ཀྲུང་གོ་བོད་ཀྱི་དྲ་བ།

སྟོན་འབུ་མེད་པའི་ས་ཆ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : ཡེ་ཧྲེང་ཐའོ་ཡིས་བརྩམས།ཚེ་རིང་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2022-07-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཐེམ་སྐས་མདུན་དུ་རྩྭ་ཕྲན་གཅིག་ཀྱང་མཐོང་རྒྱུ་མི་འདུག་ལ། སྒེའུ་ཁུང་ཕྱི་རོལ་ཏུ་ཡང་ཕྱེ་ལེབ་གཅིག་ཀྱང་མཐོང་རྒྱུ་མི་འདུག འདི་ནི་ཕུག་རོན་ཚང་གི་འཚོ་བ་ཡིན་ཟེར་མཁན་སུ་ཡིན་ནམ། ཕུག་རོན་གྱི་འཚོ་བ་ནི་འདི་འདྲའི་བྲོ་མེད་སྤྲོ་མེད་ཅིག་ཡིན་མི་སྲིད།

སྟོན་ཁ་སླེབས་དུས། དྲན་ཤེས་ཀྱི་ཀློང་དུ་ད་ནི“སྐྱོ་སྐད་ལྷང་ལྷང་གི་སྟོན་འབུ་ཡང་གྲག་མགོ་བརྩམས་སོང”ཞེས་དྲན་སྐུལ་བྱས་ཡོང་། ཡིན་ཡང་གྲག་འགུལ་ཅུང་ཙམ་ཡང་མི་འདུག ཁྱིམ་མཚེས་ཀྱི་བྱིས་པའི་ངུ་སྐད་དང་མིའི་འུར་སྐད་སོགས་མཉམ་དུ་མཆེད་པའི་མཚན་མོར། སྲང་ལམ་ནས་འཁོར་འགུལ་གྱི་འུར་སྒྲ་དང་།བྱིའུ་སྐད་ཅ་ཅོར་སྒྲོག་པའི་ཞོགས་པ་བཅས་ག་དུས་ཡིན་རུང་། ཁྱོད་ཀྱིས་མགོ་སྔས་ཐོག་ཏུ་བཞག་ནས་ཉན་པའམ། སྒེའུ་འགྲམ་ནས་ཉན་པ། ཡང་ན་གྱང་ཟུར་ལ་གཏད་ནས་ཉན་པ་ཅི་བྱས་ཀྱང་སྟོན་འབུའི་གྲག་འགུལ་ཙམ་ཡང་གོ་རྒྱུ་མི་འདུག དེ་ནི་སྤྲོ་ལ་དུབ་ཅིང་གསལ་ལ་དྭངས་པའི་སྒྲ་ཡིས་མནན་ཏེ་མ་གོ་བ་མ་ཡིན་ཏེ།དེ་སྔོན་འདི་རུ་སྟོན་འབུ་ཟེར་བ་ཞིག་མེད་པ་རེད། ཨེ། སྟོན་འབུ་མི་ཤོང་བའི་ས་ཆ།སྟོན་འབུ་འདུག་མི་འདོད་པའི་ས་ཆ།

གལ་ཏེ་མཐོང་ཡངས་པའི་གྲོང་གསེབ་ཏུ་བསྡད་ཡོད་པ་ཡིན་ན་ད་ནི་ག་ས་གང་དུ་འབུ་སྒྲས་ཁེངས་ཡོད་ངེས་ལ།ཉིན་མཚན་རྟག་ཏུ་སོས་དལ་བག་ཕེབས་པ་དང་།སྐྱེ་རྒུ་ཀུན་ནི་འགུལ་འཇགས་ཇི་ལྟར་བྱས་ཀྱང་སྤྲོ་སྐྱིད་ཚོར་ཡོང་། གཞན་དྲོད་འཇམ་གྱི་ཉི་འོད་དང་ཡང་ཞིང་གཡོ་བའི་སྤྲིན་ཕུང་གིས་ས་གཞི་བཀབ་ཡོང་།མཚན་མོར་སླེབས་ན་དཀར་གསལ་གྱི་ཟླ་བ་དང་སྐར་མ།ཡང་ན་དལ་འཇམ་གྱི་རླུང་བུས་ནམ་གང་བོར་སྲུང་ཞིང་འདུག ཡུལ་བབ་འདི་འདྲ་ཞིག་ཏུ་དངོས་གནས་ཡིད་སེམས་འགུག་ཐུབ་པ་ནི་སྟོན་འབུ་དེ་དག་ཁོ་ན་རེད།

ཁོ་ཚོས་སྒྲ་མཐོ་དམའ་དང་ཕྲ་སྦོམ།དལ་མགྱོགས།འགུལ་འཇགས་སྣ་ཚོགས་གྲག་སྟེ། སྔོན་ནས་རོལ་མོ་མཁན་ཞིག་གི་གམ་ནས་ཆེད་སྦྱོང་བྱས་མྱོང་བ་དང་འདྲ་བས།མི་འདང་ས་གཅིག་ཀྱང་མེད་པར་འདི་འདྲའི་དགའ་མགུ་ཡིད་ཚིམ་པ་ཞིག་རེད།སྤྱིར་ཡིན་ན་ཁོ་ཚོ་རེ་རེ་ནི་ངོ་མཚར་བའི་རོལ་མོ་མཁན་ཞིག་ཡིན་ཏེ།རོལ་དབྱངས་སྣ་ཀུན་འདུས་ལ་སོ་སོས་རྣམ་ཤེས་མི་འདྲ་བ་མཚོན་པས་མི་ཡུལ་གྱི་ཐུན་མིན་རྒྱུན་སྲོལ་དུ་མི་འགྱུར་བ་སྲིད་དམ།འབུ་སྒྲ་འདིས་སེམས་སྡུག་ཅན་གྱི་མིར་ཤུགས་རིང་འབྱིན་པར་བྱེད་ལ།སྐྱོ་བའི་སེམས་ཀྱི་རྨ་ཁ་སློང་ཞིང་། ཁེར་རྐྱང་གི་མགྲོན་པོར་དབུགས་རིང་ནར་ནར་འབྱིན་དུ་འཇུག དེ་མིན་ཁྱོ་ག་དྲན་པའི་བུད་མེད་ངུ་ཞིང་བཤུམ་པར་བྱེད། ཡིན་ནའང་།འདི་ནི་དངོས་གནས་བླ་མེད་ཀྱི་མཛེས་སྡུག་གི་ཡུལ་ཁམས་ཤིག་དང་།ཆེས་ལེགས་པའི་རང་བྱུང་གི་སྙན་རྩོམ་དེའང་རེད།འདི་ནི་མི་གཞན་གཅིག་པུ་རོལ་མྱོང་བྱེད་དགའ་བ་ཙམ་མ་ཡིན་པར།སྐབས་དུས་ཀྱི་མིས་ཀྱང་བྲོ་བ་སྐྱུར་མོ་ཞིག་མྱོང་བ་དང་། བྲོ་བ་འདི་མཚམས་ལན་རེར་ཧ་ཅང་གཏིང་ཟབ་པ་ཞིག་ཀྱང་རེད།

ཡང་ན། ང་ཚོས་རེ་སྨོན་བྱེད་པ་དེ་བྲོ་བ་གང་རུང་ཞིག་མ་ཡིན་པར་ག་དུས་ཡིན་རུང་བྲོ་བ་ཞིག་མྱོང་རྒྱུ་ཡོད་ན་འཚོ་བ་འདི་ཡང་སྟོང་པ་ཞིག་མིན་པར་རློམ་པ་དེ་རེད།གལ་ཏེ་བྲོ་བ་འདི་ནི་མངར་མོ་ཞིག་ཡིན་པར་བྱས་ན།ང་ཚོས་སྤྲོ་བ་འཛུམ་གྱིས་བསུས་ཏེ་རོལ་མྱོང་བྱེད་ངེས་ལ།གལ་ཏེ་སྐྱུར་མོ་ཞིག་ཡིན་པར་བྱས་ན།ང་ཚོས་ཀྱང་ཐོད་པས་གཉེར་མ་སྡུད་ཞོར་བྲོ་བ་འདི་མྱོང་ངེས།འདི་ནི་བྲོ་མེད་སྤྲོ་མེད་དང་བསྡུར་ན་ལྡབ་བརྒྱ་འགྱུར་གྱིས་བཟང་འདུག་ལ།ང་ཚོའི་བསམ་པར་ཆེས་བཟོད་དཀའ་ལ་ཁ་ཚ་དགོས་གཏུག་གིས་གཡོལ་དགོས་པའང་བྲོ་མེད་སྤྲོ་མེད་འདི་གཅིག་པུ་ཡིན་པར་འདོད།

དེ་བས་སེམས་པ་ཤིང་སྐམ་དང་འདྲ་བ་ལས་དགའ་སྐྱོ་གཉིས་ལྡན་ཡིན་ན་བཟང་ལ།གཉིད་མག་མོག་ཅིག་ལས་སད་པ་ལས་རྨི་ལམ་སྐྱིད་པོ་ཞིག་རྨིས་ན་བཟང་།ཆུ་ཁ་མོ་ཁམ་གང་ནི་ཆུ་ཐང་དཀར་ཡོལ་གང་ལས་བཟང་།ངུ་འབོད་ཐེངས་གཅིག་ནི་དགའ་སྐྱོ་ཚོར་མེད་ལས་བཟང་།ཡིན་ཡང་འདིས་སྤྲོ་སྣང་སྐྱིད་པོ་ནི་ཡོད་མི་རུང་བའམ།དྭངས་གསལ་ནི་དགོས་མཁོ་མེད་པ།མངའ་ཐང་ནི་ནག་ཉེས་ཡིན་པ།ཧམ་དགོད་ནི་གདོན་ལུགས་ཡིན་ཞེས་པ་མ་ཡིན་པར།འདི་ལས་བཤད་པ་ནི་བྲོ་ཡོད་ནི་བྲོ་མེད་ལས་ལྷག་ཅེས་པ་ཙམ་རེད།

དེ་བས་འབུ་སྐད་ནི་དངོས་གནས་དྲན་ཞིང་སྨོན་པ་ཞིག་རེད།དེ་ནི་སེམས་སྡུག་ཅན་དང་ཨ་སྐྱོ་བ།ཁེར་རྐྱང་གི་མགྲོན་པོ།ཁྱོ་ག་དྲན་པའི་བུད་མེད་ལས་གཞན་པའི་མི་མང་པོ་ཞིག་གིས་ཀྱང་དགའ་ཞེན་བྱེད་པ་ལྟ་ཅི་སྨོས།ལྷག་ཏུ་བསིལ་རླུང་དལ་བུར་གཡུག་དུས་སྙན་འཇེབས་ཀྱི་སྟོན་ཁའི་རོལ་དབྱངས་དེ་སུ་ཡིས་ཡིད་ལ་མི་འཆར་རམ།

འོན་ཀྱང་མི་འདུག གཏན་ནས་མི་འདུག ཁྲོན་པ་ལྟ་བུའི་ར་སྐོར་དང་། ཁམ་ནག་གི་ཆུ་སྒོ་འདི་ནས་སྟོན་འབུ་སྔོན་ནས་གཡོལ་དུ་སོང་སྟེ་ཕལ་ཆེར་ཕྱིར་མི་ཡོང་བ་འདྲ།འོན་ཀྱང་ང་ཚོ་ལ་ཁོ་ཚོའི་གཤོག་པ་དང་བརླ་ཤ་དེ་འདྲ་མེད་པས།འཕུར་མི་ཐུབ་ལ་ལྡིང་ཡང་མི་ཐུབ་སྟེ།འདི་ནས་ཤི་འཐབ་རོ་འཐབ་བྱས་ནས་འདུག་དགོས།“ཁྲོན་པ”དང“ཁམ་ནག”ནི་མཚོན་བྱེད་ཀྱི་རང་བཞིན་ཕུན་སུམ་ཚོགས་པ་ཞིག་རེད་ཨང་སྙམ།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།