ་འགོའི་གཟའ་སྤེན་པའི་ཕྱི་དྲོ་ཞིག་ལ་ངེད་གཉིས་མཚོKrumme Lankeལ་འཆམ་འཆམ་དུ་འགྲོ་རྒྱུ་བྱས་མོད། ཡིན་ཡང་ལམ་རྒྱུས་མེད་པས་ཞིབ་འཇུག་གླིང་ནས་ཆུ་ཚོད་གཉིས་ལྷག་སོང་མཐར་ད་གཟོད་མཚོ་འགྲམ་ལ་འབྱོར། གནས་དེ་ནི་ལྷིང་འཇགས་དང་མཛེས་སྡུག་གི་ཞིང་ཁམས་ཉམས་དགའ་བ་ཞིག་འདུག ད་དུང་ཡིད་མ་མགུ་ཞིང་ལམ་གསར་པ་ཞིག་བཙལ་ནས་ཕྱིར་ཞིབ་འཇུག་གླིང་ལ་ལོག་རྒྱུ་བྱས། ཡིད་ལ་མ་འཆར་བ་ནི་སྟོན་ཁའི་བྷར་ལིན་ནི་ཆུ་ཚོད་བཞི་དང་ཕྱེད་ཀར་མུན་རུབ་སོང་བས། ངེད་གཉིས་མགོ་འཁོར་ཅིང་མདུན་དུ་འོད་ཡོད་པའི་ལམ་ཕྱོགས་དེད་ནས་མུ་ནས་མུར་སོང་བ་དང་། ཆུ་ཚོད་བདུན་པར་སླེབས་ལ་ཉེ་བའི་སྐབས་སུ་ནགས་ལས་ཐར། དེ་ནས་ནགས་མཐའི་མེ་འཁོར་ས་ཚུགས་ལ་འབྱོར་དུས་གཉི་ཀ་ཤེད་མེད་ཐང་ཆད་དུ་གྱུར་ནའང་སེམས་ཀྱི་དགའ་བ་ནི་བརྗོད་པར་དཀའ་ཞིང་། དེ་ནས་ཡང་ས་ཚུགས་འགྲམ་དུ་ཡོད་པའི་འཇར་མན་ཟ་ཁང་གི་ར་སྐོར་ནང་སྦི་རག་འཐུང་ས་ཡོད་པ་ནས་གྲང་ངར་གདོང་གིས་བསུས་ཏེ་ཤ་བསྲེགས་མ་ཡིད་ཚིམ་པ་ཞིག་ཟོས།

ཡེ་ཤུའི་འཁྲུངས་སྐར་ལ་ཉེ་བའི་སྐབས་ལ། ཀྲུང་གོའི་མི་དམངས་སློབ་གྲྭ་ཆེན་མོའི་གནའ་རབས་རིག་གནས་སློབ་གླིང་གི་སློབ་མ་གཉིས་ཞིབ་འཇུག་གླིང་དུ་ལྟ་སྐོར་ལ་བསླེབས་ཤིང་། ངས་མོ་གཉིས་ལ་ནགས་སུ་འཆམ་འཆམ་འགྲོ་བའི་གྲོས་བཏོན་ཅིང་དེའི་རྗེས་ནས་མཚོKrumme Lankeལ་སླར་ཡང་མཚོ་སྐོར་འགྲོ་རྒྱུ་བྱས། ཡིན་ཡང་ངས་འཇར་མན་གྱི་རྨོ་མོ་ཞིག་ལ་ལམ་དྲིས་དུས། དེར་ལམ་ཐག་ཞེ་དྲག་རིང་བས་ཉེ་འགྲམ་གྱི་མཚོTeufelseeལ་སོང་ན་ཡག་པོ་ཡོད་ཟེར། དེ་བཞིན་ང་ཚོ་མཚོTeufelseeལ་འབྱོར་དུས་ཆུ་ཚོད་སྔ་ཐོག་མགུ་མ་གང་བས་མུ་མཐུད་འགྲོ་རྒྱུ་བྱས། ཐེངས་འདིར་མུན་རུབ་པའི་དུས་མ་ཤེས་པ་མིན་པར་ཐང་གི་སྡུག་ཐོད་ལ་བླངས་པ་འདྲ་སྟེ། ལམ་ནས་འོད་མཐོང་ཚད་དེད་དེ་སོང་མཐར་ནགས་ལས་ཐོན་དུས་གྲོང་ཁྱེར་བྱང་ཤར་གྱི་མཚོ་ཆེན་པོHavelའགྲམ་ལ་བསླེབས་འདུག ལམ་དུ་ཧ་ལམ་ཆུ་ཚོད་ལྔ་ཙམ་ལ་ཕྱིན། མངའ་རིས་རྒྱལ་སྲས་ལམ་ནས་རབ་ཏུ་སྤྲོ་བར་མ་ཟད། རང་གི་བུ་མོ་དང་ན་མཉམ་གྱི་སློབ་མ་སྙིང་རྗེ་གྲུང་པོ་འདི་གཉིས་ལ་དགའ་བོ་འདུག དེ་ནས་ཁོས་ང་ཚོ་ཨུ་ཚུགས་ཀྱིས་ཁྲིད་དེ་ཁྲོམ་གྱི་སྦི་རག་ཅེས་འབོད་པའི་འཇར་མན་གྱི་ཟ་ཁང་དུ་ཕག་སུག་བསྲེགས་མ་ཡིད་ཚིམ་པར་ཟོས། མི་དམངས་སློབ་ཆེན་གྱི་བུ་མོ་གཉིས་ལ་མཚོན་ན་ཉི་མ་དེ་ནི་བྷར་ལིན་དུ་སློབ་སྦྱོང་ལྟ་སྐོར་ཡོང་བའི་ནང་སྤྲོ་ཤོས་ཡིན་ལ། མངའ་རིས་རྒྱལ་སྲས་ཀྱིས་ཁོ་མོ་གཉིས་ལ་ཕག་ཤ་བསྲེགས་མའི་གསོལ་སྟོན་བཤམས་པའང་ས་འདི་གར་མྱངས་པའི་ཁ་ལག་མཐའ་དག་ལས་མཆོག་གྱུར་ཡིན་སྙམ། དེ་བཞིན། དགའ་སྤྲོ་དང་བརྩེ་བས་ཁེངས་པའི་མངའ་རིས་རྒྱལ་སྲས་ཀྱིས་དེ་གཉིས་ལ་ནམ་ཡང་བརྗེད་པར་དཀའ་བའི་བག་ཆགས་ཟབ་མོ་བཞག་ཡོད། མངའ་རིས་རྒྱལ་སྲས་སྐུ་གཤེགས་པའི་གནས་ཚུལ་ཐོས་མ་ཐག་སློབ་མ་གཉིས་ཀྱིས་ང་ལ། རྒན་ལགས། ཁོང་ཉིད་དངོས་གནས་ཕེབས་སོང་ངམ་ཞེས་མིག་མཆི་མས་ཁེངས་བཞིན་དྲིས་བྱུང་།

དང་ཐོག་ནགས་སུ་འཆམ་འཆམ་འགྲོ་འགོ་རྩོམ་དུས་མཚམས་རེར་མ་གཏོགས་མེད། རིམ་གྱིས་ཉིན་གཅིག་མ་ཆད་པར་རྟག་པར་སོང་ཞིང་ཐ་ན་ཉིན་གཅིག་ལ་ཐེངས་གཉིས་ཀྱང་ཡོད། གཟའ་ཟླ་བ་དང་། མིག་དམར་དང་། ལྷག་པ་དང་། པ་སངས་བཅས་ལ་ཞིབ་འཇུག་གླིང་གི་ལས་གྲོགས་ཚོས་གུང་ཟས་མཉམ་དུ་ཟ། ཟོས་རྗེས་ཞིབ་འཇུག་གླིང་གི་འགྲམ་གྱི་མཚོHalenseeལ་སྐོར་བ་འགྲོ། གཟའ་ཕུར་བུའི་དགོང་མོར་ལས་གྲོགས་རྣམ་པས་ཁ་ལག་མཉམ་ཟ་བྱ། འཇར་མན་གྱི་དགོང་ཟས་ནི་ཆོ་ག་གཟབ་རྒྱས་འདྲ་ལ་འགྲོ་ལུགས་མང་བས་འཕོངས་ཤ་མར་བཞག་པ་ནས་ཆུ་ཚོད་གསུམ་ཙམ་ལ་ལངས་རྒྱུ་མེད། དེ་དུས་ངེད་གཉིས་ནི་ཤ་ཆང་གི་འདོད་པའི་དབང་གིས་རྟག་པར་ཟ་ཚོད་མི་ཟིན་ལ་སྔར་བྱས་འགྱོད་པ་སྐྱེས། རྒྱགས་ཆོད་རྗེས་མངའ་རིས་རྒྱལ་སྲས་ཀྱིས་ང་ལ་དགེ་རྒན་ཧྲིན་ལགས། འུ་གཉིས་ཕྱི་ལོགས་ལ་འཆམ་འཆམ་འགྲོ་ཟེར། དེ་ནས་ལས་གྲོགས་ཚོས་མུ་མཐུད་ཟ་བའི་དུས་སུ་ལྐོག་ནས་ནགས་ལ་སོང་། མཚོGrunewaldseeལ་སྐོར་བ་བརྒྱབ་ན་ཆུ་ཚོད་གཅིག་དང་ཕྱེད་ཀ་འགོར། དེ་ནས་ཕྱིར་སྡོད་ཤག་ལ་འབྱོར་དུས་ནམ་གུང་ཆུ་ཚོད་བཅུ་གཅིག་ལ་ཕྱིན། ཡིན་ཡང་སེམས་པ་སྐྱིད་པོ་ཡོད་ཅིང་ཤ་ཆང་ཚོད་མེད་རོལ་བའི་འགྱོད་པའང་སངས་འགྲོ།

ངེད་གཉིས་ཉིན་ཐོག་ཟླ་བརྩེགས་ཀྱིས་ནགས་སུ་འཆམ་འཆམ་སོང་བས་ཁ་ཁོག་གཉིས་མེད་ཀྱི་མཛའ་བཤེས་སུ་གྱུར། འགྲོ་ཞོར་ཡིད་ལ་གང་དྲན་ལབ་པ་སྟེ་ཆོས་འཇིག་རྟེན་གཉི་ཀ་མ་གླེང་བ་མེད། ལབ་གླེང་ལས་ལྷག་པར། བོད་རིག་པའི་ཞིབ་འཇུག་སྐོར་མང་ཤོས་ཡིན་ཏེ། འདས་མ་ད་གསུམ་གྱི་དཔེ་ཀློག་དང་། གཉི་ཀས་ངོ་ཤེས་པའི་གྲོགས་པོ་དང་དེ་ཚོའི་ཞིབ་འཇུག་དང་། རང་སོ་སོ་འཇུག་བཞིན་པའི་ཞིབ་འཇུག་གི་སྐོར་བཅས་སོ། ། ནུབ་གླིང་བོད་རིག་པའི་ཞིབ་འཇུག་པའི་ནང་ངེད་གཉིས་ལ་གྲོགས་པོ་མང་ཞིང་། ཁོ་ཚོས་ཡིག་ཆ་ཀློག་མི་ཤེས་པ་དང་། བོད་བརྒྱུད་ནང་བསྟན་གྱི་སྐུའི་རིགས་ངོས་འཛིན་མི་ཐུབ་ཚེ་རྟག་པར་མངའ་རིས་རྒྱལ་སྲས་ལ་བཀའ་འདྲི་ཞུ། མངའ་རིས་རྒྱལ་སྲས་ནི་རང་གི་ཕ་ཡུལ་གྱི་ཤེས་རིག་ལོ་རྒྱུས་ལ་ཞིབ་འཇུག་བྱེད་མཁན་རིགས་གཅིག་མཁས་པ་ཡིན་ཏེ། མངའ་རིས་ཀྱི་ཡིག་ཚགས་དང་། སྤྱི་ཚོགས་དང་། ལོ་རྒྱུས་དང་། ཆོས་ལུགས་དང་། སྒྱུ་རྩལ་ཐད་ཀྱི་ཞིབ་འཇུག་ལ་མཁས་པའི་ཁྱུ་མཆོག་ཡིན། དེའི་ནང་ནས་བླ་ལྷག་ཏུ། བསྟན་པ་སྔ་དར་གྱི་དུས་འགོའི་ནང་པའི་བྲག་ཕུག་དང་སྐུ་བརྙན་མང་པོ་ནི་ཁོང་ཡུལ་དངོས་སུ་ཕེབས་ཏེ་སྔར་མེད་གསར་དུ་རྙེད་པས་སྟོད་མངའ་རིས་ཀྱི་ནང་པའི་ལོ་རྒྱུས་ཞིབ་འཇུག་གི་ལམ་ཁ་ཇེ་ཡངས་སུ་བཏང་། ད་ལ་ཐུག་བར་ཁོས་ནུབ་གླིང་བོད་རིག་པའི་ཞིབ་འཇུག་པ་རྣམ་པར་མཉམ་འབྲེལ་གྱིས་དབྱིན་ཡིག་གི་དེབ་རྒན་ལྔ་པར་དུ་བསྐྲུན། བཙན་པོའི་རྒྱལ་རབས་ནས་ས་ཕག་རིན་གཙང་དུས་ཀྱི་ལོ་རྒྱུས་དང་ཆོས་ལུགས་ཞིབ་འཇུག་ལ་བྱས་རྗེས་བཞག་པར་མ་ཟད། རྒྱལ་སྤྱིའི་བོད་རིག་པའི་ནང་དུའང་སྙན་པའི་གྲགས་པ་འབར། ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་པ་བགྲང་ལས་འདས་པའི་ཁྲོད་ཀྱང་ཁོང་ལྟ་བུ་ཤིན་ཏུ་དཀོན་ནོ། །

མངའ་རིས་རྒྱལ་སྲས་ནི་དྲེགས་མེད་ཁེངས་སྐྱུང་དང་ངང་རྒྱུད་འཇམ་ལ་ཞི་ཞིང་དུལ་བས་མཁས་པའི་ཡོན་ཏན་མ་ལུས་འཛོམས། ཕ་རོལ་གྱིས་ཁོའི་ས་ནས་མང་པོ་བསླབ་ཅིང་ཞིབ་འཇུག་གི་རྒྱུ་ཆ་དང་ཆ་འཕྲིན་གསར་པ་མང་པོ་བླངས་པ་ཡིན་མོད། ཁོས་ནམ་ཡང་ཕ་རོལ་པོའི་ཚན་རིག་དང་མཐུན་པའི་ཞིབ་འཇུག་གི་རིགས་པ་དང་། དཀའ་ཐུབ་དང་ལེགས་ཐོག་ལེགས་འཚོལ་གྱི་ཡོན་ཏན་ལ་བསྟོད་པ་ཁོ་ན་འབུལ།  ཁོང་གིས་ང་ལGuntramགྱིས་ཁྲ་འབྲུག་དགོན་ནས་ཟླ་འགར་དགོན་པའི་ཡིག་ཚགས་གཅིག་གཅིག་གཉིས་གཉིས་བཙལ་ནས། ཡིག་ཚགས་ཞིབ་འཇུག་དང་ཡུལ་དངོས་བརྟག་དཔྱད་ཟུང་འབྲེལ་ངང་དེབ་རྒན་ཞིག་བརྩམས་པའི་གཏམ་རྒྱུད་དེ་ཡང་ཡང་ལབ་བྱུང་། བོད་ཀྱི་ཞིབ་འཇུག་པའི་ཁྲོད་མངའ་རིས་རྒྱལ་སྲས་ལྟ་བུ་ཤིན་ཏུ་དཀོན་ཏེ། ཆོས་ཀྱི་ཤན་ཆེ་བའི་རིག་གཞུང་སྲོལ་རྒྱུན་ལ་ཁོང་གིས་མཐའ་དཔྱོད་ཀྱི་སྙིང་སྟོབས་བཅངས་ནས། དཔྱོད་ཤེས་དང་ཚན་རིག་གི་དེང་རབས་རིག་གཞུང་ཞིབ་འཇུག་གི་རིགས་པར་གོང་བཀུར་ཆེ། དེར་མ་ཟད་བོད་ཀྱི་རིག་གནས་ཞིབ་འཇུག་ལ་དེང་རབས་ཀྱི་རིག་གཞུང་ཞིབ་འཇུག་གི་རིགས་པ་སྦྱར་བར་གཞོལ།  ཁོང་ཡིད་སྨོན་འཆོར་སའི་བོད་ཀྱི་མཁས་པ་ནི་སྐུ་ཞབས་མཁར་རྨེའུ་བསམ་གཏན་ཡིན་ཚུལ་ང་ལ་ལབ། རྒྱུ་མཚན་སྐུ་ཞབས་ཁོང་གིས་བོད་ཀྱི་ལོ་རྒྱུས་དང་རིག་གནས་ལ་ཞིབ་འཇུག་རྨད་དུ་བྱུང་བ་བྱས་ཐོག བོད་བརྒྱུད་ནང་བསྟན་གྱི་སྲོལ་རྒྱུན་གྱི་ཞིབ་འཇུག་ཐབས་ལམ་ལས་བརྒལ་བས་འཛམ་གླིང་རང་བཞིན་གྱི་བོད་རིག་པའི་མཁས་པའི་གོ་འཕང་ལྡན། ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ནི་འཛམ་བུ་གླིང་གི་རྩེ་མོ་ཟིན་དགོས་ན། སྔོན་འགྲོ་ནི་སྐུ་ཞབས་མཁར་རྨེའུ་ལྟ་བུ་ཁ་ཤས་འབྱུང་རྒྱུ་དེའོ། ། འདི་ལས་རྟོགས་པ་ནི་ཁེངས་སྐྱུང་གིས་མངའ་རིས་རྒྱལ་སྲས་ཀྱི་ཞིབ་འཇུག་གི་ཕུགས་བསམ་ལ་གེགས་བྱས་མེད་ཐོག ཁོང་ལ་རིག་གཞུང་ཞིབ་འཇུག་གི་འབྲས་བུ་གཡུར་ཟ་སྨིན་དུ་བཅུག ཡིན་ཡང་ཁོའི་ཕུགས་བསམ་ལྷག་པར་ཆེ་ལ་མ་འོངས་པའི་ཞིབ་འཇུག་ཁ་ཕྱོགས་ལ་འཆར་གཞི་ཕུན་སུམ་ཚོགས་པ་འཐེན་འདུག རྗེས་སུ་སྐུ་ཞབས་མཁར་རྨེའུ་ལྟ་བུའི་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་གི་མཁས་དབང་ཆེན་པོ་ཆགས་རྒྱུའི་དམ་བཅའ་བཞག་ནས་ཀྲུང་གོའི་བོད་རིག་པ་དེ་འཛམ་གླིང་གི་ཡང་རྩེར་ཟིན་རྒྱུ་བསམ། འདིའི་སྐོར་གླེང་དུས་ངས་ནི་མངའ་རིས་རྒྱལ་སྲས་ལ་དབང་མེད་དུ་བསྔགས་ཤིང་། རིག་གཞུང་ཞིབ་འཇུག་གི་མཛའ་བཤེས་ཁོང་ལྟ་བུ་བྱུང་བར་དགའ་ཞིང་མྱོས། ང་ཚོའི་མངའ་རིས་རྒྱལ་སྲས་འདི་ལྟར་གཤེགས་པར་མྱ་ངན་ཁོང་ནས་བརྡོལ།

ངེད་གཉིས་ཀྱིས་བྷར་ལིན་མཐོ་རིམ་ཞིབ་འཇུག་གླིང་གི་སྐོར་ཁ་བརྡ་བྱས་པར་མ་ཟད། ཞིབ་འཇུག་གླིང་གིfellowལ་བདམས་ཤིང་ལོ་དེའི་ཚོ་ཆུང་གཉིས་ཡོད་པའི་ནང་གི་གཅིག་ཆགས་པར་ཤིན་ཏུ་དགའ་སྤྲོ་སྐྱེས། དེ་བཞིན་སོ་སོའི་ཕྱི་སྐད་ཀྱི་ནུས་པ་ཞན་ཅིང་རིག་གཞུང་སྦྱོང་བརྡར་ཉུང་བའི་གནས་སྟངས་ལ་སེམས་ཁུར་བྱས། ད་ལོའིfellowདག་ནི་ཞིབ་འཇུག་པ་མཁས་པ་ཡང་རྩེ་རེད། ཡིན་ཡང་ངེད་གཉིས་ནི་རིག་གནས་གསར་བརྗེའི་ཁོར་ཡུག་དམིགས་བསལ་བར་འཚར་ལོངས་བྱུང་བའི་དབང་གིས། ནུབ་གླིང་གི་རིག་གཞུང་ཁོར་ཡུག་ཏུ་ལས་གྲོགས་ཚོ་དང་མཉམ་དུ་ལངས་དུས་ངེད་གཉིས་ལ་ཞན་ཆ་ཤིན་ཏུ་མང་། ངེད་གཉིས་ཚོ་ཆུང་གི་ཡ་གྱལ་ཡིན་མོད་རིག་གཞུང་ངོས་ནས་ངེད་གཉིས་ཀྱི་ཞིབ་འཇུག་ནི་གཙོ་རྒྱུགས་ནང་འགྲོ་མི་ཐུབ། ལས་གྲོགས་གཞན་དག་ནི་ཚན་རིག་པ་གྲགས་ཅན་ནམ། ནུབ་གླིང་མཚན་ཉིད་རིག་པ་དང་། རྩོམ་རིག་དང་། སྒྱུ་རྩལ་དང་། ལོ་རྒྱུས་ཞིབ་འཇུག་གི་མཁས་པ་ཤ་སྟག་ཡིན། ཁོང་ཚོའི་ཞིབ་འཇུག་བྱ་ཡུལ་སྐོར་ནས་ངེད་གཉིས་ལ་དེའི་ཐད་ཀྱི་རྨང་གཞིའི་ཤེས་བྱ་ཙམ་ཡང་མེད། དེ་བཞིན། རིག་གཞུང་སྙན་ཞུར་ཉན་དུས་མང་ཤས་ཧ་མི་གོ་བས་ཕ་རོལ་ཡོན་ཏན་རང་རྒྱུད་དུ་ལེན་པ་ཤིན་ཏུ་དཀའ། དེར་བརྟེན་རྟག་པར་ཕན་ཚུན་ལ་སེམས་གསོ་དང་སྐུལ་ལྕག་བྱས་ཤིང་། སོ་སོས་ནུས་པ་ཡོད་རྒུར་བརྟེན་ནས་ཁོང་ཚོའི་རིག་གཞུང་གྲུབ་འབྲས་དང་། རིག་གཞུང་གི་ཐབས་དང་རིགས་པ་རང་རྒྱུད་དུ་བླངས་པ་ཡིན།

བྷར་ལིན་མཐོ་རིམ་ཞིབ་འཇུག་གླིང་གིསfellowརྣམས་ལ་རིག་གཞུང་དང་འཚོ་བའི་མཐུན་རྐྱེན་ཕུན་སུམ་ཚོགས་པ་སྤྲད་ཅིང་། དེ་གར་ང་ཚོའི་ལས་ཀ་གཙོ་བོ་ནི་ལོ་གཅིག་པོའི་ནང་རིག་གཞུང་སྙན་ཞུ་ཐེངས་གཅིག་འབུལ་དགོས། སྙན་ཞུ་འདི་ནི་ཤིན་ཏུ་གལ་ཆེ་བསfellowསོ་སོའི་ངོས་ཐད་ནས་བརྗོད་ན་ཉམས་སད་ཐེངས་ཤིག་ཡིན། དེའི་ཕྱིར་ལས་གྲོགས་ཚང་མས་རྩལ་གང་ཡོད་ངོམས་ཤིང་། སྙན་ཞུ་རེ་རེ་ནི་ཟློས་གར་བཞིན་ལྟད་མོ་རབ་ཏུ་ཆེ། སྤྱིར་ན་ང་ཚོ་ནི་རིག་གཞུང་གི་ལས་ཀའི་ནང་ལོ་མང་པོར་འཁོར་མོད་ད་ལྟའི་སྙན་ཞུའི་ཟློས་གར་དུ་ཨ་ཙ་ར་བཞིན་ལུས། ཚོ་ཆུང་གི་འགོ་བ་ཡིན་པའིGuntramགྱིས་སྙན་ཞུར་སྟ་གོན་ཕུན་སུམ་ཚོགས་པ་བྱས་ཐོག་མངའ་རིས་རྒྱལ་སྲས་ཀྱི་སྙན་ཞུར་ཡང་དོ་སྣང་ཆེན་པོ་གནང་། མངའ་རིས་རྒྱལ་སྲས་རང་ཉིད་ལའང་སེམས་ཁྲལ་གང་འཚམ་ཡོད་པས་དེ་བཞིན་གྱི་གྲ་སྒྲིག་འཛོམས་པོ་བྱས་འདུག སྙན་ཞུའི་ཉིན་ལ་བསླེབས་དུས། Guntramགྱིས་མངའ་རིས་རྒྱལ་སྲས་ལ་དངོས་སུ་མདོ་འཛིན་བྱས་པར་མ་ཟད། རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་པའི་ཁྲོད་ཀྱི་ངེས་པ་དོན་གྱི་མཁས་པ་ཁོང་གི་མཛད་རྗེས་མ་ལུས་ངོ་སྤྲད་སོང་། ལའེ་ཕི་ཟེག་ནས་ཆེད་དམིགས་ཀྱིས་བསླེབས་པའིPer Sorensenལགས་དང་ངེད་གཉིས་མདུན་དུ་བསྡད་དེ་མངའ་རིས་རྒྱལ་སྲས་ལ་དཔུང་རོགས་བྱས། གོང་གི་གླེང་སྟེགས་སུ་ལངས་པའི་མངའ་རིས་རྒྱལ་སྲས་ནི་རི་རྒྱལ་ལྷུན་པོ་བཞིན་བརྟན་ལ་སྙན་ཞུའི་གཏམ་ལྷུག་པོར་གསུངས་པ་དང་། མཐར་སྔོན་མའི་འཆར་གཞི་ལས་ཆུ་ཚོད་ཕྱེད་ཀ་མང་དུ་སོང་། ཁོང་གིས་དང་པོར་རང་ཁྱིམ་གྱི་སྦྲ་ནག་ནས་འགོ་བཟུང་སྟེ་སྟོད་མངའ་རིས་ཀྱི་ཡུལ་སྲོལ་ཆ་ལུགས་དང་བཅས་པ། དེ་ནས་རང་གིས་ཕ་ཡུལ་ནས་རྙེད་པའི་བཙན་པོའི་སྐབས་ཀྱི་བྲག་ཕུག་དང་ལྡེབས་རིས་སོགས་རེ་རེ་གླེང་སྟེ། གུ་གེ་རྒྱལ་རབས་ཀྱི་ལོ་རྒྱུས་ངོ་མཚར་པོ་ཀུན་གྱི་རྣ་བའི་བདུད་རྩིར་དྲངས་ཤིང་ཡིད་དབང་རབ་ཏུ་འཕྲོག སྙན་ཞུ་གྲོལ་རྗེས་ཟི་ཐན་ཧྥུ་སློབ་གྲྭ་ཆེན་མོའི་ལས་གྲོགས་ཤིག་གིས་ང་ལ། མོར་མཚོན་ན་མངའ་རིས་རྒྱལ་སྲས་ཀྱི་སྙན་ཞུ་ནི་ད་ལོའི་ཡག་ཤོས་དང་སྤྲོ་སྣང་ཆེ་ཤོས་རེད་ཅེས་ལབ། ངས་བལྟས་ནའང་མངའ་རིས་རྒྱལ་སྲས་ཀྱི་སྙན་ཞུ་ནི་ད་ལོའི་སྙན་ཞུ་མཐའ་དག་ལས་ཡིད་དབང་འཕྲོག་ཤོས་དང་། རིགས་པ་གསར་ཤོས་ཡིན་པའི་ཁར། རིག་གཞུང་དང་ཞིབ་འཇུག་པའི་མི་སྒེར་གྱི་ངོས་ཟིན་ངོ་བོ་དབྱེར་མེད་དུ་འདྲེས་པས་དེར་དོ་བའི་ཟླ་མེད། ཁོང་གི་སྙན་ཞུ་རྫོགས་རྗེས་ང་དེ་མ་ཐག་ཡར་ལངས་ནས་འཐམས་ཤིང་མིག་ཀོང་མཆི་མས་ཅུང་ཟད་བརླན་འདུག མཛའ་གྲོགས་ཀྱི་གཡུར་དུ་ཟ་བའི་འབྲས་བུར་ང་རང་དགའ་ཞིང་མྱོས་ལ་སེམས་ཀྱི་འཕང་བསྟད་སོང་།

སོར་རྩེ་འཁྱུག་མཚམས་འདིར་བསླེབས་དུས། ངས་ཡུན་རིང་ལ་བསྲན་པའི་མཆི་མ་བཟོད་ཐབས་བྲལ་ཅིང་རི་གཟར་རྦབ་རྡོ་བཞིན་འགྲིལ་སོང་། མངའ་རིས་རྒྱལ་སྲས་ལགས། ཁྱེད་རང་འདི་ལྟར་ཕེབས་དོན་ཅི་ཡིན། ཁྱེད་ནི་ཚེ་རིང་རྒྱལ་པོ་ཡིན་ཏེ། ཚེ་རིང་ལོ་བརྒྱར་བཞུགས་པའི་བཀྲ་ཤིས་པའི་རྟེན་འབྲེལ་ཡོད། ཡིན་ཡང་འདི་ལྟར་མགྱོགས་མྱུར་ངང་ཕེབས་དོན་ཅི། དེ་ཡང་གླུ་བElton Johnགིས་བཏང་བའི་གཞས་ཤིག་ཏེ། ཁྱེད་རང་འཇིག་རྟེན་དུ་གནས་པས། མི་ཚེ་ནི་ཇི་འདྲའི་དགའ་ཞིང་སྐྱིད་པ་ལ(How wonderful life is while you are in the world)ཞེས་པའི་གཞས་ཚིག་ལྟར། སྐྱེས་བུ་དམ་པར་གེགས་དང་བར་ཆད་ཆེ་བ་ནི་མི་རྣམས་ཀྱི་ལས་དང་བསོད་ནམས་གཉོམ་པས་ཡིན་ནམ། ཁྱེད་ཀྱི་གྲོགས་བཟང་པོ་ཨོ་ཟི་ཊི་རེའི་ཕོ་རྒོདGuntramནི་ཉིན་རྟག་པར་མིག་མཆི་མས་གང་ཞིང་དབ་དིབ་ངང་ཚིག་གཅིག་ཀྱང་སྨྲ་མི་ཐུབ། གལ་ཏེ་སྐབས་དེར་ཅིག་ཅིག་བྱས་ཡོད་ན་ཁྱེད་ད་དུང་ཚེ་ཐོག་ན་བཞུགས་ཡོད་ཅེས་འཁང་ར་མང་པོ་བྱས། ང་ཚོ་གསུམ་པོ་མཛའ་བཤེས་སུ་ཆགས་པ་ནི་སྔོན་བསགས་ལས་ཀྱིས་ཡིན་ནམ་གང་གིས་ཡིན། ང་ནི་ཁྱེད་མ་ཕེབས་གོང་མཐོང་བའི་མི་རྗེས་མ་ཡིན་ལ། Guntramནི་ཁྱེད་རང་ཕེབས་རྗེས་མཐོང་བའི་མི་ཐོག་མ་དེ་ཡིན། ཁོང་ད་དུང་བློ་ཡུལ་ལས་འགོངས་པའི་སྐྱིད་སྡུག་འདི་ལས་ཡར་ལངས་ཐུབ་མེད། ང་ཡང་རྣ་བའི་གཏམ་ལ་ཡིད་ཆེས་ཐབས་རྦད་དེ་མི་འདུག ད་ལྟ་གར་སོང་ཡིད་ལ་འཁོར་བ་ནི་ཁྱེད་ཀྱི་འཛུམ་དམུལ་དམུལ་གྱི་ཞལ་རས་དང་། ཐོས་འཛིན་ཡུལ་ལ་ལྷུང་བ་ནི་ཁྱེད་ཀྱི་ཧབ་ཆའི་དགོད་སྒྲ་རེད། མངའ་རིས་རྒྱལ་སྲས། དོན་དུ་ཁྱེད་རང་ཕེབས་མེད་དེ། བདག་སེམས་སུ་དུས་དང་རྣམ་པ་ཀུན་ཏུ་བཞུགས་ཡོད་དོ། །

རྩོམ་པ་པོ་ངོ་སྤྲོད།

ཧྲིན་ཝེ་རོང་། ཆིན་ཧྭ་སློབ་གྲྭ་ཆེན་མོའི་ཀྲུང་གོའི་སྐད་ཡིག་དང་རྩོམ་རིག་སྡེ་ཁག་གི་ཀྲུའུ་རེན་དང་སློབ་དཔོན་ཆེན་མོ་ཡིན། ཞིབ་འཇུག་བྱ་ཡུལ་ནི་བོད་ཀྱི་ལོ་རྒྱུས་དང་བོད་བརྒྱུད་ནང་བསྟན། རྒྱ་བོད་ནང་བསྟན་གྱི་གཤིབ་བསྡུར་སྐོར་ཡིན།

སྒྱུར་མཁན་ངོ་སྤྲོད།

སྐལ་བཟང་སྐྱབས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས། རིམ་པ་གསུམ་པའི་ལོ་ཙཱ་བ།

(རྩོམ་ཡིག་འདི་ནི་རྩོམ་པ་པོའི་ཆོག་མཆན་དང་བཀའ་འཁྲོལ་ཐོབ་ནས་ལོ་ཙཱ་བྱས་པ་ཡིན།)

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།