ཀྲུང་གོ་བོད་ཀྱི་དྲ་བ།

ཁྱེད་ཀྱིས་ཁྱོད་རང་སུ་ཡིན་འདོད།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : དབང་མོ་མཚོས་བསྒྱུར།   སྤེལ་དུས། : 2021-09-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1. མི་ཆོས་དང་བྲལ་དུས་ཁྱེད་ཀྱིས་ཁྱོད་རང་སུ་ཡིན་འདོད།

རྔ་མོང་ཞིག་གིས་དཀའ་བ་བརྒྱ་ཕྲག་ཁྱད་དུ་བསད་ཅིང་ངལ་བ་དུ་མ་དང་དུ་བླངས་ནས་བྱེ་ཐང་ཆེན་པོ་བརྒལ་ཞིང་། རྔ་མོང་གི་རྒྱབ་ལ་འཇབ་པའི་སྐྱག་སྦྲང་གིས་ངལ་དུབ་ཅི་ཡང་མ་མྱངས་པར་ཚུར་ཐོན་པ་དང་། དེ་མུར་ཁོང་དགོད་ཅིག་བྱེད་བཞིན་རྔ་མོང་ལ། ཁྱེད་ཀྱིས་ང་རང་ཁུར་ཡོང་བར་བཀའ་དྲིན་ཆེ། བདེ་མོ་བྱོས་ཞེས་བཤད།

རྔ་མོང་གིས་སྐྱག་སྦྲང་ལ།ཁྱེད་རང་ངའི་རྒྱབ་ན་ཡོད་དུས། ང་ལ་ཚོར་སྣང་སྤུ་ཙམ་ཡང་མ་བྱུང་བས། བཀའ་དྲིན་ཞུ་དགོས་དོན་ཅི་ཡང་མེད། རྒྱུ་མཚན་ནི། ཁྱེད་རང་མ་གཞི་ནས་ཡང་ཞིང་ཆུང་བས། རང་གིས་རང་ཉིད་དེ་འདྲའི་ལྕི་མོ་ཞིག་མིན་པ་ཤེས་དགོས་ཞེས་ལན་བཏབ།

མིང་དུ་གྲགས་པའི་འཁྲབ་སྟོན་སྒྱུ་རྩལ་པ་ཡཱང་རའོ་ཁྲང་གིས་འདི་ལྟ་བུའི་གཏམ་རྒྱུད་ཅིག་བཤད་མྱོང་སྟེ། ཁོ་རང་ཁྱིམ་གཞིས་ཆེན་མོ་ཞིག་ཏུ་སྐྱེས་ཤིང་། རྒྱུན་དུ་ཁྱིམ་མི་བཅུ་ལྷག་ལྷན་དུ་འཛོམས་ཏེ་བཟའ་བཏུང་སྤྱོད་དགོས། ཐེངས་ཤིག ཁོ་ལ་གློ་བུར་ཁྱིམ་མི་ཡོངས་ལ་རྩེད་མཚར་ཞིག་སློང་བའི་མཚར་སྣང་གིས་ཀུན་ནས་ཁེངས་ཏེ། ཟ་མ་མ་ཟོས་པའི་སྔོན་དུ། ཁོ་རང་ཟ་ཁང་གི་ཡིད་འཇོག་མི་བྱེད་པའི་ཤིང་སྒམ་ཞིག་ཏུ་བསྐུངས་ཤིང་། སེམས་སུ་ཀུན་གྱིས་ཕྱི་བཙལ་ནང་བཙལ་བྱེད་པའི་སྐབས་དེར་ད་གཟོད་གློ་བུར་དུ་ལྡིང་ཡོང་ནས་ཀུན་ལ་དགོད་ཁ་ཞིག་སློང་དགོས་བསམས་མོད། འོན་ཀྱང་མ་བསམ་ས་ནས་མི་གཅིག་གིས་ཀྱང་ཁོ་རང་ཡོད་མེད་ལ་མཉམ་འཇོག་ཅི་ཡང་མ་བྱས་པར་མ་ཟད། སོ་སོས་ཟ་མ་རྒྱགས་ཆད་པ་རེ་ཟོས་རྗེས་གཅིག་རྗེས་གཉིས་མཐུད་དུ་སྒོར་བུད། ཁོ་རང་ཡུན་གྱིས་སྒམ་ལས་ཕྱིར་བུད་དེ་ཟས་ལྷག་འཐུང་འཕྲོ་མི་སྤྱོད་ཀ་མེད་བྱུང་། དུས་དེ་ནས་བཟུང། ཁོས་རང་གིས་རང་ཉིད་བརྩི་མཐོང་བྱེད་དྲགས་ན། མཐར་ཐུག་གི་ཕམ་སེམས་དེ་བློ་ཡིད་ལས་འགོངས་དཀའ་བ་ཞིག་རེད་ཅེས་སྡོམ་ཚིག་བཀོད་པ་རེད།

2. མི་གཤིས་ནི་མི་ཞིག་གི་ཆེས་མཆོག་ཏུ་གྱུར་པའི་རྨང་གཞི་ཡིན།

གནའ་མིའི་གསུང་ལ། མི་གཤིས་བཟང་པོ་གནམ་གྱི་ཀ་བ་འདྲ་ཞེས་པ་ལྟར། མི་སུ་ཡིན་རུང་གཤིས་རྒྱུད་བཟང་པོ་ཞིག་ཡོད་ན། ཁུར་ལ་མི་ལྕོགས་པའི་ལས་འགན་ཅི་ཡང་མེད། དེ་ལས་ལྡོག་ན་ཅི་ཡང་མི་འགྲུབ་ཅེས་གསུངས་ཡོད། ང་ཚོས་ནམ་ཡང་བདག་ལས་གཞན་གཅེས་ཀྱི་བསམ་པས་ལས་དོན་གཉེར་ན། མཇུག་འབྲས་གཡུར་དུ་ཟ་བ་རག་ཡོང་ལ། དེ་དང་མཉམ་དུ་གཤིས་རྒྱུད་འཇམ་པོ་ཞིག་དང་ཀུན་སྤྱོད་ཡག་པོ་ཞིག་འཛོམས་ན་ཀུན་གྱིས་བཀུར་ཞིང་ཡོངས་ཀྱིས་བསྔགས།

སྐབས་ལན་རེར། རང་ཉིད་ཅི་ཡང་མི་ཤེས་པའི་ཀླ་ཀློ་རིག་རྟུལ་ཞིག་གི་ཚད་ཀྱིས། རང་ཉིད་ནི་འཇིག་རྟེན་འདིའི་ཆེས་ཆུང་བའི་གང་ཟག་ཅིག་ཏུ་བསམ་ཡང་ཅིས་མི་འོས། རྒྱུན་ལྡན་གྱི་འཚོ་བའི་ཁྲོད། ང་ཚོས་སྒྲུབ་འདོད་པའི་བྱ་གཞག་གང་དེའི་ཆེད་དུ། ཐབས་བརྒྱ་ཇུས་སྟོང་གིས་ཧུར་བརྩོན་བྱེད་ཅིང་། གང་བཟང་གང་ལེགས་ཀྱིས་རྒྱལ་ཁའི་ངང་འགྲུབ་ཡོང་བའི་མཇུག་འབྲས་གཡུར་དུ་ཟ་བ་དེ་བརྩོན་ལེན་བྱེད་དགོས། འདི་ལྟ་བུའི་སྙིང་རུས་དང་སྤོབས་པ་ནི་བརྟན་བརླིང་རེ་སྙེག་གི་རྣམ་པ་མཚོན་བྱེད་གལ་ཆེན་ཞིག་ཡིན།

མིའི་མི་ཚེ་འདིར། གང་ཟག་མི་ཞིག་བྱེད་པའམ་ཡང་ན་བྱ་བ་ཅི་ཞིག་སྒྲུབ་རུང་། ནམ་ཡང་རང་རྒྱུད་ལ་གཙང་སེལ་དང་དག་ཐེར་བྱེད་ཅིང་། རང་ཉིད་ཀྱི་གོ་གནས་དང་རིན་ཐང་ལ་ངེས་ཤེས་ཟབ་མོ་ཡོད་པར་བྱས་ཚེ། ད་གཟོད་མི་ཚེའི་རྟོག་པ་ཆེས་མཐོ་བའི་ཚད་ལ་བསླེབ་ཐུབ། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།