ཀྲུང་གོ་བོད་ཀྱི་དྲ་བ།

སྟོང་བསམ།

ཡོང་ཁུངས། : ཡོང་ཁུངས་མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : ​སེང་རྡོར་དང་བསོད་ཚེ་ཡིས་བསྒྱུར།   སྤེལ་དུས། : 2022-08-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

—— དབྱིན་ཝུའུ་ཕིང་གི་བརྩམས་ཆོས་བདམས་བཀོད།

ལེའུ་དང་པོ།  སྟོང་བསམ།

དྲང་མོར་བཤད་ན། སྟོང་བསམ་ནི་དོན་བཟང་ཞིག་ཀྱང་རེད།

དཔེ་ཡིས་བརྗོད་ན། སྟོང་བསམ་ནི་གནམ་མཐའི་འཇའ་སྤྲིན་དུམ་གཅིག་གི་ཚོད་ཀྱིས། མཛེས་སྡུག་དང་བག་ཡངས་ཀྱིས་རྩེན་ལ། མི་ཚོས་དེ་ག་འཛིན་མི་ཐུབ་པ་ཤེས་བཞིན་དུའང་། སྐེ་ཡང་བསྲིངས་ཤིང་། མིག་ཀྱང་ཅེར་ནས་ལྟ་བར་བྱེད་དོ།།

ངས་ཀྱང་བསམ་ཤེས་པ་ནས་བཟུང་། སྟོང་བསམ་མང་པོ་བཅངས་མྱོང་། དེ་དུས་ཁ་མི་སོས་ཤིང་རྒྱབ་མི་དྲོས་བའི་དབང་གིས། སྟོང་བསམ་གཙོ་བོ་ནི། ལྟོ་རྒྱབ་ཐག་གཅོད་བྱེད་རྒྱུ་རང་ཡིན་ལ། རྒྱུན་པར་མཁའ་དབྱིངས་སུ་འཕུར་བའི་གླག་རྒོད་སོགས་ལ་གྱེན་ལྟ་བྱས་ནས། དེ་དང་དེས་རི་བོང་ངམ་ཅི་ཞིག་བཟུང་སྟེ་ནམ་མཁའ་རུ་ཡང་ཡང་འཕུར་རྗེས་ཐང་ཆད་ཅིང་སྟབས་མ་ལེགས་པར“ཁ་ཤ”ཐང་ལ་ལྷུང་ཚེ། ང་ལ་ཁ་ལག་སྐྱིད་པོ་ཞིག་རེག་པ་མ་ཡིན་ནམ་སྙམ་དུ་ཆེས་ཆེར་འཁྲུལ་མོད། དེ་ལྟ་བུ་ཞིག་གཏན་ནས་བྱུང་རང་མ་སོང་། ཡིན་ནའང་། ངས་སྔར་བཞིན་སྟོང་བསམ་ནི་ལུ་གུ་རྒྱུད་དུ་བྱས་སོ།།

ང་ནར་སོན་ནས་དཔེ་ཆ་འགར་བལྟས་རྗེས། གོ་རྟོགས་མང་ཙམ་རྙེད་བྱུང་། དེ་ཡང་མིའི་རིགས་ལ་ལོ་རྒྱུས་ཀྱི་ཟིན་ཐོ་ཡོད་པ་ནས་བཟུང་། མཚམས་ཚད་མེད་པར་སྟོང་བསམ་སྐྱེས་ཁར། རེ་བ་ཡོད་པ་དང་འཚོལ་རྟོག་བྱེད་པ། ཕམ་ཁ་རེག་པ་དང་རྒྱལ་ཁ་ཐོབ་པ་བཅས་ཀྱི་རྟེན་བྱུང་འབྲེལ་གྱི་འཕལ་ཁ་ངང་གིས་འཕྲོད། མཐར་གཏུགས་ན། དེ་ཐམས་ཅད་ཀྱང་སྟོང་བསམ་ལ་ཐུག་ཡོད་པ་ཅི་ལ་མི་ཤེས། དེས་ན་ངས་འདི་འདྲ་ཟེར་རྒྱུ་ཡིན། སྟོང་བསམ་གྱིས་ནི། གཟུགས་མེད་ཀྱི་སྒུལ་ཤུགས་ཤིག་དང་འདྲ་བར་མིའི་རིགས་སྤྱི་ཚོགས་ཀྱི་འཁོར་ལོ་ཆེན་པོ་མདུན་དུ་བསྐྱོད་པར་ནུས་པ་ཆེན་པོ་ཐོན་ཡོད་ཅེས་པའོ།།

ངག་རྒྱུན་ལྟར་ན། གནའ་སྔ་མོ་ཞིག་ལ་ང་ཚོའི་སྔོན་རབས་པས་བྱ་རྒོད་པོས་ནམ་འཕངས་གཅོད་པ་མཐོང་ནས་ཡིད་སྨོན་དྲག་ཏུ་ཤོར་ལ། རང་ཉིད་ཀྱང་ནམ་མཁར་འཕུར་རྒྱུའི་སྟོང་བསམ་བྱས་ཁར། བྱ་རྒོད་བཟུང་ཞིང་གཤོག་ཟུང་བཅད། དེ་རང་གི་ཕྲག་པར་བཙུགས་ཤིང་དཀན་གཟར་ནས་ཐུར་ལ་དཔྱངས་སྐད། མཇུག་འབྲས་ཅི་འདྲ་ཡིན་པ་ཚང་མས་ལོས་ཀྱང་ཤེས་ཨང་།

དེ་ལྟར། རེ་ཞིག་གི་མཇུག་འབྲས་ལེགས་རྒྱུ་མེད་ནའང་། བློ་རང་མི་ཕམ་སྟེ། རྗེས་སུ་དུས་རབས་འབྱེད་པའི་དོན་སྙིང་ཡོད་པར་གྱུར། ཅིའི་ཕྱིར་ཞེ་ན། ལེ་ཐི་སྤུན་གཉིས་ཀྱི་སྟོང་བསམ་ནི་སུས་ཀྱང་འགོག་ཐབས་མ་བྱུང་ལ། ཁོ་གཉིས་ཀྱིས་ངང་རྒྱུད་རིང་པོ་དང་བསམ་པ་བརྟན་པོས། ཡོ་བྱད་སོགས་ལ་བཅོས་བསྒྱུར་གྲངས་མེད་བཏང་འཕྲོར། རླུང་ཤུགས་ལ་བརྟེན་ནས་སྐར་ཆ་ལྔ་བཅུ་དྲུག་ཅུ་ཙམ་ལ་འཕུར་ཐུབ་པ་བྱུང་། སྐར་ཆ་བཅུ་ཕྲག་འགའ་ཡི་འཕུར་བསྐྱོད་དེས་ནི། ཁོང་གཉིས་ཀྱི་སྟོང་བསམ་མངོན་འགྱུར་བྱས་པ་ཙམ་དུ་མ་ཟད། མིའི་རིགས་གནམ་གྲུར་བསྡད་དེ་སྐམ་ས་ཆེན་པོ་འཕྲེད་ཀྱིས་རྒལ་ཞིང་མཐའ་ཡས་རྒྱ་མཚོ་ཐོལ་གྱིས་གཅོད་འདོད་ཀྱི་རྨི་ལམ་གང་ཞིག་གཟུགས་ཅན་དུ་བསྒྱུར་པའང་ཅི་ལ་མིན་ཨང་། དེ་ཙམ་དུ་མ་ཟད། ཨ་ཕའོ་ལོ་ཡིས་ཟླ་བའི་གོ་ལར་རྐང་རྗེས་བཀོད་ཅེས་པའི་དན་དཔང་རིང་མོ་དེ་ཡང་། བྱ་བ་འདི་དང་མཐའ་གཅིག་ཏུ་འབྲེལ་ནས་ཡོད་པ་ཡིན་ནོ། །

འཕྲོས་གཏམ་ཞིག་ཞུས་ན། ལོ་རབས70པར། ང་ཚོའི་དམག་དཔུང་གིས་འཐབ་རྩལ་སྦྱོང་བརྡར་བྱས། དེ་དུས་ང་ལ་བཞག་པའི་བག་ཆགས་ཟབ་ཤོས་ནི། སྨི་ཉིས་བརྒྱ་ཡི་དྲག་སྦྱོང་དེ་སྨི་བཞི་བརྒྱར་ཇེ་རིང་དུ་བཏང་བའོ། །དེ་ལྟར་བྱེད་དོན་ནི། རྐང་དམག་གིས་ཕར་རྒོལ་གཡུལ་འགྱེད་བྱ་བ་ལ། མེ་སྒྱོགས་དང་འགད་རྫས། འཕུར་མདའ་བཅས་སྤྱད་དེ། དགྲ་བོའི་འཐབ་རའི་སྔོན་གྱི་བཀག་རྒྱ་གཏོར་ནས་རང་ཕྱོགས་ལ་ལམ་དག་འབྱེད་རྒྱུའོ། །འཁྲུག་པ་དངོས་སུ་བརྒྱབ་དུས་དགྲ་བོས་མེ་ཤུགས་གཅིག་བསྡུས་ཀྱིས་བཀག་སྡོམ་བགྱི་ངེས་ལ། ང་ཚོས་ནི་སྐར་ཆ་གང་རེ་ཡིན་ཡང་དམ་འཛིན་གྱིས་ཆེས་ཉེན་ཁ་ཐུ་བ། ཆེས་གདུག་རྩུབ་བདོ་བ། ཆེས་ཨ་ཐང་ཆད་པའི་བར་ཐག་དེ་རང་བརྒལ་དགོས་པའོ། །འཐབ་མོ་བ་དག་གིས་ནུས་ཤུགས་གང་ཡོད་འདོན་པ་ལ། ལུས་ཕུང་བཟང་བ་དག་གི་དབུགས་ཐག་གིས་མི་འདང་ལ་ཁད་བྱེད་ཅིང་། ལུས་ཕུང་ཞན་པ་དག་གི་མིག་འབྲས་ཀྱང་འཇུར་ཏེ་དཀའ་ཞིང་དམྱལ་བཞིན་པའི་གསོན་དཔེ་དུ་མ་མཐོང་མྱོང་བས་སོ། ། 

དུས་དེར། ང་ནི་བཅུ་དཔོན་ཞིག་ཡིན་ལ། འཐབ་མོ་བ་རྣམས་ལ་ང་ཚོས་ནམ་ཞིག་གི་ཚེ་གོ་ལག་ཁུར་ནས་དངོས་སུ་འཕུར་རང་ཐུབ་ན་ཅི་མ་རུང་ཞེས་བཤད་པར། ཚང་མས་སྟོང་བསམ་དུ་སྙམ་སྟེ་མགྲིན་གཅིག་ཏུ་ཧབ་ཆ་ཤོར་རོ། །བསམ་བརྗོད་ལས་ཆེས་ཆེར་འདས་པ་ཞིག་ནི། བགྲང་བྱའི་ཉག་མ་སུམ་ཅུ་བརྒལ་བའི་མཇུག་ཐོགས་ཏེ། ང་རང་དམིགས་བསལ་དམག་དཔུང་གི་སྣེ་མོ་བ་ཡིན་དུས། མི་གཅིག་ཅན་གྱི་འཕུར་ཆས་གོ་ལག་དངོས་སུ་སྤྲད་ཅིང་། འཐབ་མོ་བས་གང་དེ་ཁུར་ནས་ཚོད་འཛིན་སྒོ་འཕར་མནན་པ་ཙམ་གྱིས་ཀྱང་། བར་སྣང་ལ་ཐལ་བྱུང་གིས་འཕུར་ཐུབ་ཁར། རི་ཆུ་མཁའ་ཀློང་ཐམས་ཅད་ཐོགས་མེད་ཀྱིས་བགྲོད་ནུས་པ་དེ་རང་བྱུང་ངོ་། །

དམག་སྦྱོང་ཚར་རྒྱབ་ཀྱི་ངལ་གསོའི་དུས་ཤིག་ཏུ། འཐབ་མོ་བ་ཀྲིན་ཆུང་གིས་འདྲི་རྒྱུར། བཅུ་དཔོན་ལགས། ཕྱི་རྒྱལ་གྱི་སྐར་ལྔའི་མགྲོན་ཁང་ནི། རྒྱས་སྤྲོས་དང་སྔོན་ཐོན་ཡིན་སྐད། ཁྱེད་ཀྱིས་དེའི་བཟང་ལུགས་བཟང་སྟངས་ཨེ་ཤེས་ཟེར།

ངས་གང་དྲན་དང་པྲ་ཆལ་འདྲེས་མས། སྐར་ལྔའི་མགྲོན་ཁང་དུ་བསྡད་ན། ཕྱི་ས་གཏོང་དུས་རྐང་སྣམ་ཕུད་པ་དང་བཏང་ཚར་འཕྲོར་རྐང་སྣམ་ཕྱིར་གྱོན་པ་ཙམ་གྱིས་འཐུས་ལ། རྐུབ་ཀྱང་འཕྲུལ་ཆས་ཀྱིས་ངང་གིས་གཙང་མར་བཤལ་ཞེས་འུད་ཀྱིས་ལབ་པས། དེར་འདུས་ཚང་མ་གད་མོ་ཐག་གེར་སོང་།

དེ་ཡང་ང་རང་གི་སྟོང་བསམ་ཙམ་ལས། ཁུངས་བཙུན་གྱི་སྐད་ཆ་ཞིག་ཁྱོན་ནས་མིན། རང་རེའི་ཞིས་ཨན་གྱི་ཆུ་ཚོད་ཐོག་ཁང་གི་རྣམ་པར་རྒྱུས་ཡོད་ཅིང་། སྐྱེ་བོ་ཡོངས་ཀྱིས་མི་གཙང་བ་དོར་རྗེས་སྤོ་ཐོ་ཞིག་གིས་འོག་སྒོ་འབྱིལ། ང་ཚོའི་དམག་དཔུང་ཁྲོད་དུ་ལས་དེར་ཚགས་པར་སྤྱོད་མཁན་མཆིས་པ་ནི། ད་དུང་དཔལ་ཡོན་ལྡན་པའི་གྲས་སུ་བགྲངས་ཡོད་ལས་ཆེ།

འོན་ཏེ། སུས་ཀྱང་དཔྱད་དཔོག་བྱེད་ཐབས་བྲལ་བ་ཞིག་ལ། མི་ལོ་བཅུ་ཚན་གསུམ་འགྱངས་རྗེས་ཀྱི་ད་ཚོད། ང་ཚོས་ཀྱང་གཙང་ལ་བདེ་བ། མྱུར་ལ་དག་པའི་བཤང་གཅི་འདོར་སྟངས་ཁྱད་པར་ཅན་དེ་བཀོལ་ཐུབ་པར་གྱུར། དེས་ན་དོན་གྱིས་ནི། སྟོང་བསམ་གྱི་ཕྱེད་ཅིག་ཕུགས་བསམ་རང་མ་རེད་དམ།

ལོ་རབས70པའི་མགོ་སྟོད་དུ། དམག་དཔུང་གི་ལས་རྐང་ཐད་ནས་བསྐྱར་སྒྲིག་ཐེངས་ཤིག་བྱས། བཅུ་དཔོན་རྒན་པ་མང་ཆེ་བས་ལྡིང་དཔོན་ལ་བསྐོ་རྒྱུའི་སྟོང་བསམ་བཅངས། 

ལྟོས་བཅས་ཀྱིས་བཤད་ན། ངའི་དྲན་ཕྱོགས་ཀྱང་དེ་ཙམ་ཐལ་མི་དྲགས་པ་འདྲ། སྤྱོད་ཁང་ལ་དོ་དམ་བྱེད་པའི་ལྡིང་དཔོན་ཞིག་ཡིན་ནའང་འགྲིག་ཤག་ཅེས་སྙམ། བགྲང་བྱའི་ཉག་མ་བཅུ་ཕྲག་ལྷག་འགོར་སོང་། ང་རང་ལྡིང་དཔོན་ལ་བསྡད་པས་མ་ཚད། རྗེས་སུ་སྤྱི་མཐུན་རྒྱལ་ཁབ་ཀྱི་དམག་དཔོན་དུའང་འཚར་ལོངས་བྱུང་ངོ་། །དེས་ཀྱང་། ཕུགས་བསམ་གྱི་མ་རྩ་སྟོང་བསམ་གྱིས་བྱས་པ་ཁོ་ཐག་ཆོད་ཨང་།

ཡིན་ནའང་། ངས་དང་པོའི་མགོ་རྩོམ་ས་ནི་ནམ་ཡང་བརྗེད་པ་མེད་དེ། ཞིང་པའི་བྱིས་པ་ཞིག་དམག་ཏུ་ཞུགས་ཏེ་དཔུང་གྲལ་དུ་འབྱོར་བའོ། །ངས་རང་གི་དེང་སྐབས་ཀྱི་གནས་ཚུལ་ཡང་གསལ་བོར་རྟོགས་ཏེ། སྤྱི་མཐུན་རྒྱལ་ཁབ་ཀྱི་དམག་དཔོན་ཞིག་ཏུ་འཕོས་པའོ།།

དེ་ལྟ་ནའང་། སྔོན་ནས་ད་ལྟའི་བར་སོ་སོས་ཞུམ་མེད་ཀྱིས་བརྩོན་པ་བྱས་པ་དང་། གཞི་དེའི་ཐོག་ཏུ་བློས་བཏང་ཟོལ་བྲལ་གྱི་རྐང་རྗེས་དེ་ཚོ་དཔར་མེད་པ་ཡིན་ན། ཡོད་ཚད་ཀྱི་ཡོད་ཚད་ཟིན་མེད་ནམ་མཁའི་མེ་ཏོག་དང་། འབྲས་མེད་དགུན་གྱི་སོན་འདེབས་ཀྱི་དཔེ་རུ་ཅིས་ཀྱང་འགྲོ་བར་ཟད། དེ་བས། དོ་ཞག་ངས་སྟོང་བསམ་ཁོ་ནས་མི་ཆོག་ཅེས་ཀྱང་སྨྲ་བར་འདོད་དོ། །

གང་ཟག་རླབས་ཆེན་ཞིག་གིས། སྟོང་བསམ་དོར་ནས་འཐབ་རྩོད་བྱོས་ཞེས་བདམས་མྱོང་བའང་དྲན། དེ་ཡང་བདེན་དུ་ཟད། དམིགས་བསལ་གྱི་དུས་ཚོད་ལ་སྦྱར་ནས་བཤད་པ་རང་རེད།

འོན་ཀྱང་མི་ཚེ་གང་བོར་ཚད་ལས་མི་བརྒལ་བའི་སྟོང་བསམ་ཞིག་གི་རྒྱུན་བསྐྱང་དགོས། དེ་ལྟའི་སྟོང་བསམ་ཡོད་ན་དེ་འབྲེལ་གྱི་རེ་བ་རྣམ་དག་ཀྱང་མེད་མི་སྲིད་ལ། དེའི་རྗེས་འབྲེལ་གྱི་ཚན་རིག་སྙིང་སྟོབས་དང་ཚན་རིག་གསར་རྙེད་སོགས་ཀྱང་ཡོད་པར་འགྱུར་རོ། །དེ་དག་མ་ལུས་ཚང་ན་ནི། མདུན་སྐྱོད་ཀྱི་སྒུལ་ཤུགས་མེད་པ་ནི་གནས་མི་སྲིད་དོ། །

ཨེ་མ། སྟོང་བསམ་གྱི་མཚར་བ་ལ། ཨེ་མ། ལག་ལེན་གྱི་མཛེས་པ་ལ། གཅིག་གྲོགས་གཅིག་འཆར་གྱིས་འབུངས་ཤིག་ཨང་།

ལེའུ་གཉིས་པ། གོ་རེ་ཅོང་རྡོག

ང་རང་གོ་རེ་ཅོང་རྡོག་བཟའ་རྒྱུར་ཧ་ཅང་དགའ།

དེ་ཐབ་ནས་ལེན་སྐབས་ཀྱི་སྒོར་ཞིང་འཇམ་ལ་ཞིམ་མདོག་ཁ་བོའི་བཟོ་ལྟ་ལ་དུངས་ཤིང་། དུམ་བུར་གསིལ་དུས་ཀྱི་དྲི་མ་ལའང་སྤྲོ། ཡ་སོ་མ་སོའི་བར་ནས་འབྱར་བག་དང་བཅས་བལྡད་ཅིང་མྱོང་བར་ལྷག་ཏུ་ཞེན་ནོ། །བར་དབྲག་ཏུ་ཤ་ལེབ་བཞག་ཅིང་སྣུམ་ལའང་བྲན། ཁ་ཚ་ཡང་བསྐུས་ཏེ་ཟོས་ན་ལྷག་ཏུ་རོ་བཅུད་ལྡན་ནོ། །

ང་རང་བྱིས་པ་ཡིན་དུས། “ལོ་སར་བཟང་། ལོ་སར་བཟང་། ཅོང་རྡོག་ཟོས་ནས་སྟར་ཀ་གཅོག”ཅེས་པའི་གླུ་ལེན་ལ། འུ་ཐུག་ཐབས་ཆག་གི་ལོ་ཟླ་དེ་འདྲའི་ནང་དུ། ངེད་ཚང་གིས་ཀྱང་སྡེ་མི་མང་མང་དང་འདྲ་བར། ལོ་སར་གྱི་སྐབས་ཁོ་ནར་ད་གཟོད་གོ་རེ་ཅོང་རྡོག་འགའ་ཞིག་ཟ་ཐུབ་པ་ཙམ་མོ། །ང་ལ་མཚོན་ན་ནི། དེ་དུས་ཀྱི་རེ་བ་ཆེ་ཤོས་ནི་ལོ་སར་མྱུར་དུ་ཐོན་རྒྱུ་སྟེ། གསལ་པོར་བཤད་ན་གོ་རེ་ཅོང་རྡོག་ལམ་སེང་བཟའ་ཐུབ་རྒྱུའོ། །

ཁྱིམ་འཁོས་ཆེས་ཆེར་ཞན་ནའང་། གྲོ་ཕྱེ་ཅུང་ཟད་བསགས་ཏེ་གོར་རྡོག་ཁོ་ཚག་འགའ་ལས་པར་བསྒྲིམས། ཡིན་ནའང་། ངེད་ཚང་ལ་བྱིས་པ་མང་དྲགས་པས་དེ་ཙམ་གྱིས་འདང་དཀའ་སྟེ། ངེད་ཚང་གིས་ལོ་གོར་བཅའ་བའི་དུས་ཚོད་རྗེས་སུ་བསྒྱངས་དོན་ཡང་དེའོ། །ཐ་ན་ཉི་ཤུ་དགུ་དང་གནམ་གང་བར་དུའང་བསྒྱང་ངེས། བཅའ་སྔ་ན་ཚར་ཡང་སྔ་བས་སོ། །

ཕ་མ་ཟུང་ཞོགས་པ་ནས་ལངས་ཏེ། གྲོ་ཕྱེ་བརྫིས་ཤིང་བསྣོལ་བ་དང་། བརྡལ་བ། གཅོད་པ་སོགས་བྱེད། ང་ཚོའི་མིང་སྲིང་ཚང་མ་ཡང་དྲིན་ཅན་རྣམ་གཉིས་ཀྱི་རོགས་ཟླར་བརྒྱུགས་ཁུལ་བྱས། གོ་རེ་བཅའ་སྐོར་དང་པོ་ནི། ཤ་ཉེ་གྲོགས་པོ་ཚོར་འཁྱེར་དགོས་ལ། སྣུམ་དང་སྒ་སེར་ཅུང་ཙམ་སྤྱད་པའི་རླངས་བཙོས་མ་བཅུ་ཕྲག་ལྷག་རྒན་པ་ཚོར་དབུལ་དགོས། ད་དུང་སྲན་དམར་གྱིས་མིག་དང་ཁ་ཚ་ཡིས་མཆུ་བཟོས་པ་ནི་བྱིས་པའི་སྐལ་ཡིན། མཇུག་ཏུ་གཟོད་རང་ཚང་གིས་བཟའ་རྒྱུའི་ལོ་གོར་ལ་གཞོལ་རིགས་པའོ། །

འདི་སྐད་དུ། ལོ་ལེགས་བྱུང་སྟེ་གྲོ་མང་བཏུས་པས་ན། །བཅོ་ལྔའི་བར་དུ་ཅི་དགར་བཟའ་ཡང་སྲིད། །དེ་ལས་ལྡོག་ན་ཟ་ཡུན་ཅིས་མི་ཐུང་། །ཚེས་ལྔའི་ཕན་དུ་འདང་བ་མི་དཔེ་སྟེ། །ཡང་བསྐྱར་བཟའ་ལ་ལོ་ཡི་ཁྱུད་མོ་འགོར། །མ་ལོས་བྱིས་པ་རེ་རེར་ཕྱེ་ལོག་བགོད།  །ཉ་རྣམ་ཅན་སོགས་བཅོས་ནས་རྟེན་འབྲེལ་བསྒྲིགས། །ངས་ནི་ཀོ་རེར་གཤོག་དྲུག་རིང་བོ་བྱས། །དེ་ནི་རྒྱགས་ཤིང་ཆེ་བར་སྨོན་པ་བྱས། །ཟོས་ན་སོབ་སོབ་ཡིན་པའི་འཁྱགས་པ་དང་། །ཤུན་ལྤགས་རིམ་པ་ཅན་ཡང་ཞིབ་ཏུ་བལྡད། །དཔེ་ཆར་འབད་པས་བལྟས་ན་ནི། །ཤོག་བར་རེ་ནས་ཅོང་རྡོག་སྟེ། །གོ་རེ་འབབ་ཅེས་ཕ་མས་འདོམས། །འདི་ཡང་ཐབས་ཏེ་ག་ལ་བདེན། ། བསླབ་ལ་བསྐུལ་བའི་ཆེད་དུའོ། ། ཞེས་ཀྱང་སྨྲའོ། །

1972ལོའི་ཟླ12པར། དམག་དཔུང་གི་འབྲེལ་ཡོད་ལས་སྣེ་ང་ཚོའི་གྲོང་རྡལ་དུ་དམག་བསྡུ་རུ་ཡོང་། ངས་ཀྱང་ནེམ་ནུར་ཅི་ཡང་མེད་པར་མིང་ཐོ་བཀོད། ང་རང་དམག་ལ་ཞུགས་པའི་སྒུལ་ཤུགས་ནི། གོ་རེ་ཅོང་རྡོག་ཀྱང་ཡིན་ཏེ། དམག་གྲལ་དུ་ཇ་ཁ་རེ་རེར་གོ་རེ་ཅོང་རྡོག་བཟའ་རྒྱུ་ཡོད་ཁར། ཤ་ཡང་ཡོད་ཅེས་ཐོས་མྱོང་བས་སོ། །དྲང་མོར་བཤད་ན། རྒྱལ་སྲུང་ལ་བྱས་རྗེས་འཇོག་རྒྱུ་དང་རྒྱལ་ཁབ་ལ་སྲི་ཞུ་བསྒྲུབ་རྒྱུའི་དད་སེམས་ནི། དམག་ལ་ཞུགས་རྗེས་ག་ལེར་འབྱོར་བའི་སློབ་གསོར་ཟད་དོ། །

འདི་སྐད་དེ།  དམག་གི་ཟ་མར་ཚད་ཀྱང་ཡོད། །འབྲུ་རིགས་བཟང་ངན་བསྡུར་ནས་འཇལ། །རྒྱ་མ་གང་དང་ཕྱེད་ལས་མེད། །ཉིན་རེར་ཟུར་བཞི་སྐར་ལྔས་ཉོས། །ཞོགས་ཟས་ཆུ་དང་ཁྲེ་རྒོད་ལས། །བསྙལ་ཚལ་སྡེར་མ་དོ་ཙམ་ཡིན། །གུང་ཟས་ཅོང་རྡོག་འབྲས་སོགས་ཀྱི། །རིགས་གཅིག་ཙམ་གྱིས་འཐུས་པར་བྱེད། །དགོང་ཟས་འབྲས་ཁུ་ཐུག་རྐྱང་ངམ། །སྲན་ཞོ་ཞོག་ཁོག་སྟབས་བདེར་བཟོ། །མི་རེར་ཅོང་རྡོག་གསུམ་རྐྱང་ངོ་། །དེས་མ་འདང་ན་མ་རྨོས་པའི། །ལོ་ཏོག་ཙམ་གྱིས་གསོས་འདེབས་སོ། །ང་ཚོས་དེ་ལ་ཀུ་རེ་ཡིས། །གཏམ་དང་བཞད་གད་སྨྲས་པའང་དྲན། །ཞེས་ཀྱང་སྨྲའོ། །

དུས་གཞན་ཞིག་ཏུ། མིང་ལ“ལིན་ཧྲོན་ཧྲོན”ཟེར་བའི་འཐབ་མོ་བ་གསར་འབྱོར་ཞིག་གིས་ཇ་ཐུན་གཅིག་ལ་གོ་རེ་ཅོང་རྡོག་བཅུ་གསུམ་ཟོས། སྲང་དོ་རེ་ཡོད་པའི་གོར་རྡོག་བཅུ་གསུམ་པོ་ཕྱེ་རྡུལ་གྱི་རྣམ་པར་བྱས་ན་གཏོས་ཚད་ངེས་ཅན་ཞིག་ཡོད་ལ། སྡེར་མའི་ནང་དུ་སྤུངས་ནའང་ཅུང་མཐོ་ཙམ་ཡོད་ལུགས་སུས་མི་ཤེས། རྦད་དེ་ཧ་གོ་ཐབས་བྲལ་བ་ནི། དེའི་ཁོག་ནང་དུ་དེ་ཙམ་ཞིག་ག་རེ་བྱས་ནས་ཆུད་སོང་བའོ། །ཁོ་ལ་བསམ་ཤེས་སུ་བརྩི་བའི་བཅུ་དཔོན་རྒན་པ་ཡང་ཧང་ནག་པོ་སངས་སོང་། ཁྲིད་སྟོན་པ“ཝང་ཝེ་ཆི”ཡིས། དེ་ནས་བཟུང་བློ་མཐུན“ལིན་ཧྲོན་ཧྲོན”ལ་གོ་རེ་ཅོང་རྡོག་དྲུག་རེ་སྟེར་རྒྱུའི་ཐག་བཅད་པའོ། །འདི་ལ་དེ་ལས་ཀྱང་ཡིད་ཆེས་ཐབས་བྲལ་ཏེ། མི་རེར་གོར་རྡོག་གསུམ་ལས་མེད་སྐབས་སུ། ཁོས་ད་དུང་ལྡབ་གཅིག་གི་ལྷག་མ་ཟོས་ན། ཅི་མ་ཡིན་དུ་ཟད་དོ། །ཟ་ཤེད་ཆེན་པོ་དེས་མི་རྣམས་ཅི་བྱ་གཏོལ་བྲལ་ཏུའང་གཏུགས་སོ། །

1976ལོའི་ཟླ10པར། ང་ཚོའི་དམག་སྡེ“ལུའུ་ཕེན”རི་བོའི་གྲོང་ཚོ་ཞིག་ཏུ་གནས་སྤར། སྦྱོང་བརྡར་ཡང་བྱས། སྐྱེས་ཆེན་ཞིག་གི་ཕྱག་བྲིས་སུ་ཇི་སྐད་དུ། མཐོ“ལུའུ་ཕེན”ལྷུན་པོའི་རྩེ་ཏོག་ཏུ། །མདངས་རབ་བཀྲག་དར་དམར་ནུབ་ཏུ་བསྐྱོད། །ཚུལ་དེ་ལྟའི་དཔུང་སྦོམ་བརྐྱངས་པ་ཡིས། །བཙན་འབྲུག་རྒོད་ཡིན་ཡང་འདུལ་བར་སྤོབས། ། ཞེས་སོ། ། སྐབས་འདིར། མི་སེར་ལ་གཉའ་གནོན་དང་བཤུ་གཞོག་བྱེད་པའི་གཏུམ་ལས་ཁ་མི་དར་མོད། བཀྲེས་ལྟོགས་ནི་དེ་དང་ཆ་འདྲའོ། །གཞན་དུ་དཔེ་ཡང་མཚུངས་སོ། །

ང་ཚོ་རུས་ཝང་ཅན་གྱི་རྩྭ་ཁང་དུའང་བསྡད་ལ། ཁོ་ནི་ལོ་དྲུག་ཅུ་བརྒལ་བ། ཁྱིམ་མིར་ཁོའི་ཟླ་མོ་དང་བུ་མོ་ལོ་ཉི་ཤུར་ལོན་པ་ཞིག་ལས་མ་མཆིས། ཁོ་ཚོས་ཉིན་དཀར་ཐོན་སྐྱེད་རུ་ཁག་ཏུ་ལས་བྱེད། མཚན་མོར་ང་ཚོས་མཉམ་དུ་གླེངས་ཤིང་མོལ་ལོ། །ཐེངས་ཤིག་ངས་ཁྱིམ་བདག་མར་ནུབ་ཟས་བསྐོལ་རོགས་བྱས། མེ་འབུད་པ་དང་ཆུ་གདུ་བ་དུས་མཉམ་གྱིས་འགྲུབ། ཞོག་ཁོག་དང་གྲོ་ཕྱེ་བསྡེབས་རེེས་སྤེལ་རེས་ཀྱང་བྱས། ཟ་མ་ཚོས་པའང་མགྱོགས་ཤིང་། ཟངས་ངའི་ནང་དུ་ལྕགས་ཐོམ་གྱིས་བསློགས་ནས་བཅུ་ཞིང་བལྡུགས་པ་སོགས་ཀྱང་གཅིག་ལྕོགས་སུ་བགྱིས། ཁོ་ཚང་ལ་ཡོད་ཤ་སྟག་ནི། བསྙལ་ཚལ་དང་སྐྱུར་ཚལ་ཙམ་སྟེ། ངན་ངོན་ཡིན་དྲགས་པས། ངས་དྲིས་པ་ཡིན། ཁྱིམ་བདག་མ་ན་རེ། ཉིན་རེར་ཇ་ཐུན་འདི་གཉིས་མ་གཏོགས་མེད་ཅིང་། ཕོ་བ་བརྒྱག་སོང་ཚེ་བསོད་བདེ་ཆེན་པོ་རང་རེད་ཟེར། ཤུགས་རིང་ཡང་འཐེན། དེ་ཡང་ཝང་ལགས་ནད་ཀྱིས་གདུངས། གོམ་ཁ་ཡང་མི་ཐུབ་པའི་ཚོད་དུ་གྱུར། ངས་ཐབས་ཤེས་བྱས་ནས་གོ་རེ་ཅོང་རྡོག་གཉིས་ཙམ་བསྐྱལ་བ་ལ། ཝང་ལགས་སེམས་འགུལ་དྲག་ཏུ་ཐེབས། མིག་ཆུ་ཚད་མེད་བཏང་། ད་ལྟ་རང་ཉིད་ལོ་ན་དྲུག་བཅུ་ལྷག་ཡིན་མོད། འདི་ནི་ཐེངས་གཉིས་པར་གོ་རེ་ཅོང་རྡོག་ཟོས་པ་ཡིན་ཞེས་འཁུན་བཞིན་འདར། ཐེངས་དང་པོའི་སྐོར་ཡང་ཞིབ་ཏུ་བཤད་མོད། ཡིག་ཚོགས་ལ་འཇིགས་ནས་མ་བྲིས། རྣམ་པ་འདི་དག་གིས་ང་དམག་ལ་ཞུགས་པའི་རྩ་དོན་ནི་ཇེ་གསལ་ལ་བཏང་། གོ་རེ་ཅོང་རྡོག་ཟ་རྒྱུ་ཙམ་ནི་ག་ལ་ཡིན་ཏེ། དཔེ་མི་སྲིད་དོ། །

2001ལོར། རྩ་འཛུགས་ཀྱིས་ང་རང་ཨུ་རུ་སུར་སློབ་སྦྱོང་བྱེད་དུ་བརྫངས། ང་བརྫངས་སའི་སློབ་གླིང་དེའི་ཕྱོགས་ནས་ཀྱང་མང་ཙམ་ལབ་རྒྱུ་གདའ་སྟེ་སྐབས་དོན་བསྒྲིབ་པར་འགྱུར་བས་གཞན་དུ་བཤད་ཡོང་། སྤྱིར་ན་ངས་ཁ་བྱང་གིས་ཐག་བཅད་པ་བཞིན་གོ་རེ་ཅོང་རྡོག་གི་སྐུད་སྣེ་མི་འབོར་བར་འབྲི་དགོས་པ་ཡིན་མོད། འཕྲོས་དོན་དུ་སོང་བའང་མང་ངེས་པས་དགོངས་དག་ཞུའོ། །

ཕྱི་གླིང་བའི་གོ་རེ་ནི་ཉིན་གསུམ་ལ་ཟོས་པས་ཡི་ག་འགག གཟའ་འཁོར་གཅིག་ལ་སྤྱད་ཚེ་མ་ཞུ་བར་འགྱུར། དེ་ལས་རིང་བར་བསྟེན་ན་ཕྱིར་ལའང་བསྐྱུག་ཡོང་། དེ་ལས་ནི་རང་སའི་གོ་རེ་ཅུང་རྡོག་གིས་ཕན་ཞེས་ངས་ཁ་ཕོ་ཡང་ཟེར་མྱོང་ངོ་། ། ངས་ནི་སྐད་ཆ་ཡང་དེ་ལྟར་བཤད་པ་ཡིན་ལ་འཚོ་བའང་དེ་ལྟར་རོལ་ནས་ཡོང་བ་ཡིན་ནོ། །

ངའི་དྲིན་ཅན་གྱི་ཨ་ཕ་ཡང་གོ་རེའི་ཅོང་རྡོག་གི་གཏམ་རྒྱུད་ཁྲོད་ནས་ཕྱི་མར་གཤེགས། དཔེར་ན། ཁོག་ཡི་ག་ཡོད་དུས་གོ་རེ་མེད། །ཁ་གོ་རེ་འཛོམས་ཚེ་ཡི་ག་འགག །འདི་ལྷན་དུ་འཕྲོད་པ་ཅང་མ་བྱུང་། །བློ་འགྱོད་ཕངས་ཨ་ཕའི་ཕྱོགས་སུ་གཡོ། །ཞེས་ཀྱང་བྱའོ། །གཅིག་བྱས་ན་ང་རང་གི་མི་ཚེ་ཡང་ཚུལ་དེ་ལས་འདའ་ཡང་སྲིད་ལ། ཡེ་ནས་འདའ་མི་ཐུབ་པའང་སྲིད་དོ། །ད་ཆར་འཚོ་བ་བཟང་བའི་རྐྱེན་གྱིས་སམ་ཅི་ཞིག་གི་སྟབས་ཀྱིས། ལྷད་མེད་པའི་གོ་རེ་ཅོང་རྡོག་ནི་དཀོན་ཚོད་རེད། དཀོན་པོ་མིན་པའི་དབང་དུ་བཏང་ན་ཡང་། ཟོས་པས་སྔར་གྱི་ཞིམ་ཤ་དེ་རང་རྙེད་མ་སོང་། མྱངས་པས་སྔར་གྱི་རོ་བྲོ་དེ་ཡང་རྙེད་མ་སོང་ངོ་། །

ལེའུ་གསུམ་པ། སྒྱུག་མོ།

བརྩེ་བའི་སྒྱུག་མོ་ཚེ་ལས་འདས། དྲན་པའི་མི་ལོ་ཉེར་གཅིག་འགོར། ངས་འདི་ལྟར་ཡི་གེ་དང་ཡི་གེ་སྦྲེལ་ནས་ངེད་མ་བུ(ང་དང་སྒྱུག་མོ)གཉིས་ཀྱི་འདང་རྩིས་དེ་ཟིན་ཐོར་དབབ་དགོས་བསམ་གྱིན་ཡོད།

སྔོན་ཆད་ནས་དེ་ལྟར་དྲན་ནའང་། ལས་བྲེལ་ཆེ་དྲགས་པའི་དབང་གིས་གྱི་ནར་ལུས། ད་ཚོད་ཚ་བོ་དང་འཆར་ཅན་རྩེད་འཇོར་རོལ་དགོས་པས་ཀྱང་། ལྷོད་འཇགས་ཀྱི་དུས་ཚོད་དཀོན་ནོ། ། རྒྱུ་མཚན་གཙོ་བོ་ནི་འདི་ཙམ་ཡང་མིན་ཏེ། ངའི་བག་ཉལ་དུ། སྒྱུག་མོ་ནི་ད་དུང་གསོན་པོར་གནས་ཡོད། ཁོ་མོའི་བཞིན་རས་ཡིད་ལ་འཁོར་འཁོར་བྱེད། ཁྱིམ་གྱི་ཇ་ལག་རེ་རེར་ཇི་མི་སྙམ་པར་ལྟ་དུས་ཀྱང་། སྒྱུག་མོའི་གཟུགས་རིས་འགུལ་འགུལ་བྱེད་འདྲའི་སྣང་བའང་འཁྲུལ། གཞི་དལ་དུས་ནི། ངེད་གཉིས་ཀྱིས་གླེང་མོལ་བྱས་པ་ཚུན་ཆད་ཀྱང་། ཁ་སང་བྱུང་བ་ནང་བཞིན་དུ་དྲན་པར་བརྣགས་ནས་ཡོང་ངོ་། །

བརྒྱ་ལོ20པའི་ཕྱེད་ཙམ་ལ། སྒྱུག་མོ་སྟངས་དཔྱལ་འཚོ་ཐབས་ཀྱི་ཆེད་དུ“ཧུའུ་པེ་ཧོང་ཕའོ”ནས“ཀོན་ཀྲུང”གི་གྲོང་རྡལ་ཆུང་ཆུང་དེར་བརྟོལ་སྐད། ཡུལ་རྒྱུས་མེད་སྟབས། སྔ་ཕྱིར་བསྔལ་ཞིང་དམྱལ་བའོ། །སྒྱུག་པོ་ན་སྟེ་ཉལ་སར་ལྷུང་། སྨན་པ་དཀོན་ཞིང་སྨན་སྣ་ཉུང་ཁར། ཟ་འཐུང་གིས་ཀྱང་ཆེས་ཆེར་མནར། རུ་སྐོར་དག་ཀྱང་རང་མགོ་མི་ཐོན་པའི་གྲས་ཡིན་པས། རོགས་པ་བྱ་ཐུབ་མཁན་གང་དུ་འཚོལ།

དཔེ་ཞིག་གིས་བརྗོད་ན། དགུན་ཟླའི་གྲང་ཟུག་གི་ཁྲོད་དུ། སྦྲུམ་མ་ཞིག་གིས་ལག་པ་ཡ་གཅིག་གིས་བུ་ཆུང་ལངས་གོག་ཐུབ་ཙམ་ཞིག་ལག་འཁྲིད་བྱེད་ཅིང་། ཡ་གཞན་དེས་གོན་པ་རྙིང་བ་ཁྲེས་པོ་གང་བཟུང་སྟེ་ཆུ་ཁར་འགྲོ། སོང་ནས་ཀྱང་། རུས་གསེང་གཟིར་བའི་ཆུ་འཁྱག་སྤྱད་དེ་གྱོན་པ་གྲངས་མེད་ཅིག་འཁྲུད། ཁོ་མོས་ནི། གྱོན་པ་གཅིག་རེ་བཀྲུས་ན་སྒོར་ཟུར་ལྔ་རེ་སྟེར་བའི་ལས་དཀའ་ཐུབ་ཅན་ཞིག་གཉེར། ཅི་ཁག་ཨང་། ཁྱིམ་གང་བོས་ཁོ་མོའི་ཡོང་འབབ་ཙམ་ལ་བརྟེན་ནས་ལྟོ་གོས་འཕྱིད་ཐབས་བྱེད་པས་སོ། །འདིའི་དཔེ་ཅན་ནི་ངའི་སྒྱུག་མོའོ། །

ལོ་ཕྱི་མར། སྒྱུག་མོར་ངའི་ཆུང་མ་སྐྱེས་སོ། །དཀའ་ཁག་ནི་སྔར་བཞིན་གནས་ལ། ལས་ཚེགས་ཀྱང་ཆེ་རུ་གྱུར། ཁོ་མོས་རང་གི་སྐྱེས་པ་འཆི་རུ་འཇུག་མི་འདོད་ལ། གཅེས་པའི་བུ་མོ་ཡང་བློས་ཐོངས་པ་དཔེ་མི་སྲིད་དོ། །

འུ་ཐུག་ཅིང་གཏོལ་བྲལ་བའི་དུས་དེར། སྒྱུག་མོས་རྩྭ་ལྡུམ་ཟོས་ནས་བབས་པའི་འོ་བཅུད་སྤྱད་དེ་སྒྱུག་པོ་དང་བུ་མོ་གསོས་པའོ། ། གཞན་དག་དགོད་ལས་ཀྱང་ཆེ་མོད། བདེན་པ་ནི་བདེན་པ་རང་སྟེ། ཁོ་མོས་ནུ་མ་གཅིག་གིས་སྐྱེས་པའི་ལྟོགས་སྐོམ་བསད་ཅིང་། ནུ་མ་གཅིག་གིས་བུ་མོ་གསོ་ཐབས་བྱས་སོ།། རྗེས་སོར་ངའི་ཆུང་མས། སོ་སོར་སྨི་གཅིག་དང་ཚེག་ལྔ་དྲུག་གི་གཟུགས་ཚད་ལས་མ་བྱུང་བ་ནི། ནུ་མ་གཅིག་མ་གཏོགས་ནུ་རྒྱུ་མ་བྱུང་བས་ལན། ཞེས་ཀུ་རེ་སྨྲའོ། །

གང་ལྟར། སྒྱུག་མོས་ནི། བརྟན་བརླིང་གི་གཤིས་རྒྱུད་དང་། ལས་བརྩོན་གྱི་སྤོབས་པ་ལ་བརྟེན་ནས་འཁོར་བའི་མཐའ་འཁྱོལ་བར་བྱས་སོ། །

འདི་ལྟ་སྟེ། མོས་ཚེ་སྟོད་སྡུག་གིས་བསྐྱལ་བས་ན། །སྤྱིར་སྐྱིད་ལ་ངོས་འཛིན་འཕར་མ་ཐོབ། ། སྒོས་ལེགས་ཀྱང་ང་རྒྱལ་ཡོད་པ་མིན། །ཡང་སྡུག་ཀྱང་སེར་སྣ་མི་ཆེ་སྟེ། །ཟས་ཁམ་གཅིག་ཡོད་ཀྱང་མཉམ་དུ་སྤྱོད། །སྡེའི་ཁྱིམ་མཚེས་ཕལ་ཆེར་མགྲོན་དུ་འབོད། །ངས་ལོ་རེར་སྐོར་རེ་ཕོག་པར་བྱས། །ཇ་ཆང་གི་གོང་ཆེན་རྔན་པར་བྱིན། །ལྷོ་ཕྱོགས་པ་དགའ་སའི་ཀ་ར་གཏད། །དེ་ལ་ཡང་སེར་སྣ་ཡེ་མི་བྱེད། །སྤྱི་ཟས་སུ་བྲིམས་ཤིང་ཟད་པར་བརྩོན། །ངོམ་པ་ཡང་མ་ཡིན་གཏོང་ཕོད་དོ། །རུ་ཁྱིམ་དུད་བར་དུ་འགྲིག་ཅིང་མཐུན། །ཁ་འཚམས་འདྲིའི་གུས་སྲོལ་བརྗེད་པ་མེད། །འགྲོགས་བདེ་ཞིང་གཤིབ་ཀྱང་བདེ་བས་ན། །བློ་གྲོས་འདྲི་བྱེད་མཁན་ཤིན་ཏུ་མང་། །ལུས་ས་མཐར་ཡོད་ཀྱང་གྲོགས་ཀྱིས་བསྐོར། །མི་རྒྱུས་མེད་དག་ཀྱང་ཁོ་མོར་དགའ། །ཞེས་ཀྱང་སྨྲའོ། །

ང་བརྒྱ་དཔོན་གྱི་ལས་རྐང་དུ་ཡོད་དུས་ཏེ། གཉེན་བསྒྲིགས་བྱས་རྗེས་ཀྱི་ལོ་ཕྱི་མར་ཆུང་མར་བུ་ཞིག་སྐྱེས། བྱ་བའི་དབང་གིས་ངེད་ཁྱོ་ཤུག་ཡུན་རིང་བོར་སོ་སོར་གནས་དགོས་བྱུང་། སྒྱུག་མོས་ཡི་གེ་མི་ཤེས་ནའང་། འཇིག་རྟེན་གྱི་སྐྱིད་གདེང་སྡུག་གདེང་ཁོང་དུ་ཆུད་ཡོད། དེ་བས།ངའི་ལས་ཀའི་མཐའ་དཀར་བའི་ཆེད་དུ་མོའི་བུ་མོ་སྟེ་ངའི་ཆུང་མར་འདུག་རོགས་བྱས་ཤིང་བྱིས་པ་བསྙོར། བཟོ་གྲྭས་ཆུང་མར་བགོས་པའི་ཁང་ཆུང་ནི་སྟབས་བདེ་དྲགས་ཏེ། རྒྱ་ཁྱོན་ལ་སྨི་བཅུ་ཁ་ཞིག་མ་གཏོགས་མེད། དེ་ནས་གཙང་སྤྱོད་ཁང་ལའང་ཐག་ཤིན་ཏུ་རིང་། ཆེས་བཟོད་པར་དཀའ་བ་ནི། དགུན་ཁར་དྲོད་སྐྱེད་སྒྲིག་ཆས་མེད་པས་ཕྱིས་སུ་དར་བའི་འཁྱགས་སྒམ་ཞིག་དང་འདྲ་ལ། དབྱར་ཁར་ངང་གིས་བསྲེགས་ཤིང་འབར་བ་ནི། རྡོ་ལེབ་ཚ་བོའི་སྟེང་གི་གྲོག་ཚང་ཞེས་པའི་དཔེ་ཟླ་ལ་འགྲོའོ། ། ཆ་རྐྱེན་དེ་ཙམ་དུ་ཞན་ནའང་། སྒྱུག་མོས་བཟོད་པར་བྱས། ཁོ་མོའི་རྔུལ་ཁྲག་གི་འབྲས་བུ་དེ་འདྲར་བརྟེན་མེད་ཚེ། ང་ཕྱིས་སུ་སྟོང་དཔོན་ལ་འཕར་བའང་གནས་མི་སྲིད་པའི་ཚོད་དོ། །

1992ལོར། སྒྱུག་མོའི་ལུས་ཕུང་མ་བདེ་བས་གསོ་བཅོས་བྱེད་དུ་ཆས། སྨན་པས་གློ་བའི་སྐྲན་ནད་དུ་ངོས་བཟུང་། བཤའ་བཅོས་བྱས་ན་ནི། སྒོར་འབུམ་ལྷག་གི་འགྲོ་སོང་ཡོད་ཅིང་། ད་དུང་ལེགས་འགྲུབ་འབྱུང་བའི་ཁག་ཐེག་བྱ་དཀའ་སོགས་ཟེར། སྐབས་དེར་སྒོར་འབུམ་ཕྲག་ཉུང་ཉུང་མིན་ལ། ང་ཚོ་བུ་ཕྲུག་རྣམས་ལ་དེ་འདྲའི་འཁོས་ཀའང་མེད་དོ། །ཡིན་ནའང་བུ་ཕྲུག་རེ་རེར་སྒྱུག་མོའི་ཆེད་དུ་འབད་པ་བརྒྱ་འགྱུར་བསྟེན་པའི་འདུན་པ་ཤུགས་དྲག་མཆིས་ནའང་། ཁོང་གིས་སྲོལ་རྒྱུན་གྱི་སྨན་བཅོས་ཙམ་ལས། བཤའ་བཅོས་རང་མི་བྱེད་ཅེས་བློ་ཐག་བཅད་དོ། །

དོན་གྱིས་ནི། བུ་རབས་ཚ་རྒྱུད་དོམ་འོག་ཏུ་འཕེན་མ་འདོད་པ་སྟེ། རང་གི་ཚེ་སྲོག་ཇེ་ཐུང་དུ་བཏང་སྟེ་བུ་རབས་ཚ་རྒྱུད་ཀྱི་འཚོ་ཡུན་ཇེ་རིང་དུ་བཏང་བར་ཟད། འདི་ནི་གཤིན་རྗེ་དང་བརྗེ་རེས་བྱས་པ་ཞིག་དང་། འཆི་བདག་ལ་ཁ་གཏད་འཇལ་བ་ཞིག་བཅས་ཡིན་པས། རླབས་ཆེན་ཞེས་པའི་བརྡ་རང་ཅིས་ཀྱང་འབྱོར་ངེས་སོ། །

ངས་ཚུལ་འདི་དང་འབྲེལ་ནས། གཡུལ་ས་ནས་རང་སྲོག་ལ་མི་འཛེམ་པར་དགྲ་བོ་གསོད་ཅིང་འཐབ་གྲོགས་བསྲུངས་པའི་དཔའ་བོ་ཚོའང་དྲན་བྱུང་། ཚུལ་འདི་དང་སྒྱུག་མོའི་ཆོད་སེམས་ཀྱི་བར་ལའང་མཚུངས་རྟགས་བརྒྱབ་ཆོག་པའི་རང་བཞིན་ཞིག་ཅིས་ཀྱང་མཆིས་པས་སོ། །

ངའི་ཆུང་མའི་མཛངས་སྤྱོད་དག་ཀྱང་སྒྱུག་མོའི་ལུས་ངག་ཡིད་གསུམ་གྱི་གྲིབ་བརྙན་ནས་མཆེད་པ་ཡིན་ལས་ཆེ། རང་བསྟོད་དང་རང་དང་འབྲེལ་བ་དག་བསྟོད་པ་ནི་ཆེས་སྐྱུག་བྲོ་བ་ཞིག་ཡིན་མོད། ངས་སྒྱུག་མོ་ལ་བསྟོད་ཅིང་ཞོར་དུ་ཆུང་མའང་གླེངས་སོང་བ་ནི། རང་བཞིན་དྲང་བོར་བརྗོད་པ་ཞིག་མ་གཏོགས། འུད་བསྟོད་ཀྱི་ཟུར་ཙམ་ཡང་མི་འདྲེས་སོ། །

ང་ཚོས་ད་ལྟ་ད་དུང་ཡང་། བསམས་བཞིན་དང་བསམས་བཞིན་མ་ཡིན་པའི་ངང་ལ་སྒྱུག་མོ་ཁོང་མི་དྲན་རང་དྲན་དུ་འདུག ཟ་སྐལ་འཐུང་སྐལ་འཇོག་པ་སོགས། མིག་ཆུ་དཀུ་བར་བྱེད་པའི་ལས་ཐོལ་བ་རེ་ཡང་བསྒྲུབས་དང་སྒྲུབ་ཀྱིན་ཡོད།

སྒྱུག་མོ་ནི། ཕལ་བ་ཞིག་ཡིན། ཕལ་བ་ཞིག་ཀྱང་མ་ཡིན་པ་སྟེ། མི་གཤིས་ལ་འོད་སྣང་འཕྲོ་བས་སོ། ། འོད་སྣང་དེས་ནི། ང་དང་ང་ཚོར་ཤན་སྟོབས་མང་ཙམ་བཞག་ཡོད་ཨང་། 

ལེའུ་བཞི་བ། ཕ་བུ།

ངས་རྟག་ཏུ། ཕ་རྒན་དང་མཉམ་དུ་ཡོད་པའི་རྨི་ལམ་ཁོ་ན་གཏོང་། ཕ་འདས་ནས་མི་ལོ་ཉེར་གཅིག་ཕྱིན། བུ་ང་ཡང་ལོ་རྒན་དྲུག་ཅུར་བུད། ད་ནི། སྐྱིད་སྡུག་གང་ལའང་འདང་ཕོག་ན་ཅིས་ཀྱང་འགྲིག་ཨང་། འོན་ཀྱང་ངས་ཨ་ཕ་དྲན་པའི་ཟུག་བག་ནི་ཚོད་དང་ཚོད་ལ་ལངས་ཤིང་། དེ་ཡིས་སྐབས་དང་སྐབས་སུ་གཟིར་ཏེའང་ཡོང་ངོ་།།

འདི་སྐད་དུ།   ལོ་དེར་ཨ་མས་མ་ལྕོགས་པས། །ང་ཡིས་ཨ་ཕ་དམག་སར་ཁྲིད། །ཅིའི་ཕྱིར་ཞེ་ན་བུ་ཡིན་ཕྱིར། །གཉོར་སྐྱོང་སྲི་ཞུ་བསྒྲུབ་འཆར་རོ། །ཕ་རྒན་ཡུལ་དུ་འཚོ་དུས་ནི། །ཤག་དྲུག་ཅན་གྱི་ཁང་བར་བསྟིས། །ཞིང་ཁར་སོང་སྟེ་ལས་ཀྱང་བྱེད། །ལུས་ཤུགས་མེད་ཀྱང་སེམས་ཤུགས་འབར། །གསེར་སྙེ་ལ་འགྲན་ལོ་ཏོག་གིས། །ཁམས་དྭངས་བདེ་བ་དཔག་མེད་སྟེར། །ཁྱི་གུ་ཡར་མར་བརྒྱུགས་ལ་བལྟས། །བྱ་ཕོ་གྲགས་པ་རྣ་བའི་གསོས། །ཤག་ཏུ་གད་བདར་བྱེད་ལ་དགའ། །ཁྱིམ་མཚེས་འབོད་ཅིང་ཇ་འབྱངས་དགོད། །ངའི་འདིར་དེ་འདྲ་མ་ཡིན་ཏེ། །ཞོགས་པར་དམག་བརྡས་སད་པར་བྱེད། །དགོང་མོར་ཉལ་འཕྱིས་ཕྱི་རུ་འཁྱམས། །ཕྲན་གྱི་ཆུང་མས་བསྙེན་བཀུར་གྱིས། །འཚོ་བཅུད་བཟང་དུ་བཏང་ན་ཡང་། །ཕ་ནི་རྣམ་ཤེས་བརྡིབས་ལྟར་ཧད། །བུ་དང་མནའ་མའི་ལས་བྲེལ་གྱིས། །བཤད་རོགས་མེད་པའི་ཁེར་རྐྱང་ཆགས། །རྒན་པའི་གྲས་ལ་ཅི་ཁག་ཨང་། །ཞེས་ཀྱང་སྨྲའོ།།

ངའི་ཨ་ཅེ་ནི། ལེ་བར་སྟོང་གི་ཕ་རོལ་གྱི་གྲོང་རྡལ་ཞིག་ཏུ་གནས། མོ་ལའང་ཁྱིམ་ཚང་གི་བྱ་བ་མང་ཐལ་བ་ཡོད། ཡིན་ནའང་ཨ་ཕ་འཐད་པ་བྱུང་བ་བརྒྱུད་ནས་མོས་ཀྱང་ལོ་ངོ་གཉིས་ཙམ་ལ་ཨ་ཕར་ཞབས་ཏོག་མཐར་ཕྱིན་ཕྱིན་དུ་བསྒྲུབས། ངའི་ལས་ཀའི་ཟུར་གཞན་ཞིག་གིས། ཕ་རྒན་ལ་སྐོར་རྒྱག་རྒྱུ་ཡང་བྱུང་། ཨ་ཅེའི་དྲིན་གཟོའི་ལས་ལ་འགྱུར་བ་མེད། ངལ་བ་མེད། སུན་པ་མེད། དེའི་སྐོར་ནས་སོ་ལུག་པ་ཞིག་བྲིས་ན་སྙིང་པོ་མེད་པས། འདི་ཙམ་གྱིས་བསྐྱུང་བར་བྱའོ། །

2004ལོའི་ཟླ4པའི་ཉིན་ཞིག་གི་ཞོགས་པར། ཨ་ཅེའི་ཁ་པར་ཐོན། ཨ་ཕ་གློ་བུར་ཏུ་བརྒྱལ་ཚུལ། དེ་ནས་སད་རྒྱུ་མེད་རབས། ནམ་གུང་མྱུར་སྐྱོབ་རླངས་འཁོར་བོས་ཏེ་དམག་གི་སྨན་ཁང་ལ་བསྐྱལ་ལུགས། ད་ལྟ་ཡང་མྱུར་སྐྱོབ་བྱེད་ཀྱིན་ཡོད་སྐོར་བཅས་སྔངས་བཤད་དང་ངུ་བཤད་བྱས། དེ་ཐོས་པས། ངའི་སྙིང་ཚ་ཙག་གེར་སོང་ངོ་། ། གཏམ་རྙོག་དོར་ཏེ་དོན་གྱི་རྡོ་ཁ་བསྒྲིལ་ན། སྨན་ཁང་གི་བརྟགས་འབྲས་ནི་ཀླད་ནད་ཐུ་ཤོས་རེད་ཅེས་པའོ། ། ང་ཚོ་སྒོར་མོ་བཀོལ་རྒྱུར་མི་ཕངས་ཀྱང་། ནད་ངན་དེར་བཅོས་ཐབས་གང་ཡང་མེད་པའོ། །

ང་ཚོའི་ཡུལ་ཆོས་ལ། ལོ་ལོན་གནས་རྒྱུས་མེད་དུ་འཆི་མི་རུང་བས། རང་ས་རང་ཡུལ་དུ་འབྱོར་ཐབས་བྱས།

ཨ་ཕ་ཚ་ཐབ་སྟེང་ཉམ་ཐག་ཐག་ཏུ་བསྣར་འདུག་པ་དེར་ལྟ་བ་མིག་གིས་མི་བཟོད། བསམ་པ་བརྗོད་ཀྱིས་མི་ཚར་རོ།། ཨ་ཁ་ཁ། སྐྲ་དཀར་གྱི་ཉག་མ། ཟུངས་ཟད་ཀྱི་ལུས་པོ། ཁ་ཡང་ཕྱེད་ཙམ་ལས་གདངས་མི་ནུས་ལ། སྣ་ནང་བཙུགས་པའི་དབྱང་རླུང་གི་རྐྱལ་བའང་མིག་ལ་གཟན་པ་ཞིག་རེད། ངས་ད་གཟོད“བཟོད་གླགས་མེད་པའི་སྡུག་བསྔལ”ཞེས་པ་དེ་གཞི་ནས་ཚོར་བྱུང་། ཟས་ལ་ཡི་ག་ཆད་ནས་ཡུན་རིང་འགོར་མོད། སྨན་ཁབ་ཙམ་གྱིས་བཟུང་། འདི་ཡང་མནར་གཅོད་ཅིག་རེད་ཨང་། ངས་ཨ་ཕ་བརྗེད་མི་ཐུབ་པའི་རྒྱུ་མཚན་ནི། གནད་འདི་འདྲར་ཡང་ཐུག་ཡོད་ལས་ཆེའོ། །

ཨ་ཕ་དང་འབྲེལ་བའི་ངའི་ཕྱིར་དྲན་ལ་རྫོགས་མཐའ་ཞིག་མེད། ཁོས་གྱོན་མ་ཕོད་པ་ང་ལ་བསྐོན། ཁོས་ཟ་མ་བྲ་བ་ང་ལ་སྟེར། ཨ་ཁ་ཁ།ན་དུས་ཀྱི་རོགས་མགོན། སྐྱོ་དུས་ཀྱི་སེམས་གསོ། ཕམ་དུས་ཀྱི་གྲོས་སྟོན། ཉེན་ཁ་ཆེ་ས་དང་ལས་ཚེགས་ཐུ་ས་ཐམས་ཅད་དུ་ཁོ་རང་ཐོན་ཐོན་ལ་ཡོད། ངའི་ཚབ་བྱས་ཏེ་ཁོས་དཀའ་སྡུག་གྲངས་མེད་ལ་གདོང་གཏད་ནས་ཡོང་། དྲིན་ལན་དེ་ནི་གཞལ་ཐབས་བྲལ་ལོ།།

ཨ་ཕ་འདས་པའི་སྐབས་དེར། ང་ལོ50ཏག་ཏག་ཡིན།

རྩོམ་ཡིག་གི་སྣང་བརྙན་གཡར་ནས་བཤད་ན། ཨ་ཕའི་པུས་མོའི་མན་ཆད་འཁྱགས་རེངས་སུ་གྱུར། རྩ་ལྡང་བའང་མི་ཚོར་ཞིང་། ཁྲག་རྒྱུ་བའང་རྟོགས་ཐབས་བྲལ། མཚམས་ཤིག་ཏུ་ཨ་ཕའི་མགོ་བོ་དང་ཁར་ལྷུང། ཕུང་པོའང་རྩྭ་ཐག་ཆད་པ་བཞིན་དུ་ལྷོད། ངས་རྣ་རྩར་སྐད་ཆ་ཞིག་རྗོད་ཀྱིན་པའང་འཕྲོ་ཅན་དུ་ལུས། དབུགས་འབྱིན་རྔུབ་ཀྱི་དྲོད་ཚད་དེའང་རང་སོར་འཇགས། སྲི་མོ་དང་ཨ་ཅེས་ངུ་འབོད་རྣམ་རྟོག་ཟ་བ་བྱས། ཡུལ་ལུགས་ཀྱི་ཤོག་བུ་སྲེག་པ་སོགས་ཀྱི་གོ་རིམ་མ་ལུས་ཚང་བར་བྱེད་དོ། །

དེ་ལྟ་ནའང་། ང་རང་མ་ངུས་སོ། །རྒྱུ་མཚན་ཅི་ཡིས་ཞེ་ན། ངའི་ཨ་ཕའི་རེ་བ་ནི་ང་རང་སྐྱིད་སྡུག་ལ་ཁ་གཏད་འཇལ་ནུས་པའི་བསམ་ཤེས་ཕོ་རྒོད་ཅིག་ཡིན་དགོས་རྒྱུ་ལས། བློ་རྩ་མི་བརྟན་པའི་བྱིས་པ་ཞིག་མིན་རྒྱུ་དེའོ། ། ང་ནི་ཁོ་པའི་པང་པ་ནས་འཚར་ལོངས་བྱུང་ཞིང་། ཁོ་ཡང་ང་ཡི་པང་པ་ནས་ཞི་བར་འདས། འདི་ནི་ངེད་ཕ་བུ་ཟུང་ངོ་། ། 

ལེའུ་ལྔ་བ། ཕུགས་བསམ་གྱི་རྣམ་གཞག

གཅེས་ཕྲུག་ཀྱེ། ཁྱོད་ཀྱིས་སློབ་ཆུང་གི་རིམ་པ་བརྒྱུད་ཚར་ཏེ། སློབ་འབྲིང་གི་སྒོ་ཐེམ་ཡང་ནོན་བྱུང་བ་ལ། ངས་སྙིང་ཐག་པ་ནས་རྟེན་འབྲེལ་ཞུ་རྒྱུ་ཡིན།

ཁྱོད་ནི་བརྩེ་ཞེན་ཅན་ཞིག་སྟེ། རི་མོ་ལ་སོགས་བརྒྱུད་དེ་དགེ་རྒན་དང་སློབ་གྲོགས་ཚོའི་འདང་རྩིས་ཟིན་ཐོར་བཀོད་ཡོད། འདི་ནི་གསར་གཏོད་ཀྱང་ཡིན་ཏེ། རང་ཉིད་ལ་སྦྱོང་བརྡར་བྱས་པ་ཙམ་དུ་མ་ཟད། སློབ་གྲོགས་དག་ལ་ཡང་སྤྲོ་སྣང་བྱིན་ཡོད། དེས་ན། ཁྱོད་ཀྱི་ལས་འདིར་དོན་སྙིང་ལྡན་ཞེས། ངས་ཚིག་ཐག་ཆོད་པོས་བརྗོད་ཐུབ།

ཁྱོད་ཀྱི་ལོ་ཚོད་འདི་ནི། མི་ཚེ་ཧྲིལ་པོའི་འཚར་ལོངས་ཀྱི་གཞིའམ་རྩ་བ་རང་ཡིན་ཏེ། ཕུགས་བསམ་ཡོད་པའོ། །དེ་ག་དཔེ་གཟུགས་སུ་བཀོད་ན་ནི། གཤོག་པ་ཐོགས་པ་དང་ནམ་འཕང་གཅོད་པ་ལྟ་བུའོ།། ངའི་ཉམས་མྱོང་ལྟར་བྱས་ན། མིའི་སྟེང་ནས་ཆེས་རྒྱུན་སྲིང་ཐུབ་པ་ནི་གཞན་མ་ཡིན་ཏེ། གཞོན་སྐྱེས་ཀྱི་བཟང་སྒང་འདིའོ། །

དེ་ལྟ་ནའང་། གཞོན་དུས་སུ་རང་གཅུན་ངེས་པར་དུ་བགྱི་དགོས། མི་བཅའ་ཤེས་རྒྱུ་དང་དེ་ལས་ཀྱང་མི་བཟང་པོ་ཞིག་བཅའ་རྒྱུར་འབད་དགོས་པའོ། །དེ་ཡང་མདོར་བསྡུས་ཚེ། ཕ་མར་སྲི་ཞུ་དང་རྒྱལ་ཁབ་ལ་དྲིན་ལན་འཇལ་རྒྱུ། ད་དུང་སྲོལ་རྒྱུན་གྱི་བཟང་སྤྱོད་བསླབས་ནས་ཤེས་པར་བྱས་ཏེ། བརྒྱུད་འཛིན་བྱ་བའོ། །

ཁྱོད་ཀྱིས་སློབ་གྲོགས་ཚོར་དཔྱད་བརྗོད་བྱས་པའང་མཐོང་། ཁོ་ཚོའི་བཟང་ཆ་དང་མི་འདང་ས་གཉིས་ཀ་བྲིས་འདུག དེ་དེ་བཞིན་ནོ། ། སྐྱོན་ཀུན་ཟད་དང་ཡོན་ཏན་ཀུན་རྫོགས་ཀྱི་གང་ཟག་མེད་མོད། ཁོ་ཚོའི་བཟང་ཆ་ལེན་པ་དང་སྐྱོན་ཆ་སྤོང་བ་གནད་དུ་གཅེས་སོ། །

འདི་ལྟ་སྟེ། ན་གཞོན་པའི་དུས་སུ་རེ་བས་འཚོ། །ལོ་སྟོང་ཟད་མི་བྱ་བརྟུན་པ་གཅེས། །ལས་འབད་པ་ཆེན་པོས་འབྲས་བུ་ལེན། །དུས་མ་འོངས་ཁ་ཕྱོགས་གཏན་འཁེལ་བགྱི། །ལྷག་པར་དུ་ཕུགས་བསམ་གལ་རེ་ཆེ། །རྒྱལ་ཁབ་ཀྱི་འཕེལ་རྒྱས་སྙིང་པོར་འཛིན། །མི་དམངས་ཀྱི་ཁེ་ཕན་དང་པོར་བརྩི། །དེ་བྱས་ན་མདུན་ལམ་མངོན་དུ་འཆར། །ལར་འཕུར་སའི་བྲག་བཞིན་མཐོ་བར་ངེས། །རི་གནམ་འདེགས་ཀ་བར་འགྱུར་ཡང་ཐང་། །རྩྭ་རྐང་གཅིག་ཡིན་ཀྱང་མི་སྐྱོན་ཏེ། །རང་གནས་སའི་སྤྱི་ཚོགས་དར་ལ་འབད། །དེར་གསོན་ཤུགས་བསྣོན་ལ་རྩལ་རྒུ་དབྱུང་། །ཞེས་ཀྱང་སྨྲའོ། །

ལོ་སྔོན་མའི་རྒྱལ་སྟོན་དུས་ཆེན་ལ། ཁྱོད་རང་ཁྱོད་ཀྱི་ཨ་ཕའི་འགྲོ་རོགས་ལ་བརྟེན་ནས། གནའ་མཁར་ཞི་ཨན་ནས་ལྕགས་རྟར་ཞོན་ཏེ་ཕ་ཡུལ“ཧན་ཁྲིན”བར་དུ་ཆས། ཤ་ཉེར་སྐོར་ཡང་བརྒྱབ། དུས་ཚོད་ཀྱང་མི་ཐུང་སྟེ། སྤྱི་ལེ་སུམ་བརྒྱ་ལྷག་སྟེ་ཉིན་ལྔ་རང་འགོར་སོང་། ལམ་བར་དུ་ཤེས་བྱ་ཡང་སྤྱངས། སྙིང་རུས་ཀྱང་བསྐྱེད། གཟུགས་སྟོབས་ཀྱང་རྒྱས། ལམ་ཐིག་དེ་དག་ལམ་ཐིག་ཙམ་ཞིག་མིན་ཏེ། ཁྱོད་ཀྱི་མ་འོངས་པའི་ཕྱིར་དྲན་འོད་སྟོང་འབར་བར་འགྱུར་ངེས་སོ། །

གཞན་ཡང་འདི་ལྟ་སྟེ། ཚེ་གང་སློབ་གསོའི་ཇུས་ཆེན་ནི། །ཁ་ཙམ་མིན་པར་རྟོགས་པའི་སྟེང་། །ཡར་ཐོན་སློབ་པ་ལམ་གྱི་སྟེ། །ཆུང་ནས་འབད་ལ་རྒྱ་ཆེར་ལྟོས། །ཧུར་སེམས་མེད་ན་ག་ལ་ཡོང་། །ཐོ་བས་ལྕགས་ནི་ལས་རུང་བྱེད། །དེ་ལས་འབྲས་བུའི་མེ་ཡང་མཆེད། །གང་ལྟར་ཆར་དྲག་རླུང་འཚུབ་ལ། །བརྒལ་བའི་ཡང་རྩལ་ལྡན་པར་གྱིས། །མཐོ་བའི་བང་རིམ་ཟིན་པར་གྱིས། །ཞེས་ཀྱང་སྨྲའོ། །

ལེའུ་དྲུག་པ། སྐྱེད་སྲིང་།

ང་ཡི་བྱིས་དུས་སུ། གློག་སྒྲོན་གྱི་མིང་ཙམ་ཡང་ཐོས་སུ་དཀའ། སོལ་སྣུམ་གྱི་མ་གནས་མཐོ་དྲགས་ཏེ་ཡོད། རྡོ་སྣུམ་གྱི་རིན་པའང་འདོད་ཐོག་ཏུ་མི་ཡོང་བས། གལ་ཆེའི་མཛད་སྒོ་སོགས་ཀྱི་དུས་སུ་མ་གཏོགས་བེད་སྤྱོད་བྱེད་ཐུབ་ཀྱིན་མེད་ཨང་། དུད་ཚང་ཕལ་མོ་ཆེས། རྩི་ཤིང་ལས་བཙིར་བའི་ཞག་ཙམ་གྱིས་མུན་པ་སེལ་ཐབས་བགྱིད་དོ། །

ཚིག་སྣ་བསྡུས་ན། ཤིང་སྣུམ་མམ་ཤིང་ཞག་ཅེས་ཀྱང་འབོད་འོས་པ་དེ་ལ་ཆེད་མངགས་ཀྱི་འཇོག་སའང་དགོས་ཤིང་། དེ་ཡང་གང་ཡིན་ཡིན་ཞིག་གིས་མི་ཆོག་ཁར། སྣུམ་ལྡུག་པ་དང་དེ་ལ་དཔགས་པའི་སྲིང་བལ་རིལ་མོར་བྱེད་པ་ཁོ་ནའི་བར་དུའང་ཚེགས་བརྩོན་དུ་མས་སྦྲེལ་ལོ། །ཚད་ལ་མ་ཐོན་ན་མི་རུང་ཞིང་། ཚད་ལས་བརྒལ་ནའང་མི་འགྲིག་པའི་རྣམ་གཞག་དཀའ་ཚེགས་ཅན་མང་པོ་མཆིས།

གང་ལྟར། ཐབས་ཆག་གི་མེ་འོད་ཕྲ་མོ་དེ་འདྲར་བརྟེན་ནས། ཨ་མས་བརྩེ་བ་དང་བཅས་འཚེམ་བུའི་ལས་བསྒྲུབས་ཤིང་། ཕར་བལྟས་ཚོད་ཀྱིས་དཀའ་སྣང་ཡེ་ནས་མེད། ངེད་མིང་སྲིང་ཚོས་ནི་ཁོང་ལ་ལད་མོ་ཡང་ཡང་བྱས་སོ། །

ཤིང་སྣུམ་མམ་ཤིང་ཞག་ཅེས་ཀྱང་བརྗོད་རུང་བ་གང་དེ་ནི། འབར་བཞིན་པའི་སྒང་དུའང་སྐྱེས་བུའི་བྱེད་རྩོལ་ལ་ཆེས་ཆེར་ལྟོས། མི་གསལ་བ་ཇེ་གསལ་དུ་གཏོང་ལུགས་ཙམ་ལའང་ཞིབ་ལས་ཀྱི་གོ་རིམ་ཀུན་ཏུ་འབེལ། འོན་ཀྱང་ཡུལ་ཆོས་སུ་སོང་བར་བརྟེན་འདིར་སྤྲོས་བརྗོད་ག་ཙམ་བྱས་ཀྱང་། མྱོང་བ་མེད་ན་གོ་བ་ཐོན་དཀའ་ཙང་། རྒྱས་པར་མི་སྤྲོའོ། །

ངས་དཔེ་འདི་ལས་མཚོན་ཞིང་ཟེར་འདོད་པ་ནི། རྒྱལ་ཁ་ཅན་གྱི་མི་ཚེ་ཡང་རྩི་ཤིང་ལས་བཙིར་བའི་སྣུམ་དང་འདྲ་ཙམ་ཡོད་ཅེས་པའོ། ། དྲིན་ཅན་གཞན་གྱིས་གནས་དུས་ཡུལ་གསུམ་ཚང་བའི་སྒོ་ནས་དང་། རན་ལ་འོས་པའི་རྩོལ་བའི་ངང་ནས་གསོ་སྐྱོང་རམ་འདེགས་བྱ་བ་གནད་དུ་ཆེ་ཞེས་པའོ། །

ཕ་མ་ཡིས་ནི་བུ་ཕྲུག་འཁྲིད། འགོ་དཔོན་གྱིས་ནི་མངའ་འོག་སྐྱོང་། སྔ་ཕྱི་གང་ཡིན་ཀྱང་འགན་འཁྲིས་དང་། ཤ་ཚས་དང་། ཉམས་མྱོང་ཅི་རིགས་ཀྱིས་འཐེན་སྐུམ་རྐྱོང་ལྷོད་ནར་མར་བྱས་ཚེ། རྒྱུ་ཚོགས་ཚང་བའི་ལས་ལ་འབྲས་བུ་མི་སྨིན་པ་ནི་མི་སྲིད་དོ། །

གྲོགས་པོ་རྣམ་པ་ཀྱེ། ཁྱེད་ཅག་གིས་ཀྱང་ཐུགས་བསམ་བཞེས་དང་། འཚར་ལོངས་ཀྱི་ཆོས་ཉིད་འདི་ལ་གདེང་ཚོད་འཐོབ་ཀྱང་སྲིད་དོ། །

ལེའུ་བདུན་པ། སློབ་གཙོས་མགྲོན་བསུ་བྱས་ཤིང་ང་ཚོས་ཟས་རིན་སྤྲད་ཚུལ།

ཉིན་ཞིག་ང་ཚོ་ཨུ་རུ་སུའི་དམག་སྦྱོང་ས་གནད་ལ་ལྟ་སྦྱོང་དུ་སོང་། ལམ་ཐག་ཅུང་ཟད་རིང་བས་བྲོ་ཁ་ཡང་ཁྱེར་ཡོད་མོད། ཉིན་དེའི་འགྲོ་རོགས་ཡིན་པའི་ཨུ་རུ་སུའི་དམག་དཔོན་ཞིག་གིས་ཁ་པར་བརྒྱུད་ནས་ཅི་ཞིག་བཤད་འཕྲོར། ལོ་ཙཱར་བརྟེན་ནས་འདི་སྐད་དུ་ལབ།

གཏམ་བཟང་རེད་ཡ། སློབ་གཙོ་ཙའོ་ལའོ་ཐོ་ཧྥུའུ་ཡིས་འུ་ཅག་ལ་གུང་ཇའི་མགྲོན་བསུ་བྱ་རྒྱུ་རེད་ཅེས་པའོ། ། དེ་ལ་ལྷན་རྒྱས་སྤྲོ་ཞིང་མོས་པར་གྱུར། ད་དུང་ཕན་ཚུན་ལ་དྲན་སྐུལ་བྱེད་རེས་ཀྱིས། གསོལ་སྟོན་ཐོག་ཏུ་ཆང་ཉུང་འཐུང་བྱ་དགོས་ལུགས་དང་། ཕྱི་སྡེའི་དམག་གྲལ་དུ་མགོ་རྣ་འཆོར་མི་རུང་བ་སོགས་ཀྱིས་ཀྱང་བརྣན།

ཚིག་ལྷག་བསྐྱུངས་ཏེ་བཤད་ན། ཡུལ་དངོས་ལ་ཐོན་དུས། མདུན་ཅོག་ཏུ་ཚོད་རིགས་སྡེར་མ་བཅུ་ཁ་ཞིག་ལས་མ་མཐོང་། རབ་རིབ་ཅིག་རྟོགས་པ་ནི། ཨུ་རུ་སུའི་དམག་མགྲོན་བྱེད་ལུགས་ནི་རང་འདེམས་ལ་གཏོགས་སམ་སྙམ། མགྲོན་བྱེད་མཁན་སློབ་གཙོ་ཡིན་ཤག་གིས། རང་རང་དགའ་བའི་ཟ་མ་འདང་ཚད་རེ་བླངས།

བར་མཚམས་ཤིག་ཏུ། ཞབས་ཞུ་མ་ཞིག་གིས་ཚུར་ཤོག་ཅེས་བརྡ་རྒྱག་གིན་འདུག ང་ཚོས་ཅི་རེད་ཀྱིས་དྲིས་པ་ན། ཟ་མ་ལེན་རྒྱུ་མང་མ་སོང་ངམ། ཟས་རིན་ལ་འདང་བརྒྱབ་ཡོད་དམ་སོགས་ཟེར། སློབ་གཙོས་མགྲོན་བསུ་བྱེད་པ་མ་ཡིན་ནམ་ཞེས་ལན་བརྒྱབ་པར། “ཏག་ཏག་རེད། འོན་ཀྱང་ཟས་རིན་ནི་སོ་སོས་སྟེར་དགོས”ཞེས་ཅུང་གཟབ་ནན་གྱིས་སྨྲ།

ང་ཚོ་རྟབ་རྟབ་པོར་གྱུར། ཟ་མ་མང་པོ་ཞིག་བླངས་ཁར། ཟས་རིན་ཡང་རང་རང་གིས་སྟེར་དགོས་བྱུང་། གོམས་སྲོལ་གྱི་ཁྱད་པར་ལས་བྱུང་བའི་སྡུག་ཚིག་ཀྱང་ཟ་ལ། དགོད་ཀྱང་བྲོ་ཞིང་། གོ་རྒྱུ་ཡང་མང་བའི་རྣམ་པ་ནི་དེ་འདྲའོ། །

ལེའུ་བརྒྱད་པ། དྭངས་གསལ་དུས་ཆེན་དང་དམག་དད་ཀྱི་སྐོར།

མི་དང་མིའི་ཤ་ཁྲག་གི་འབྲེལ་བ་ནི་ཡང་སྙིང་ཅི་འདྲ་ཞིག་ཡིན་སྲིད་དམ། ལན་ནི་འདི་ལྟ་སྟེ། བྱུང་རིམ་དུ་བསྡེབ་པར་བྱའོ། །

དེ་ཡང1986ལོའི་ཟླ་དང་པོའི་ཚེས31ཉིན། ང་ལ་སེམས་མི་བདེ་བ་དྲག་པོ་ཞིག་བྱུང་ཁར། ཚོར་བ་ཟུག་བག་ཅན་ཞིག་གིས་རིང་ནས་རིང་དུ་མནར། ཡིན་རྒྱུ་ནི། རི་ཆུ་གྲངས་མེད་ཀྱིས་བཅད་པའི་ཡུན་ནན་དུ་གཡུལ་འགྱེད་བྱེད་བཞིན་པའི་ངའི་ནུ་བོ་འདས་པས་སོ། ། འདི་ནི་བརྗོད་དུ་མེད་པའི་ཚོར་བ་སྟེ། རྨོངས་དད་དུ་བསམ་པར་མི་བྱའོ། །

ང་ན་རེ། ནུ་བོ་གཏན་དུ་ང་ཚོ་དང་ཁ་གྱེས་སོང་བ་རེད། ཅེས་སྐྱོ་གདུང་གིས་ངུས་ཤིང་། བརྩེ་ལྡན་ཨ་མ་ནི་ཁོང་སྙིང་སྒོར་འབྱིན་པའི་ཚོད་དུ་གཟིར་ཞིང་བརྒྱལ། ཨ་ཕས་ནི་སྡུག་ལ་གདོང་ལེན་བྱེད་ཅིང་ནན་གྱིས་བསྲན་མོད། “སྐད་སྒྲ་མེད་པའི་མིག་ཆུ”ཡིས་ཁ་ངོ་ཧྲིལ་པོ་གཤེར།

ཁ་དཔེར། སྡུག་གི་མགོ་འཕང་མ་དམའ། ཞེས་ཟེར་མོད། དེ་དེ་འདྲའི་ལས་སླ་མོ་ཞིག་ག་ལ་ཡིན་ནམ།

སྐབས་དེར་དམག་མིར་དྲན་གསོའི་རྡོ་རིང་སློང་བ་དང་གཟི་ཉམས་ཅན་གྱི་བང་སོ་བསྐྲུན་པའི་དཔེ་སྲོལ་རྒྱ་ཆེར་དར་མེད་པས། ང་ཚོའི་སེམས་པ་ཅིའི་ཕྱིར་མི་སྐྱོའམ། སྨྲེང་ཞིང་སྡུག་པ་ལ་ཚད་དང་མཐའ་མེད་དོ། །

ད་ལྟ་ནི། ཏང་དང་རྒྱལ་ཁབ་ཀྱིས་སྔར་ལས་ཀྱང་དམག་མིར་བརྩི་འཇོག་བྱས་ཤིང་བྱེད་ལ། མི་དམངས་ཀྱིས་ཀྱང་སྔོན་གཤེགས་དཔའ་བོར་བསྟོད་བསྔགས་ཞུས་ཤིང་ཞུ་བས་ན། ང་དང་ངའི་ཁྱིམ་མིར་གདུང་སེམས་མཉམ་བསྐྱེད་ཀྱི་དབུགས་དབྱུང་ཡོངས་སུ་ཐོབ། དེ་དང་ལྷན་དུ་རང་ཉིད་ཀྲུང་གོའི་དམག་མི་ཞིག་ཡིན་པར་སྙིང་ཐག་པ་ནས་དགའ་སྤོབས་ཀྱང་སྐྱེས་སོ། །

ཕྱིར་དྲན་གྱིས་བརྗོད་ན། ང་སོགས་ཡོ་རོབ་གླིང་ལ་མཚམས་འདྲིར་བསྐྱོད་ཅིང་། ཨ་རིའི་དམག་མིའི་དུར་སར་བལྟ་སྐོར་ཡང་བྱས་མྱོང་།ཨུ་རུ་སུ་སོགས་ཀྱི་དམག་འབྲེལ་དུར་ས་ལ་ཡང་རྒྱུས་ཆེའོ། །

ཇི་ལྟ་བུ་ཞིག་རེད་ཅེ་ན། མཐའ་བཞི་ནགས་ཀྱིས་བསྐོར། དྲན་གསོའི་ཁང་ཆེན་བརྩིགས། བཟོ་བཀོད་འཕྲོད་ལ་མཐུན། ལྕགས་རི་བརྩན་ལ་མཐོ། རྡོ་རིང་འོད་དུ་འཚེར། དུས་དང་དུས་སུ་གཙང་སྦྲ་བྱེད། མཐོང་བ་ཙམ་གྱིས་མི་ལ་སྙིང་སྟོབས་དང་དཔའ་ངར་སྩོལ། རྒྱབ་ཁབ་ཀྱི་གཙོ་འཛིན་ཚུན་ཆད་ཀྱིས་གུས་འདུད་ཞུ། ལོ་རེར་རྗེས་དྲན་དུས་ཆེན་གཏོང་། དཔའ་བོའི་འཁྲུངས་འདས་ལོ་ཚིགས་ཡི་གེར་བཀྲ། དམག་རྟགས་ཆེད་བརྗོད་རི་མོ་རུ་འཚེར། བྱས་རྗེས་བསྟོད་ཚིག་གསེར་བྲིས་སུ་སྣང་། འཇིམ་བརྙན་ཟིལ་ཆེན་བསྟར་ཕྲེང་དུ་བསྒྲིགས། ཤི་བོ་ལ་དེ་ལྟར་བཀུར་བ་ཙམ་དུ་མ་ཟད། དེའི་འཕྲོ་ལུས་ཀྱི་གསོན་པོ་ལ་ཕོགས་ཀྱང་སྟེར། ཆེ་མཐོང་ཡང་སྤྲོད། འདི་སོགས་དཔེ་སྲོལ་ཡག་པོ་གང་འདྲ་མ་རེད་དམ།

བསྐྱར་སྐྱོན་ལ་མ་བལྟས་པར། ད་དུང་ཞིབ་ཙམ་བཤད་ན། ལོ་རེའི་ཟླ5པའི་ཚེས23ཉིན། ཨ་རིའི་དམག་གིས་གནམ་གྲུ་བཀོད་སྒྲིག་བྱེད་ཁར། “ཀྲུང་ཅང”རིམ་པའི་དམག་དཔོན་མངག་གཏོང་བརྒྱུད་ནས་སྔོན་གཤེགས་དཔའ་བོའི་ཁྱིམ་མིར་འགྲོགས་ཏེ་ལེ་བར་སྟོང་ཕྲག་བརྒལ་ནས་དྲིན་གཟོའི་བྱེད་སྒོར་དངོས་སུ་ཞུགས། འདི་གའི་སྲིད་འཛིན་གྱིས་ཀྱང་དངོས་སུ་གཡུལ་གཤེགས་དཔའ་བོའི་སྐུ་གདུང་ལ་འདུད་ཅིང་། དེ་འབྲེལ་ཁྱིམ་མིར་ཁ་པར་བརྒྱབ་ནས་འཚམས་འདྲི་ཡང་བྱེད། སེམས་གསོ་ཡང་ངོ་། ། ཁོ་ཚོའི་དམག་མིར་བརྩི་འཇོག་དང་བཀུར་བསྟི་བྱེད་པའི་བྱ་སྤྱོད་ཕྲ་མོ་འདི་ཙམ་གྱིས་ཀྱང་། ང་ལ་སེམས་འགུལ་ཆེན་མོ་ཐེབས།

ཨུ་རུ་སུའི་གྲོང་ཁྱེར་རེ་རེར་རྗེས་དྲན་ཁང་བཞེངས་ཡོད་ལ། མིང་མེད་དཔའ་བོའི་དུར་མདུན་ན་མཆོད་པའི་ཡོ་ལང་རྣམ་པར་མཆེད།  ལས་འདི་ཁོ་ཚོར་མཚོན་ན་སྲོལ་རྒྱུན་ཞིག་དང་། རིག་གནས་ཤིག སྤྱི་ཚོགས་ཧྲིལ་པོའི་གོ་རྟོགས་ཤིག མི་སྒེར་གྱི་གོམས་གཤིས་ཤིག་ཏུའང་གྱུར་ཏེ་ཡོད་དོ། །

ན་གཞོན་ཕོ་མོས་གཉེན་སྒྲིག་བྱེད་དུས་ཀྱང་། ཆེད་མངགས་སྔོན་གཤེགས་དཔའ་བོའི་དུར་སར་སོང་ནས་མེ་ཏོག་གསར་བ་དག་ཞི་དུལ་གྱིས་འབུལ་ཞིང་། འདྲ་པར་བསྐྱོན་ནས་དྲན་རྟེན་དུའང་བྱེད་དོ། །

ད་ཆར། རང་རེར་མཚོན་ནའང་སྤྱི་ཁྱབ་གཙོ་འཛིན་ཞི་ཅིན་ཕིན་གྱི་སྙན་འཇེབས་འབོད་སྐུལ་གྱི་འོག་ནས། དམག་མི་ནི་སྤྱི་ཚོགས་ཡོངས་ཀྱི་བརྩི་འཇོག་ཐོབ་པའི་ལས་རིགས་ཤིག་ཏུ་འགྱུར་ཡང་དགོས་ལ། འགྱུར་བཞིན་ཡང་ཡོད། ལུགས་སྲོལ་ཙམ་ལས་བརྒལ་ཏེ་ཁྲིམས་ལའང་བརྟེན་དགོས་པའོ། །

སྤྱི་ཚོགས་བྱིངས་ཀྱིས་དམག་མིར་བརྩི་བཀུར་ཚད་མེད་བྱས་པ་ཡིན་ན་ནི། ཕྱི་དགྲ་བཙན་པོའི་འགྲན་སློང་དང་བཙན་འཛུལ་བརྒྱབ་ཚེ།དམག་མི་མང་པོ་ཐེ་ཚོམ་སྤུ་ཙམ་མེད་པར་གཡུལ་སར་གཞུག་ངེས་ལ། ཞུགས་ནས་ཀྱང་རྒྱལ་ཁབ་ཀྱི་དོན་དུ་གཤེགས་ཕོད་པ་ཡིན། འདི་ཡང་དགོས་པ་དང་ཉིང་དགོས་སྦྲེལ་མའོ། །

ད་ཚོད། སྲིད་ཇུས་བཟང་པོའི་བཀའ་དྲིན་ལ། ངའི་ནུ་བོ་སོགས་ཀྱང་བང་སོར་བཅུག ཆེ་རྟགས་བཀོད། ཤི་གསོན་ཡོངས་ཀྱི་བསམ་པ་རྫོགས་པའི་ལན་ཆ་བྱུང་། དམག་ཞེན་པ་མང་པོ་འདུས། ངག་བསྡམས་མྱ་ངན་ཞུས། འཐབ་གྲོགས་ཚོས་དམག་མིའི་རྣམ་འགྱུར་དང་ལག་བརྡ་གཅིག་གྱུར་གྱི་ངང་ནས་ཡུན་རིང་འགྲེང་། གཉེན་ཉེ་ཚོས་དུད་ཆང་དང་ཤོག་དཀར་མེ་ཏོག་གིས་མཆོད་སྤྲིན་བཏང་། གཞན་ཡང་ལས་དེ་སོགས་གྲུབ་པའི་འགྲུབ་སྐར་གྱི་ཉིན་མོར་ཆར་བ་བསྟུད་མར་བབས་པས། གནམ་རྒན་མར་སེམས་འགུལ་ཐེབས་པ་ཡིན་ལས་ཆེའོ། །

དེ་བས་ན། ང་སོགས་ལ་དམག་མི་ཚད་ལྡན་ཞིག་བྱ་བའི་སེམས་ཤུགས་མང་དུ་བསྩལ། དམག་མིའི་ཤ་ཁྲག་གི་ལུས་པོ་ནི་ཡུན་དུ་གནས་ཀྱང་སྲིད་ལ་མི་གནས་ཀྱང་སྲིད་མོད། དམག་མིའི་གཟི་བརྗིད་དང་སྙན་གྲགས་ནི་བསྐལ་པ་མ་སྟོང་བར་དུ། ཅིས་ཀྱང་འཆི་བ་མེད་ཅིང་འཇིག་པ་མེད་དོ། །

ལེའུ་དགུ་བ། གཡུལ་དུ་འགྲོ་ཁར་འགྱུར་ལྡོག་ཆེ་ཞེས་ཟེར་བ་ལེགས་བཤད་དུ་སྣང་།

1985ལོའི་ཟླ9པར། ང་ཚོའི་དམག་དཔུང་ཡུན་ནན་དུ་སོང་། ཝེ་ཐེ་ནམ་ལ་རྒོལ་བའི་མྱུལ་ཞིབ་རུ་ཁག་གསར་དུ་བཙུགས། དམག་སྤྱིའི་བཀོད་འདོམས་ཁང་གིས་མི་རེ་ངོ་རེའི་གནས་ཚུལ་དང་དེ་འབྲེལ་ཁྱིམ་ཚང་གི་སྐོར། ད་དུང་བདེ་ཐང་སོགས་ཀྱི་ཐད་ནས་ཚད་ལ་ལོངས་པའི་མཛུབ་ཁྲིད་པ་རེ་ཡང་འདེམས་སྒྲུག་བྱས་སོང་། དེའི་ཁྲོད་ཀྱི་ལ་ལས་ང་ཚོར་ཁ་བརྡ་བྱས་ཤིང་། བསམ་འཆར་བླངས། དོན་གྱིས་ཚོད་བགམས་པ་ཞིག་ཀྱང་རེད།

དེ་དུས། “ང་ཚོ་རྩ་འཛུགས་ཀྱི་བཀོད་སྒྲིག་ལྟར་ཧུར་སེམས་ཀྱིས་གཡུལ་ལ་གཞུག་གི་ཡིན”ཞེས་ཀྱང་བརྗོད་དོ། །

ཞིབ་འདང་ཞིག་བརྒྱབ་དུས། རང་ཚང་གི་འཁོས་ཀ་ནི་ཞན། ཕ་མའི་ལོ་རྒྱུས་ནི་གཙང་། རང་ཉིད་བགྲང་བྱ་དུ་མའི་རིང་བརྒྱ་དཔོན་ལའང་བསྡད། ང་ཡོད་སའི་དཔུང་སྡེ་ལན་ཀྲུའུ་དམག་ཁུལ་གྱི་སྔོན་ཐོན་ཅན་དུ་བདམས་ནས་གཟེངས་བསྟོད་ཀྱང་བྱས། ངས་བཀོད་འདོམས་ཁང་གི་མཛུབ་ཁྲིད་པའི་འགན་ཡང་ཁུར། ཧྲི་ཅ་ཀྲོང་མཐོ་རིམ་བཀོད་འདོམས་སློབ་གྲྭར་ལོ་གཉིས་ལ་སྦྱོང་བརྡར་ཡང་བགྱིས། དེས་ན་ཕྱོགས་གང་ཐད་ཀྱི་ཆ་རྐྱེན་ཡོངས་རྫོགས་པོ་ལྡན་པའི་ཚོད་དུའང་མཆིས་པས། རེ་བ་ཡོད་ཅིང་བློ་དོགས་མེད་དོ། །

དེ་བས། ངས་ཆུང་མ་བོས་ཤིང་དེ་ལུགས་གསལ་བོར་བཤད་པས། མོས་ཀྱང་ཧ་གོ་སྟེ་སྐུལ་ལྕག་གི་ཚུལ་གྱིས། “སེམས་བདེ་མོ་བྱས་ནས་སོང་དང་། ལོ་ལོན་རྒན་རྒོན་དང་བྱིས་པ་ཚོར་ང་ཡིས་བདག་པོ་བརྒྱབ་ཡོང”ཟེར་རོ། །

ངས་སྔོན་དཔག་བྱས་པ་ནང་བཞིན་དུ། གཡུལ་འཐབ་ལ་གཞུག་མཁན་གཏན་འཁེལ་བྱས་པའི་ཁྲོད་དུ་ང་ཡང་འདུག དེ་བས། ཐེ་ཚོམ་དང་ཕྱི་བཤོལ་བསྐྱུངས་ཏེ་སྟ་གོན་ཨང་གསར་བགྱིས་སོ། །

ཡིན་ནའང་། ཉིན་གཉིས་ཀྱི་རྗེས་སུ་འགྱུར་ལྡོག་གཞན་ཞིག་བྱུང་། དམག་སྡེས་བློ་མཐུན་ཡཱང་ཆོའོ་ལིན་ངའི་ཚབ་ཏུ་བཏང་། ཅིའི་ཕྱིར་ཞེ་ན། འབྲེལ་ཡོད་ཚན་པས་ངའི་ནུ་བོ་ཡུན་ནན་གྱི་གཡུལ་འཐབ་ལ་ཞུགས་པ་ཤེས་པས་སོ། ། དེ་ཡང་ཅིའི་ཕྱིར་ཞེ་ན། དམག་དཔོན་ཝང་ཁིའི་སྐད་ཆ་སྟེ། “རྒྱལ་ཁབ་ཀྱི་དོན་དུ་རང་སྲོག་བློས་གཏོང་རྒྱུ་ནི་དུད་ཚང་རེ་རེར་འགན་འཁུར་ཡོད་མོད། ཁྱིམ་གཅིག་གི་སྤུན་གཉིས་གཡུལ་སར་བསྐྱལ་ན། དེ་དང་དེའི་ཕ་མ་གཉིས་ཀྱིས་བཟོད་ཐབས་བྲལ”ཞེས་སུ་གྲོས་ཐག་བཅད་པས་སོ། །

མ་གཞི་ནས་བཤད་ནའང་།  གཡུལ་གྱི་བྱ་བར་འཇུག་ལ་ཉེ་དུས། ཇུས་སོགས་འགྱུར་སླ་ཞེས་པ་བདེན་པར་སྣང་། ཐེངས་དེར། ང་ལ་བརྗེད་ཐབས་དཀའ་བའི་བག་ཆགས་མཐུག་པོ་ཞིག་བཞག །

དེ་ལྟར། དམག་དཔོན་གྱིས་ང་རང་སྒེར་དང་ངའི་ཁྱིམ་ཚང་ལ་གཟིགས་སྐྱོང་དཔེ་མེད་གནང་བས་མ་ཚད། གནད་དོན་དེ་དག་ཐག་གཅོད་བྱེད་སྐབས་ཀྱང་། ཏང་གི“དངོས་ཐོག་བདེན་འཚོལ”གྱི་བསམ་བློའི་ལམ་ཕྱོགས་དང་། ཡོད་ཚད་དོན་དངོས་ནས་མགོ་རྩོམ་པའི་བྱ་བའི་རྩ་དོན་སོགས་རྒྱུན་འཁྱོངས་ཀྱིས་དབྱེ་ཞིབ་ཏུ་གཞོལ་བའོ། ། བསམས་ཤིང་བསམ་ན། ཁོང་གི་ཕྱག་ལས་དེ་རིགས་གཏིང་ཟབ་ཅིང་དྲིན་དུའང་ཆེའོ། །

ཟུར་གཞན་ནས་བཤད་ན། སྐབས་དེའི་ངའི་སེམས་ཁམས་ནི་རྙོག་འཛིང་དུའང་ཟད། ཅིའི་ཕྱིར་ཞེ་ན། གཡུལ་ལ་གཞུག་འདོད་ཀྱི་ཧུར་སེམས་བརྟན་པོ་ཡོད་ལ། ཨ་ཕར་སྐྲན་ནད་བྱུང་ཞིང་བྱིས་པ་དག་ཀྱང་ན་ཕྲ་བས། འདང་རྒྱག་ཀྱང་ཅི་ལ་མེད་དེ་ཡོད་ངེས་སོ། །

རྗེས་སུ། གཡུལ་འཐབ་ལ་ཞུགས་པའི་གྲས་ཀྱི་གོ་གནས་མྱུར་ཏུ་འཕར་མོད། ང་ལ་འཁང་ར་ནི་ཡོད་ཀྱང་མེད་ལ། ཡོད་དོན་ཡང་མ་མཆིས་ཨང་།

ལོ་ཕྱི་ནང་མང་པོ་རིང་ལ། ངས་ནི་དྲིན་གཟོའི་འདུ་ཤེས་ཤིག་གིས། དམག་དཔུང་འཛུགས་སྐྲུན་གྱི་ལམ་པོ་ཆེའི་ཁྲོད་དུ་ནན་ཏན་གྱིས་བསྐྱོད་ལ། བློ་དཀར་གཞུང་དྲང་སྒོས་རང་ཉིད་ཀྱི་འགན་འཁྲི་མ་ལུས་ཕྲག་ཏུའང་བཏེགས་སོ། །

དེ་ཙམ་དུ་མ་ཟད། དམག་དཔོན་གྱིས་ང་ལ་སློབ་གསོ་བཏང་བ་དང་གཅིག སེམས་ཁུར་བྱས་པ་དང་གཉིས། སྐྱེད་སྲིང་བྱས་པ་དང་གསུམ་བཅས་ལ། ངས་ནུས་ཚོད་ཀྱིས་བཟང་ལན་བཟང་འཇལ་གྱི་བརྟུལ་ཞུགས་ནར་མར་བསྐྱངས་སོ། །

ལེའུ་བཅུ་བ། གཟི་བརྗིད།

གཟི་བརྗིད་ལ་གཙིགས་ཆེན་བྱེད་པ་ནི། དམག་མིའི་གཤིས་ལུགས་རེད་ལ། གཏན་འདུན་ཡང་རེད། གནའ་དེང་ཧྲིལ་པོའི་འཛམ་གླིང་སྤྱིའི་ལོ་རྒྱུས་ལ་དཔྱད་ནའང་དེ་འདྲའོ། །

དེ་མིན་ཟེར་ན་ནི། དམག་མི་དུས་རྟག་པར་དཀའ་ཐུབ་ཀྱིས་འཚོ་བ་དང་། འཐབ་འཁྲུག་གིས་བསྔལ་བ། དཔའ་མཛངས་ཀྱིས་དམྱལ་བའི་ཐོག་ཏུ།  རྟུལ་ཕོད་ཀྱིས་སྡོ་ཞིང་མི་ཕམ་པའི་ནང་དོན་ནི་ག་རེ། ཅིས་ཀྱང་གོ་ཐབས་མི་འདུག་ཨང་།

སྒོར་མོའི་ཆེད་དུ་ཡིན་ནམ་ཟེར་ན། ངས་མིན་ཟེར་རྒྱུ་ཡིན། དམག་མི་ཞིག་གི་ཚེ་སྲོག་དེ་སྒོར་མོ་ག་ཚོད་ལ་བརྗེ་ཐུབ་བམ། རྩིས་རྒྱག་ཐབས་བྲལ་བ་ཞིག་རེད་དོ། །

གོ་སའི་ཆེད་དུ་ཡིན་ནམ་ཟེར་ན། དེ་ཡང་མིན་ལས་ཆེའོ། ། འཐབ་ར་རུ་མི་འཆི་ཞེས་སུས་ཀྱང་སྔོན་དཔག་བྱེད་ཐབས་བྲལ་བས་སོ། །

དེས་ན། དམག་མིའི་འཇིགས་ཞིམ་བྲལ་བ་དང་། འཛིང་ཐག་ཆོད་པ། ང་རོ་འབར་བ་ཚང་མས་དཔའ་བོ་ཞེས་པའི་ཚད་ཐིག་དེར་བསྙེགས་ཡོད་ཅིང་། དེ་ཡང་གཟི་བརྗིད་དང་འབྲེལ་བའི་དད་མོས་ཤིག་དང་། མཚན་སྙན་དང་འབྲེལ་བའི་ཆེ་རྟགས་ཤིག་གི་ཕྱིར་རོ། །

ཕྱི་རྒྱལ་ཡར་མར་ལ་ཆ་མཚོན་ན། དམག་གཟིགས་དུས་སྟོན་སོགས་སུ། དམག་མི་མང་པོའི་བྲང་ཁའི་ཕྱོགས་གཉིས་ལ་ཆེ་རྟགས་ཀྱིས་བཀང་བར་བྱས་ཡོད། དེ་ནི་ཆེས་ཟིལ་ཤུགས་ལྡན་པ་ཞིག་རེད་ཡ། རང་གཞན་སུའི་ངོས་ནས་བཤད་ནའང་། གུས་འདུད་ཀྱི་ཡུལ་དང་གཟི་བརྗིད་ཀྱི་འབྱུང་རྩ་ནི་དམག་མི་རང་ངོ་། །

རང་རེས་ནི་དམག་མིའི་གཟི་བརྗིད་ཆེ་ངོམ་དེ་ཙམ་མི་བྱེད་ནའང་། དེ་ལའང་དེའི་གནས་ལུགས་ཏན་ཏན་ཡོད།  ཁེངས་སྐྱུང་གིས་དུལ་བའི་དམག་མི་དག་གཡུལ་སར་ཐོན་པ་ན། འཁང་ར་དང་ཡུས་འདོན་ཅི་ཡང་མེད་པར་འཐབ་ཤག་ཤག་དང་འཛིང་ཤག་ཤག་གིས་རྒྱུ། དེས་ན་ལན་ལ་མི་རེ་བའི་སྤྱོད་བཟང་འདི་རང་དམག་མིའི་ངེས་དོན་གྱི་གཟི་བརྗིད་དང་། དམག་མིའི་མཐར་ཐུག་པའི་གཤིས་སྤྱོད་ཀྱང་ཅི་ལ་མིན་ནམ་ཞེས་འདོད།

ང་ནི་སྤྱིར་བཏང་གི་དམག་མི་ཞིག་ཡིན་པ་ལས་ཁྱད་པར་ཅན་གྱི་དཔའ་བོ་ཞིག་མིན་མོད། ངས་དཔའ་བོར་བཀུར་བའི་ཆོད་སེམས་ལ་ནམ་ཡང་དམ་གློད་ཤོར་མྱོང་མེད། ང་ལ་འདི་ཞེས་པའི་གཟི་བརྗིད་ཅིག་ཀྱང་སྟོན་རྒྱུ་མེད་མོད། ངས་གཟི་བརྗིད་ལ་གཙིགས་ཆེན་བྱེད་པའི་གཤིས་ལུགས་དེར་ནམ་ཡང་འགྱུར་བ་བཏང་མྱོང་མེད། །

སྒྱུར་མཁན་གྱི་མཆན།

ལོ་ཙཱ་ནི། སྐད་ཡིག་གཉིས་བར་གྱི་མཚམས་སྦྱོར་བྱེད་དང་། བརྗེ་རེས་ཀྱང་ཡིན་པས། སྒྲ་སྦྱོར་བམ་གཉིས་ལྟ་བུའི་གཞུང་ཆེན་མོ་ལ་གཞི་བཅོལ་ནས་དཔྱད་ན། མང་དུ་བསྣོན་དགོས་ས་ཡང་ཡོད་ལ། ཉུང་དུ་དབྲི་རིགས་པའང་སྐོར་ཚོར་ལོངས་པའོ། །

རྩོམ་འདི་དོན་སྒྱུར་ལ་གཏོགས་ཤིང་། དེ་ལས་ཀྱང་ཟོར་ཤིན་ཏུ་ཡངས་པའི་དོན་སྒྱུར་གྱི་རྩ་དོན་ལ་བསྟུན་པས། བདེ་ལྕག་དོད་ཅིང་རོ་ཉམས་ཀྱིས་ཕྱུག་པའི་བྲོ་བར་གཞོལ་བ་ལས། ཚིག་ནག་ཐོད་གཏུག་པའི་ན་རཀ་ལ་ཧུར་བརྩོན་བྱས་མེད་ཁར། བསྒྱུར་བྱ་བདམས་དུས་ཀྱང་བོད་སྐད་སྨྲ་བའི“ཀློག་འདུན་མོས་པ”དང་རབ་ཏུ་བསྒྲིགས་ཏེ་བྱས། རྣམ་པ་དང་ནང་དོན་ཉིས་ཆ་ནས་ཆེས་མཚར་ཤོས(精彩)ཁོ་ན་བསྒྱུར་པ་ལས། ཡུལ་དུས་གནས་གསུམ་གྱིས་ངོ་སྐལ་དུ་འགྱུར་དཀའ་བ་ནི། རེ་ཞིག་བཏང་སྙོམས་སུ་བསྐྱུར་ཡོད།

དེ་ཡང་། རྩོམ་འདིའི་བྱེད་པོ་ནི་ཀྲུང་དབྱང་གི་དམག་རྗེ་ཆེ་གྲས་ཀྱིས་ཁས་ལེན་གདེང་འཇོག་ཐོབ་པའི་གང་ཟག་ཁྱད་པར་བ་ཡིན། དེ་བས་བྱས་རྗེས་ཡིག་ཚགས་སུ་གསལ། མཚན་སྙན་དེབ་ཐེར་དུ་གནས་པའི་ཀྲུང་ཧྭ་མི་རིགས་ཀྱི་དཔའ་བོ་དང་རྒྱལ་ཞེན་པའང་ཡིན། སྒྱུར་མཁན་རང་རང་གི་ངོས་ནས་བཤད་ནའང་། དམག་རྗེ་ཁོང་གི་ཞལ་མཇལ་གསུང་ཐོས་བྱུང་། ནང་མོལ་གྱིས་གནང་བ་བསྩལ། བརྩེ་བས་རྗེས་སུ་བཟུང་བ་སོགས་བཀའ་དྲིན་རི་ལས་ལྕིད་དོ། །

བརྩམས་ཆོས་འདི་ནི། དབང་གྲགས་གཉིས་ལྡན་གྱི་དམག་དཔོན་ཁོང་གི་ཞལ་གདམས་ངོ་མ་ཡིན་པས། རྒྱུས་ཡོད་མཁན་སུས་ཀྱང་། གཉན་ལ་བཙུན་པར་འཁུར། བདེན་ལ་དག་པར་འཛིན། ཆོད་ཆེ་ལ་མཐུ་ཆེ་བར་སེམས། དེའི་སྟབས་ཀྱིས་ནི། ད་ལོའི་བརྒྱད་གཅིག་དམག་འཛུགས་དུས་ཆེན་གྱི་ལེགས་སྐྱེས་ལ་བསམས་ཏེ་གུས་པས་བསྒྱུར། ཞིབ་མོར་ཞུས། ལེགས་པར་སྤེལ་བ་བཅས་སུམ་སྦྲགས་སུ་བསྒྲུབས་སོ། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།