ཀྲུང་གོ་བོད་ཀྱི་དྲ་བ།

ལམ་ཕྲན་ཕྱོགས་སུ་གྱེས་པའི་སྐྱེད་ཚལ།1—(ཝི་ཁྀ་ཐོ་རི་ཡ•ཨོ་ཁམ་པོ་ལ་ཕུལ། 2)

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བྷོར་ཧེ་སི(J.L.Borges)ཡིས་བརྩམས།(ཨར་གིན་ཐེན)ལྡོང་བུས་བསྒྱུར།   སྤེལ་དུས། : 2021-08-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ལི་དྷེལ•ཧར་ཐྀ3ཡིས་བྲིས་པའི《ཡོ་རོབ་གཡུལ་འཁྲུག་ལོ་རྒྱུས》4ཀྱི་ཤོག་གྲངས242ཀྱི་སྟེང་དུ། ཨིན་ཇིའི་དམག་ཁྲི་ཤོག་བཅུ་གསུམ་གྱིས(མེ་སྒྱོགས་ཆིག་སྟོང་བཞི་བརྒྱ་ཡི་རྒྱབ་རོགས་ལ་བརྟེན་ནས)1916ལོའི་ཟླ7པའི་ཚེས24ཉིན་སེ་རེ — མོང་ཐོ་བྷོང་སྲུང་མཚམས5ལ་ཕར་རྒོལ་གཏོང་བའི་འཆར་གཞི་བཀོད་ཡོད་ནའང་། རྗེས་སུ་ཚེས29ཉིན་གྱི་སྔ་དྲོ་ལ་ཕྱི་འགྱངས་མི་བྱ་ཀ་མེད་བྱུང་ཞེས་འཁོད་འདུག(རུ་དཔོན་ལི་དྷེལ•ཧར་ཐྀ་ཡི་དྲན་ཐོ་ལྟར་ན)ཆར་ཞོད་ཆེན་པོ་ཡི་རྐྱེན་གྱིས་འགོར་འགྱངས་བྱུང་བ་རེད་ཟེར — ཡིན་ནའང་དེས་གསལ་བཤད་ཅི་ཡང་བྱ་མི་ཐུབ་པ་སྨོས་མ་དགོས། དེ་ལས་ལྡོག་སྟེ་གཤམ་དུ་འབྱུང་བའི་དཔང་ཚིག་སྟེ། ཆིང་ཏོ་སློབ་ཆེན་གྱི་དབྱིན་ཡིག་དགེ་རྒན་ཆེན་མོ་ཟུར་པ། འབུམ་རམས་པ་ཡུ་ཙུན6གྱིས་ངག་བཀོད་གནང་། བསྐྱར་ཞིབ་མཛད། མིང་རྟགས་བཀོད་པ་དེས་དོན་དག་འདི་ལ་ངེས་མེད་ལྐོག་གྱུར་གྱི་སྣང་བ་ཞིག་གིས་གོས་པར་བྱས། དཔང་ཚིག་མདུན་གྱི་ཤོག་གྲངས་གཉིས་གར་སོང་ཆ་མེད་དུ་གྱུར་འདུག

……ངས་ཁ་པར་གྱི་ཉན་སྦུག་མར་ལ་བཞག  དེ་ནས་དེ་མ་ཐག་ཏུ།  ངས་འཇར་མན་སྐད་ཀྱིས་ལན་རྒྱག་མཁན་གྱི་སྐད་དེ་ངོས་ཟིན་སོང་། དེ་ནི་རུ་དཔོན་རི་ཆར་དྷྀ•མད་དྷེན7གྱི་སྐད་རེད།  མད་དྷེན་ཁོ་ད་ལྟ་ཝི་ཁྀ་ཐོར•རུ་ནེ་བྷྀར་གྷྀ8ཡི་སྡོད་ཤག་ཏུ་ཡོད་པ་འདིས་ངེད་ཅག་གི་ངལ་བ་ཐམས་ཅད་འབྲས་མེད་དུ་གྱུར — ཡིན་ནའང་དེ་ནི་ང་ལ་མཚོན་ན་གལ་ཆེན་ཞིག་མ་རེད། ཡང་ན་ང་ཡིས་དེ་ལྟར་སྙམ་ན་འོས — ངེད་ཅག་གི་ཚེ་སྲོག་ཕྲ་མོའང་མཐའ་ལ་སླེབས་པ་མཚོན། དེ་ཡིས་རུ་ནེ་བྷྀར་གྷྀ་གཞན་ལག་ཏུ་ཚུད་པའམ། ཡང་ན་ལྔ་ལམ་དུ་བསྐྱལ་ཟིན་པ་མཚོན།9ཉིན་དེ་ཡི་ཉི་མ་ནུབ་རིར་མ་ཡལ་སྔོན་ལ། ངའང་ལས་བསྐོས་འདི་འདྲ་ཞིག་ལས་བཟློག་ཐབས་མེད།  མད་དྷེན་ལ་སྙིང་རྗེ་སྤུ་ཙམ་ཡང་མེད། དེ་ལས་ཀྱང་གསལ་བོར་བཤད་ན། ཁོ་རང་སྙིང་རྗེ་མེད་པ་ཞིག་མ་བྱས་ཐབས་མེད་ཡིན། ཨིན་ཇིའི་དབང་འོག་ཏུ་ཡོད་པའི་ཨེ་རི་ཧྲྀ་པ10འདི་ཡིས།  ལས་ཀ་ལ་དང་ཞེན་མི་ཆེ་བར་མ་ཟད་ཐ་ན་ངོ་ལོག་ཀྱང་བྱ་སྲིད་པའི་ཉེས་མིང་ཞིག་ཁུར་ཡོད་པས། ད་ལྟ་འཇར་མན་གྱི་མྱུལ་མ་གཉིས་རྙེད་ནས་ལག་ཏུ་ཚུད་ཅིང་ལྔ་ལམ་དུའང་བསྐྱལ་ཆོག་པའི།  གནམ་གྱིས་གནང་བའི་གཟིགས་སྐྱོང་འདི་འདྲ་ཞིག་ལ་ཁོས་དམ་འཛིན་གང་ཡོད་ཀྱིས་ཐུགས་རྗེ་ཆེ་མི་ཞུ་བ་ག་ལ་སྲིད། ང་སྟེང་ཁང་གི་རང་གི་ཁང་བའི་ནང་དུ་ཕྱིན། ཆོ་མེད་པ་ཞིག་ལ། ངས་ཁང་བའི་སྒོ་ཟྭའང་བརྒྱབ་ཅིང་། དེ་ནས་ལྕགས་ཀྱི་མལ་ཁྲི་དོག་པོ་དེའི་སྟེང་ལ་གན་རྐྱལ་དུ་ཉལ་ནས་བསྡད། སྒེའུ་ཁུང་གི་ཕྱི་རོལ་ནི་ནམ་རྒྱུན་མཐོང་ཐུབ་པའི་ཁང་རྩེག་གི་རྩེ་མོ་དང་སྤྲིན་གྱིས་བསྒྲིབས་པའི་ཕྱི་དྲོའི་ཆུ་ཚོད་དྲུག་སྟེང་གི་ཉི་མ་རེད། ཉིན་དེ་ལ་སྔ་ལྟས་དང་རྟགས་མཚན་ཅི་ཡང་མེད་པར། ང་ཡི་བཟློག་ཐབས་བྲལ་བའི་འཆི་ཉིན་དུ་འགྱུར་བ་ནི་ཇི་འདྲའི་བློ་ཡུལ་ལས་འདས་པ་ཞིག་རེད། སྤྱིར་ན་ང་ཡི་པཱ་ལགས་ཀྱི་ཚེ་ཡི་འཕེན་པ་རྫོགས་ཟིན་ནའང་། སྤྱིར་ན་ང་ཡིས་ཧའེ་ཧྥེང11གི་ཆ་བཀོད་ལེགས་པའི་སྐྱེད་ཚལ་ཞིག་ཏུ་བྱིས་དུས་བསྐྱལ་མྱོང་ཡོད་ནའང་། ད་ནི་ང་རང་ཡང་འདི་ལྟར་འཆི་ལམ་དུ་བཞུད་དགོས་པ་རེད་དམ། དེ་ནས་ངའི་སེམས་ལ་འདི་ལྟར་སྙམ། འཇིག་རྟེན་གྱི་བྱུང་བ་ཐམས་ཅད་ཡ་ཡོ་མེད་པར་ང་རང་གི་སྟེང་དུ་བྱུང་། སྔ་ཕྱི་མེད་པར་ད་ལྟའི་དུས་འདི་ལ་བྱུང་། བསྐལ་པ་ནས་བསྐལ་པ་གྲངས་མེད་ཕྱིན་ནའང་། གང་འབྱུང་རྒྱུ་དེ་ནི་ད་ལྟའི་དུས་འདི་ཁོ་ན་ལ་བྱུང་། བར་སྣང་ཁམས་དང་། ས་གཞི་དང་རྒྱ་མཚོའི་སྟེང་དུ་སྐྱེ་བོ་བགྲང་ལས་འདས་པ་ཞིག་མཆིས་ནའང་། དོན་དམ་གྱི་འབྱུང་ཡུལ་དེ་ནི་ང་རང་ཉིད་ཁོ་ནའི་སྟེང་དུ་བྱུང……  མད་དྷེན་གྱི་རྟ་གདོང་བཟོད་ཐབས་བྲལ་བ་དེ་ངའི་མིག་ལམ་དུ་ཤར་བས་དམིགས་མེད་ཐོལ་བྱུང་གི་དྲན་འཆར་འདི་དག་གར་སོང་ཆ་མེད་དུ་ཡལ། ང་ཡི་ཞེ་སྡང་དང་ང་ཡི་འཇིགས་སྣང་གི་ཀློང་དུ(ད་ནི་ངས་རང་གི་འཇིགས་སྣང་ཤོད་པ་ལ་དོ་སྣང་བྱེད་ཀྱི་མེད — ད་ནི་ངས་རི་ཆར་དྷྀ•མད་དྷེན་ལ་མགོ་སྐོར་བཏང་ཚར་ཞིང་།  ད་ནི་ང་ཡི་མཇིང་བ་ཡིས་གསོད་ཐག་ལ་རེ་བ་བྱེད)། ངས་འ་འུར་ཟང་ཟིང་ཆེ་ནའང་དགའ་སྤྲོ་བསྙོན་མེད་དུ་སྐྱེས་ཡོད་པའི་དྲག་ལས་མཁན་དེས། ང་ཡི་ལག་ཏུ་གསང་བ་ཞིག་ཉར་ཡོད་པར་དོགས་པ་ཟ་ཡི་མེད་པ་ཤེས། གསང་བ་དེ་ནི་ཏན་ཏན་ཨིན་ཇིའི་མེ་སྒྱོགས་རུ་ཁག་གསར་པ་ཡོད་སའི་ཨན་ཁྀ་རེ12ཡི་ས་མིང་འཁྲུལ་མེད་དེ་ཡིན།  འདབ་ཆགས་ཤིག་གིས་སྐྱ་ཐ་ལེའི་བར་སྣང་གཤགས་ནས་འཕུར་ཕྱིན་པས།  ངས་རང་སྣང་གང་ཤར་ངང་སེམས་སུ་དེ་ཉིད་གནམ་གྲུ་ཞིག་ཏུ་སྤྲུལ་བར་བྱས་ཤིང་། གནམ་གྲུ་དེའང་གནམ་གྲུ་དེ་བས་མང་པོ་ཞིག་ཏུ་སྤྲུལ་བར་བྱས་ཏེ།  (ཧྥ་རན་སིའི་བར་སྣང་ནས)ཐུར་དུ་དྲང་བོར་ཕྱོགས་པའི་འབར་མདེལ་གྱིས་མེ་སྒྱོགས་རུ་ཁག་ཐལ་བའི་རྡུལ་དུ་རློག་གིན་པར་བྱས། གལ་སྲིད་ང་ཡི་མགྲིན་པ་འདི་ཉིད། མདེའུ་ཞིག་གིས་ཚལ་བུར་མ་བཟོས་པའི་སྔོན་དུ། སྐད་གསང་མཐོན་པོས་ས་མིང་དེ་ཕྱི་རུ་བསྒྲགས་ནས་འཇར་མན་པ་དག་གིས་ཐོས་ཐུབ་པ་བྱུང་ན……ཡིན་ནའང་ངའི་ཤ་ཁྲག་གདོས་བཅས་ཀྱི་ཕུང་པོ་འདི་ལས་ཕྱིར་ཕྱུང་བའི་སྐད་སྒྲ་ནི་ཤིན་ཏུ་ནས་ཉམ་ཆུང་ལ་འཁོས་ཞན་པས། ང་ཡིས་དེ་ཉིད་མགོ་ཁྲིད་ཀྱི་རྣ་ལམ་དུ — ནད་ཀྱིས་མནར་བའི་སྐྱེ་བོ་སྡུག་ཅག་དེའི་རྣ་ལམ་དུ་ཇི་ལྟར་སྐྱེལ་དགོས་སམ།  དེ་ཡིས་རུ་ནེ་བྷྀར་གྷྀ་ངེད་གཉིས་སྀ་ཐ་ཧྥོར་དྷྀ་རྫོང་སྡེ13རུ་ཡོད་པ་ཙམ་ལས་གཞན་ཅི་ཡང་ཤེས་ཀྱི་མེད་པར།  ད་དུང་བྷྀར་ལེན14གྱི་ཁོའི་གཞུང་སྒྲུབ་ཁང་ཉོབ་ཐང་ཆད་པ་དེ་རུ་ངེད་གཉིས་ཀྱི་གནས་ཚུལ་ལ་སྟོང་སྒུག་བྱེད་ཀྱིན།  མཚམས་ནས་མཚམས་མེད་པར་ཚགས་པར་སློག་གིན་ཡོད……“ང་ངེས་པར་དུ་འབྲོ་དགོས” ངས་སྐད་མཐོན་པོས་དེ་ལྟར་བཤད།  ང་རང་སྨྲ་བ་མེད་པར་ཙོག་པུར་བསྡད་ཅིང་།  མད་དྷེན་གྱིས་སྔར་ནས་ང་ལ་ལྐོག་ལྟ་བྱེད་ཀྱིན་པ་དང་འདྲ་བར།   ང་རང་དགོས་པ་མེད་པའི་ངང་ཁ་ཁུ་སིམ་པོར་བསྡད།  ཅི་ཞིག་གི་ཆེད་དེ — གཅིག་བྱས་ན་རང་ཉིད་ལ་ཐབས་བྱུས་ཀྱིས་ཀུན་ནས་སྟོང་བ་དེ་ཁོ་ན་ར་སྤྲོད་བྱེད་པའི་ཆེད་དུ — ངས་རང་གི་ཁུག་མའི་ནང་དུ་ལག་མྱུལ་ཞིག་བྱས།   ངས་རང་གིས་སྔར་ནས་ཡོད་པར་ཤེས་པ་དེ་དག་རྙེད་བྱུང་། ཨ་མེ་རི་ཁའི་ཆུ་ཚོད་འཁོར་ལོ་ཞིག ལྕགས་ཐག་ཅིག་དང་ཊམ་ཀ་ཟུར་བཞི་མ་ཞིག ལྡེ་མིག་གི་ལོང་བུ་ཞིག  དེའི་སྟེང་དུ་གཟི་བརྗིད་ཡལ་ཞིང་སྤྱོད་སྒོ་དང་བྲལ་བའི་རུ་ནེ•བྷྀར་གྷྀའི་སྡོད་ཤག་གི་ལྡེ་མིག་དག་བཏགས་འདུག  འབྲི་དེབ་ཅིག འཕྲིན་ཡིག་ཅིག  ངས་དེ་མ་ཐག་ཏུ་རྩ་བརླག་གཏོང་རྒྱུའི་སེམས་ཐག་བཅད་ནའང(ནམ་ཡང་གཏོང་ཐུབ་མ་བྱུང)། ཕྱི་སྐྱོད་ལམ་ཡིག་རྫུན་མ།  ཤི་ལིང15ལྔའི་ཊམ་ཀ་ཞིག  ཤི་ལིང་གཉིས་ཀྱི་ཊམ་ཀ་ཞིག ད་དུང་ཕེན་སེ16ཁ་ཤས། ཞ་སྨྱུག་སྔོ་དམར་ཅན་ཞིག  ལག་རས་ཤིག མདེའུ་གཅིག་བརྫངས་པའི་དཀྲུམ་མདའ་རང་འཁོར་མ་ཞིག  ཆོ་མེད་པའི་ངང་། ངས་མེ་མདའ་དེ་ལག་ཏུ་བླངས་ཤིང་རང་ཉིད་ལ་དཔའ་བསྐྱེད་པའི་ཕྱིར་དེའི་ལྗིད་ཚད་འདེགས་ཙམ་བྱས། དཀྲུམ་མདའ་འཕངས་པའི་སྒྲ་ཡིས་བར་ཐག་ངེས་ཅན་ཞིག་བརྟོལ་ཐུབ་པ་གསལ་ལ་མི་གསལ་བའི་ངང་ངའི་ཡིད་ལ་ཤར།  སྐར་མ་བཅུ་ཡི་རྗེས་སུ་ངའི་འཆར་གཞི་ཡོངས་སུ་སྨིན་པར་གྱུར།  ཁ་པར་ཨང་དེབ་ཀྱིས་གནས་ཚུལ་དེ་དང་འབྲེལ་བ་འཛུགས་ཐུབ་པའི་སྐྱེ་བོ་གཅིག་ཁོ་ན་ཡི་རུས་མིང་ང་ལ་སྤྲད་བྱུང་། ཁོ་ཧྥྀན་ཐོན17གྱི་གྲོང་མཐའ་རུ་གནས་བཅས་འདུག་ཅིང་། མེ་འཁོར་གྱི་ཆུ་ཚོད་ཕྱེད་ཀའི་ལམ་ཐག་ལས་མེད།

ང་རང་མི་སྡར་མ་ཞིག་ཡིན།  ད་ནི་ང་ཡིས་སྐྱེ་བོ་སུ་གཅིག་གིས་ཀྱང་ཉེན་ཁ་མི་འདུག་ཅེས་ཁས་ལེན་མི་ཐུབ་པའི་འཆར་གཞི་ཞིག་ལག་ལེན་མཐར་སྐྱེལ་བྱས་ཟིན་པས།  ངས་དེ་ལྟར་ཤོད་མི་ཕོད་པ་ཅི་ཡང་མེད། འཆར་གཞི་དེ་ལག་ལེན་དུ་འདེབས་པ་ནི་ཤིན་ཏུ་ནས་འཇིགས་སུ་རུང་བ་ཞིག་ཡིན་པ་ངས་ཤེས་དང་ཤེས། ངས་དེ་ལྟར་སྒྲུབ་པ་ནི་འཇར་མན་པ་དག་གི་ཆེད་དུ་ག་ལ་ཡིན་ཏེ།  གཏན་ནས་མིན། བཙན་ཤེད་ཀྱིས་ང་རང་ཐ་ཤལ་གྱི་མྱུལ་མའི་ལས་ཀ་བྱེད་མཁན་ཞིག་ཏུ་བསྒྱུར་བའི་དམུ་རྒོད་ཀྱི་རྒྱལ་ཁབ་འདི་ལ་ངས་སེམས་ཁུར་སྤུ་ཙམ་ཡང་མི་བྱེད།  དེ་ལས་གཞན།  ངས་ཨིན་ཇི་པ་བག་ཡོད་ཚུལ་མཐུན་ཞིག་ངོ་ཤེས་ཤིང་།  ཁོ་ནི་ངའི་སེམས་སུ་གྷོ་ཐེ18ལས་མི་དམན་པ་ཞིག་ཡིན། ངེད་གཉིས་ཀྱིས་ཆུ་ཚོད་གཅིག་ཙམ་ལ་མ་གཏོགས་ཁ་བརྡ་བྱེད་མྱོང་མེད་ནའང་། ཆུ་ཚོད་གཅིག་དེའི་རིང་ལ་ཁོ་ནི་གྷོ་ཐེ་དང་གཉིས་སུ་མེད…… ངས་དེ་ལྟར་སྒྲུབ་དོན་ནི་ངའི་མགོ་ཁྲིད་ཀྱིས་ནམ་ཡང་ངའི་རིགས་རྒྱུད་འདི་ལ་མཐོང་ཆུང་བྱེད་པས་ཡིན། ངའི་ལུས་སྟེང་ལ་གཅིག་ཏུ་འདུས་པའི་བགྲང་ལས་འདས་པའི་མེས་པོའི་ཚོགས་ལ་མཐོང་ཆུང་བྱེད་པས་ཡིན། ངས་མི་རྒྱུད་སེར་པོ་ཞིག་གིས་ཀྱང་ཁོའི་དམག་དཔུང་སྐྱོབ་ཐུབ་ཚུལ་ཁོ་ལ་ར་སྤྲོད་བྱེད་དགོས། མ་ཟད་ང་རང་རུ་དཔོན་གྱི་ལག་འོག་ནས་ཀྱང་ཐར་དགོས།  ཁོའི་ལག་པ་དང་ཁོའི་སྐད་སྒྲ་ཡིས་དུས་དང་སྐད་ཅིག་གང་རུང་ལའང་ངའི་ཁང་སྒོ་དྲག་ཏུ་རྡུང་བར་བྱེད་ངེས། ངས་ཁ་ཁུ་སིམ་པོའི་ངང་གོན་པ་གྱོན་ཞིང་།  མེ་ལོང་ནང་གི་རང་ཉིད་ལ་སླར་མཇལ་ཞེས་བཤད་རྗེས། སྟེང་ཁང་ནས་མར་ལ་བབས་ཏེ། འཇམ་ཐིང་ངེའི་སྲང་ལམ་ལ་ཡར་ལྟ་མར་ལྟ་འགའ་བྱས་པའི་མཐར་ཕྱི་ལ་ཕྱིན་པ་ཡིན། མེ་འཁོར་འབབ་ཚུགས་ང་ཡི་སྡོད་ཁང་དང་ཐག་མི་རིང་བའི་སར་ཡོད་ནའང་། ངའི་སེམས་སུ་རབ་ཡིན་ན་ཤིང་རྟ་འཁོར་ལོ་ཞིག་ཏུ་བསྡད་ན་འགྲིག དེ་ལྟར་བྱས་ན་གཞན་གྱིས་ངོ་ཤེས་ཡོང་བའི་ཉེན་ཁ་ཇེ་ཆུང་དུ་འགྲོ་ངེས་རེད་སྙམ།  དངོས་འབྲེལ་བྱས་ན། མི་གཅིག་ཀྱང་མེད་པའི་སྲང་ལམ་དུ་ང་རང་ལ་དེ་བས་ཀྱང་ཤིན་ཏུ་མཐོང་སླ་བ་དང་ཕ་རོལ་པོས་གླགས་རྙེད་སླ་བའི་སྣང་བ་ཞིག་སྐྱེས། དེ་ནས་ངས་ཁ་ལོ་བར་འབབ་ཚིགས་ཀྱི་འཛུལ་སྒོ་ཆེན་པོ་དང་ཐག་ཅུང་ཟད་རིང་བའི་ས་རུ་སྡོད་དགོས་ཚུལ་བཤད་པ་སེམས་ལ་དྲན། ང་རང་ཀར་ཀོར་ངང་ལུས་པོས་ཟུག་རྔུ་མ་བཟོད་པ་ལྟར་ཤིང་རྟ་འཁོར་ལོ་ལས་དལ་གྱིས་བབས།  ང་རང་ཨ་ཧྲྀ་གྷུ་རོབ19གྲོང་ཚོ་ལ་འགྲོ་དགོས་ཡོད་ནའང་། འབབ་ཚིགས་དེའི་རྗེས་མ་རུ་འབབ་ཆོག་པའི་མེ་འཁོར་སྤ་སེ་ཉོས།  མེ་འཁོར་ཐེངས་འདི་ཆུ་ཚོད་བརྒྱད་དང་སྐར་མ་ལྔ་བཅུའི་སྟེང་གཏོང་རྒྱུ་ཡིན་སྟབས།  ད་ནི་སྐར་མ་ཁ་ཤས་ལས་མི་འདུག  ང་ཡིས་གང་མགྱོགས་བྱེད་དགོས།  མེ་འཁོར་ཐེངས་རྗེས་མ་ཆུ་ཚོད་དགུ་དང་སྐར་མ་སུམ་ཅུ་ལ་མ་གཏོགས་གཏོང་གི་མ་རེད། མེ་འཁོར་འབབ་སྟེགས་སུ་ཧ་ལམ་མི་གཅིག་ཀྱང་མཐོང་རྒྱུ་མི་འདུག  ང་རང་འཁོར་སྒམ་རེ་རེ་བརྒྱུད་ནས་ཕྱིན།  ངས་དེ་གར་ཞིང་པ་རེ་གཉིས་དང་། ཡུགས་མོའི་གོས་ནག་པོ་གྱོན་པའི་བུད་མེད་ཅིག  སྐོམ་པ་ཆུ་འདོད་ལྟར་ཐ་སི་ཐུ20ཡི《ལོ་རྒྱུས》ཀློག་པའི་གཞོན་ནུ་ཞིག  གདོང་ལ་སྤྲོ་ཉམས་དོད་པའི་དམག་མི་རྨས་མ་ཞིག་བཅས་མཐོང་བ་དྲན་སོས་ཀྱི་འདུག  མཐར་མེ་འཁོར་གཏོང་མགོ་བརྩམས་བྱུང་། ང་ཡིས་ངོ་ཤེས་པའི་མི་ཞིག་མེ་འཁོར་འབབ་སྟེགས་ཀྱི་སྣེ་རུ་རེ་བ་སྟོང་ཟད་ངང་བརྒྱུགས་ཡོང་གི་འདུག   དེ་ནི་རུ་དཔོན་རི་ཆར་དྷྀ•མད་དྷེན་རེད།  ང་ཡི་སེམས་པ་ཡོངས་སུ་དཀྲུགས་ཤིང་ལུས་པོ་སིག་སིག་འདར་བར་བྱས་པས།  ང་རང་འདུག་སྟེགས་ཀྱི་གྲུ་ཕུག་ལ་འཚང་ག་བརྒྱབ་སྟེ།  འཇིགས་སྣང་བསྐྱེད་པའི་སྒེའུ་ཁུང་དང་ཐག་རིང་སར་བསྡད་པ་ཡིན།

ངའི་སེམས་ཀྱི་འཁྲུག་འཁྱོམ་ཆེ་བའི་གནས་སྟངས་དེ་ཡུན་གྱིས་དགའ་སྣང་ཉམ་ང་བ་ཞིག་ཏུ་གྱུར། ངའི་སེམས་ལ་འཛིང་འགྲན་གྱི་མགོ་བརྩམས་ཟིན —ཐ་ན་འགྲན་ཡ་ལས་ཆུ་ཚོད་སྐར་མ་བཞི་བཅུ་ལས་མི་སྔ་ནའང་།  ཐ་ན་སྟབས་ཡག་ནས་ད་གཟོད་འགྲན་ཡ་ཡི་གོ་མཚོན་ལས་གཡོལ་ཐུབ་པ་བྱུང་ནའང —འགྲན་ཐེངས་དང་པོ་ལ་རང་ཉིད་ཅིས་ཀྱང་རྒྱལ་ཟིན་སྙམ།  ང་ཡིས་རྒྱལ་ཐེངས་ཆུང་ཆུང་འདི་ནི་མཐའ་མཇུག་གི་རྒྱལ་ཁ་ཆེན་པོའི་སྔ་ལྟས་རེད་སྙམ།  ང་ཡིས་དོན་གྱིས་རྒྱལ་ཐེངས་འདི་ནི་ཐ་ན་དེ་འདྲ་ཆུང་ཆུང་ཞིག་ཀྱང་གཏན་ནས་མ་ཡིན།  གལ་སྲིད་མེ་འཁོར་དུས་ཚོད་རེའུ་མིག་གིས་རང་ཉིད་ལ་གཅེས་སུ་འོས་པའི་ཆུ་ཚོད་སྐར་མ་ཁ་ཤས་སྤྲད་མེད་ཚེ། རང་ཉིད་སྔ་མོ་ཉིད་ནས་བཙོན་དུ་བཅུག་ཟིན་པའམ།  ཡང་ན་ལྔ་བའི་ལམ་དུ་བསྐྱལ་ཟིན་ཡོད་སྙམ།  ང་ཡིས(བཅོས་ལྷད་འདྲེས་པའི་ངང)སྡར་ཉམས་དོད་པའི་དགའ་སྣང་གིས་རང་ཉིད་ནི་ཉེན་ལས་འདི་ལ་མཐའ་མཇུག་གི་རྒྱལ་ཁ་ལེན་ཐུབ་མཁན་ཞིག་ཡིན་པ་ར་སྤྲད་འདུག་སྙམ། སྡར་ཉམས་དེ་ལས་ང་ཡིས་རང་ཉིད་གཏན་ནས་མ་བོར་བའི་སྟོབས་ཤུགས་དེ་བླངས་པ་ཡིན། འགྲོ་བ་མིའི་རིགས་ཉིན་རེ་ལས་ཉིན་རེ་བཞིན་མ་རུངས་གདུག་སྤྱོད་ཀྱི་ལས་ལ་མགོ་འབུལ་ལུས་འབུལ་བྱས་ཏེ། ནམ་ཉི་མ་ཞིག་ལ་ས་སྟེང་དུ་དམག་མི་དང་ཇག་པ་ལས་གཞན་ཅི་ཡང་ལྷག་པར་མི་འགྱུར་བ་ངས་སྔོན་ནས་མཐོང་གི་འདུག       ངས་དེ་དག་ལ་ཁ་ཏ་ཚིག་འདི་དབུལ་བར་བྱ། མ་རུངས་གདུག་སྤྱོད་ཀྱི་ལས་ལ་འཇུག་མཁན་དག་གིས་ལས་དེ་སྔར་ནས་བྱས་ཟིན་པར་བསམས་ནས། མ་འོངས་པ་གང་དེ་འདས་པ་ཇི་བཞིན་བསྒྱུར་དུ་མི་བཏུབ་པ་ཞིག་ཏུ་འདོད་དགོས།  ང་རང་ཉིད་ཀྱིས་ནི་དེ་ལྟར་བྱས་པ་ཡིན། ང་ཡིས་རང་ཉིད་སྔར་ནས་ཚེ་དུས་བྱས་ཟིན་པ་ཞིག་ཏུ་བསམས་ཏེ། ཞེན་ཆགས་མེད་པའི་མིག་ཟུང་གིས་གཅིག་བྱས་ན་ང་ཡི་ཉིན་མོ་མཐའ་མ་ཡིན་སྲིད་པའི་ཉིན་མོ་དེ་ཡི་འཁོར་འགྲོ་དང་མཚན་མོ་དལ་གྱིས་སླེབས་པ་ལ་བལྟས་པ་ཡིན། མེ་འཁོར་ནི་སྐྱུར་སྡོང་གི་ནགས་གསེང་བརྒྱུད་ནས་དལ་ཤིག་ཤིག་གིས་རྒྱུ། དེ་ནི་ཧ་ལམ་གྲོང་གསེབ་མངའ་ཁུལ་གྱི་དཀྱིལ་ཏག་ཏག་ཏུ་བསྡད་བྱུང་། འབབ་ཚིགས་ཀྱི་མིང་སྒྲོག་མཁན་གཅིག་ཀྱང་མི་འདུག“ཨ་ཧྲྀ་གྷུ་རོབ་རེད་དམ།” ངས་འབབ་སྟེགས་སྟེང་གི་བྱིས་པ་ཁ་ཤས་ལ་དྲིས་པ་ཡིན། “ཨ་ཧྲྀ་གྷུ་རོབ་རེད།” ཁོ་ཚོས་དེ་ལྟར་ཟེར། ང་མེ་འཁོར་ལས་བབས་པ་ཡིན།

འབབ་སྟེགས་སྟེང་དུ་སྒྲོན་མེ་གཅིག་བསྒྲོན་ཡོད་ནའང་།  བྱིས་པ་དག་གི་ངོ་གདོང་གྲིབ་མའི་ནང་དུ་ལུས་འདུག “ཁྱོད་རང་འབུམ་རམས་པ་སྀ་ཏེ་ཧྥྀན•ཨལ་བྷོར་ཐྀ 21ཡི་ཁྱིམ་དུ་འགྲོ་བཞིན་ཡོད་དམ།” གཅིག་གིས་དེ་ལྟར་དྲིས་བྱུང་། ངའི་ལན་ལ་མ་བསྒུགས་པར་ཁོ་ཚོའི་གྲས་ཀྱི་གཞན་ཞིག་ན་རེ།  “ཁང་བ་དེ་ཐག་ཅུང་ཟད་རིང་པོ་ཡོད། ཡིན་ནའང་གལ་སྲིད་ཁྱོད་ཀྱིས་ལམ་འདི་དེད་ནས་ཕ་གི་ནས་གཡོན་དུ་དཀྱོགས་ཤིང་། དེ་ནས་བཞི་མདོ་ཐུག་ཚད་རེ་རེ་ནས་གཡོན་དུ་དཀྱོགས་པ་ཡིན་ན།  ལམ་ནོར་ཐེབས་འགྲོ་ས་ཞིག་གཏན་ནས་མིན།” ངས་ཁོ་ཚོ་ལ་ཊམ་ཀ་གཅིག(ཆེས་མཐའ་མ་དེ)འཕངས་པ་དང་སྐས་ཐེམ་རིམ་པ་འགའ་ལས་མར་ལ་བབས་ཏེ་མི་མེད་དབེན་འཇགས་ཀྱི་སྲང་ལམ་དུ་ཞུགས། བགྲོད་ལམ་ག་ལེ་ག་ལེར་ཐུར་དུ་འཐེན་ཞིང་སྟེང་ལ་ས་རྡུལ་གྱིས་ཁེངས་འདུག ལྗོན་པའི་ཡལ་ག་མགོ་ཐོག་ནས་མར་ལ་དཔྱངས་ཤིང་། དམའ་ཞིང་ཟླུམ་པའི་ཟླ་བ་ཡིས་ང་ལ་འགྲོ་རོགས་བྱེད་པ་ལྟར་སྣང་།

སྐད་ཅིག་ཙམ་གྱི་རིང་ལ། ངས་རི་ཆར་དྷྀ•མད་དྷེན་གྱིས་ཐབས་ཤེས་གང་ཡོད་འཐེན་ཏེ་ངའི་རེ་ཐག་ཆད་པའི་འཆར་གཞི་དེ་ཡོངས་སུ་ཤེས་འདུག་སྙམ་མོད། དེ་ནས་དེ་མ་ཐག་ཏུ་དེ་ནི་དཔེ་མི་སྲིད་པ་ཞིག་ཡིན་པ་རྟོགས། བྱིས་པ་དག་གིས་ང་རང་ནམ་ཡང་གཡོན་ཕྱོགས་ལ་དཀྱོགས་པར་བསྐུལ་བ་དེས་ང་ལ་དེ་ནི་སྒྱུ་མའི་ཕོ་བྲང22རིགས་ངེས་ཅན་ཞིག་གི་དཀྱིལ་དབུས་ཀྱི་ལྡུམ་ར་འཚོལ་ལུགས་སྤྱིར་བཏང་བ་ཞིག་ཡིན་པ་དྲན་དུ་བཅུག ང་ནི་སྒྱུ་མའི་ཕོ་བྲང་ལ་ཉམས་རྒྱུས་ཅན་ཞིག་ཡིན་ཏེ། ང་རང་ཚུའེ་ཕིན23གྱི་ཡང་ཚ་ཡིན་པའང་དོན་མེད་མིང་སྟོང་ཙམ་ག་ལ་ཡིན། ཁོང་ནི་དེ་སྔ་ཡུན་ནན་ཞིང་ཆེན་གྱི་སྤྱི་ཁྱབ་སྲིད་སྐྱོང་ཡིན་ནའང་།  《ཐོག་ཁང་དམར་པོའི་རྨི་ལམ》ལས་ཀྱང་མི་སྣ་ཆེས་ཆེར་མང་བའི་སྒྲུང་རྩོམ་ཞིག་འབྲི་བ་དང་། མི་གཅིག་ཀྱང་ནང་ནས་ཕྱི་ལ་འབུད་ཐབས་མེད་པའི་སྒྱུ་མའི་ཕོ་བྲང་ཞིག་བཞེངས་པའི་ཆེད་དུ། འཇིག་རྟེན་གྱི་དབང་ཆ་ཐམས་ཅད་མཆིལ་མ་བཞིན་དུ་དོར།  ངོ་བོ་མི་འདྲ་བའི་ལས་ཀ་འདི་གཉིས་ལ་མི་ལོ་བཅུ་གསུམ་གྱི་ངལ་བ་བསྟེན་མོད། ཕྱི་ནས་ཡོང་བའི་ལག་དམར་ཞིག་གིས་ཁོ་རང་རྐྱེན་ལམ་དུ་བཏང་། ཁོང་གི་སྒྲུང་རྩོམ་ལ་དོན་གྱི་སྙིང་པོས་སྟོང་ཞིང་། ཁོང་གི་སྒྱུ་མའི་ཕོ་བྲང་ཡང་རྙེད་མཁན་གཅིག་ཀྱང་མ་བྱུང་། ཨིན་ཇི་ཡི་ལྗོན་པ་དེ་དག་གི་འོག་ཏུ་ངས་བོར་ཟིན་པའི་སྒྱུ་མའི་ཕོ་བྲང་དེ་ཉིད་ཡིད་ལ་བསྒོམས། ངས་དེ་ཉིད་རི་བོ་ཞིག་གི་གསང་བའི་རྩེ་མོ་རུ་ཉམས་ཉེས་མེད་པར་ལྷུན་གྱིས་ཆགས་ཡོད་པར་བྱས།  ངས་དེ་ཉིད་འབྲས་ཞིང་གིས་སམ་ཡང་ན་ཆུ་འོག་ལ་ཡོངས་སུ་བསྣུབས་ཟིན་པར་བྱས། ངས་དེ་ཉིད་ནི་མཐའ་ཡས་ལ་དཔག་ཏུ་མེད་པ་ཞིག་སྟེ། ལྡིང་ཁང་ཟུར་བརྒྱད་ཅན་དང་ལམ་ཕྲན་གྱ་གྱུ་ཙམ་ཁོ་ན་ཡིས་མ་ཡིན་པར། གཙང་པོ་དང་ཞིང་ཆེན་དང་རྒྱལ་ཁམས་བཅས་ཀྱིས་གྲུབ་ཡོད་པར་བྱས……  ང་ཡིས་སྒྱུ་མའི་ཕོ་བྲང་གིས་གྲུབ་པའི་སྒྱུ་མའི་ཕོ་བྲང་ཞིག་སྟེ། མཚམས་མེད་པར་གྱ་གྱུར་འཐེན་ནས་ཆེ་རུ་བསྐྱེད་ཅིང་འདས་པ་དང་འབྱུང་འགྱུར་ཐམས་ཅད་ནང་དུ་འདུས་ཤིང་། ཐ་ན་ཚད་ངེས་ཅན་ཞིག་གི་ཆ་ནས་སྐར་མའི་གོ་ལ་གཞན་ཡང་སྟོན་པར་བྱེད་པའི་སྒྱུ་མའི་ཕོ་བྲང་ཞིག་རྟོག་བཟོ་བྱས། སྒྱུ་མ་ལྟ་བུའི་འཁྲུལ་སྣང་འདི་དག་གི་དབྱིངས་ལ་ཞུགས་ཏེ།  ང་ཡིས་རང་ཉིད་ནི་རྗེས་འདེད་ར་མདའ་ཅན་ཞིག་ཡིན་པའང་རེ་ཞིག་བརྗེད་པར་གྱུར།  ཅི་ཙམ་འགོར་བ་ཆ་མ་འཚལ་བའི་དུས་ཡུན་ཞིག་གི་རིང་ལ། ང་ཡིས་རང་ཉིད་ཀྱིས་ལྐོག་གྱུར་དང་བཅས་འཇིག་རྟེན་འདི་ཚོར་བར་གྱུར་སོང་སྙམ། རབ་རིབ་ངང་གསོན་ཉམས་རྒྱས་པའི་གྲོང་གསེབ་དང་། ཟླ་བ། ས་སྲོད་ཀྱི་གནས་སྐབས་འདི་དག་གིས་ང་ལ་འཆར་སྣང་སྣ་ཚོགས་དུས་གཅིག་ཏུ་བསྩལ་ཞིང་། འབྱུང་ངེས་ཀྱི་ངལ་དུབ་ཡོད་ཚད་སེལ་བར་མཛད་ཅིང་ག་ལེ་ག་ལེར་ཐུར་དུ་འཐེན་པའི་བགྲོད་ལམ་གྱིས་ཀྱང་དེ་ལྟར་བྱས། ས་སྲོད་ནི་སྙིང་ཉེ་ཞིང་མཐའ་ཡས་ལ་དཔག་ཏུ་མེད་པ་ཞིག་རེད། བགྲོད་ལམ་དེ་ཐུར་ནས་ཐུར་དུ་འཐེན་ཞིང་།  སྔར་ནས་གསལ་ལ་མི་གསལ་བར་གྱུར་པའི་སྤང་ཁ་རུ་ཕྱོགས་དང་ཕྱོགས་སུ་གྱེས་འདུག རོལ་མོའི་སྒྲ་དྲག་པོ་ཧ་ལམ་ཚེག་ཁྱིམ་ལྟར་བཏང་ཡོང་བ་ཞིག་ལོ་འདབ་དང་བར་ཐག་གི་དབང་གིས་བསིལ་རླུང་གི་རྒྱུ་བ་ལ་འགྲོགས་ནས་རེ་གསལ་རེ་མོག་བྱེད། ངའི་སེམས་ལ་མི་ཞིག་ཕ་རོལ་པོ་ཞིག་གི་དགྲ་རུ་འགྱུར་ངེས་ཤིང་། ཕ་རོལ་པོ་ཞིག་གི་དུས་སྐབས་ཤིག་གི་དགྲ་རུ་འགྱུར་ངེས་ནའང་།  དེ་ཉིད་རྒྱལ་ཁབ་ཅིག་དང་། དེ་བཞིན་སྲིན་བུ་མེ་འཁྱེར་དང་།  ཚིག་འབྲུ།  སྐྱེད་ཚལ།  ཆུ་རྒྱུན། བསིལ་རླུང་གི་དགྲ་རུ་འགྱུར་མི་བཏུབ་སྙམ།  དེ་ལྟ་དེ་ལྟར་ང་རང་བཙའ་ཡིས་ཟིན་པའི་ལྕགས་ཀྱི་སྒོ་ཆེན་པོ་ཞིག་གི་གམ་དུ་འབྱོར།  ལྕགས་ཁྲ་བརྒྱུད་ནས་ང་ཡིས་ཕྱོགས་གཉིས་ལྗོན་པས་ཁེངས་པའི་འགྲོ་ལམ་ཞིག་དང་ལྡིང་ཁང་ཡིན་པ་ལྟ་བུ་ཞིག་མཐོང་བྱུང་། གློ་བུར་དུ་ངའི་སེམས་ལ་དོན་དག་གཉིས་འཁོར་བ་ལས — དང་པོ་དེ་ལ་གླེང་རིན་སྤུ་ཙམ་ཡང་མེད་ཅིང་། གཉིས་པ་དེ་ནི་ཧ་ལམ་བློ་ཡུལ་ལའང་ཤོང་དཀའ་བ་ཞིག་སྟེ། རོལ་མོ་དེ་ནི་ལྡིང་ཁང་དེ་ལས་ཕྱིར་མཆེད་འོངས་པ་ཞིག་ཡིན་པར་མ་ཟད་དེ་ནི་རྒྱ་ནག་གི་རོལ་མོ་རེད་འདུག རྒྱུ་རྐྱེན་འདི་ཡི་དབང་གིས་ངས་དེ་ལ་སྣང་བ་ཆེན་པོ་མ་བྱས་ནའང་གཅིག་ཀྱང་མ་ལུས་པར་ཁོང་དུ་ཆུད་པར་གྱུར།  ངས་དེ་གར་སྒོ་དྲིལ་ཞིག་ཡོད་པའམ་ཡང་ན་ང་ཡིས་ལག་པས་སྒོ་མོ་བརྡུངས་པ་གང་ཡིན་ད་ལྟ་དྲན་སོས་ཀྱི་མི་འདུག མེ་ཡི་ཚག་སྒྲ་ལྟ་བུའི་རོལ་མོའི་སྒྲ་ད་དུང་མཚམས་མ་ཆད།

ཡིན་ནའང་ཁང་བ་སྙིང་ཉེ་བ་དེའི་སྦུག་ནས་ལྒང་ཞུ་ཞིག་མདུན་དུ་ཉེ་བར་བཅར་བྱུང — ལྗོན་པའི་ཡལ་ག་དག་གིས་སྟེང་དུ་ཐིག་རིས་བཟོ་ཞིང་ལན་རེར་ཡོངས་སུ་སྒྲིབ་པར་བྱེད་པའི་ལྒང་ཞུ་ཞིག ཤོག་བུ་ཡིས་བཟོས་ཤིང་དབྱིབས་རྔ་དང་འདྲ་ལ་མདོག་དུང་ཟླ་ལྟར་དཀར་བའི་ལྒང་ཞུ་དེ། སྐྱེས་པ་གཟུགས་རིང་ཞིག་གི་ལག་ཏུ་ཐོགས་འདུག ལྒང་ཞུའི་འོད་མིག་ལ་འཚེར་བས་ངས་ཁོའི་ངོ་གདོང་མཐོང་ཐབས་མ་བྱུང་། ཁོས་སྒོ་ཆེན་ཕྱེ་བ་དང་དལ་ལྷོད་ལྷོད་ངང་ང་ཡི་ཕ་སྐད་ཀྱི་ལམ་ནས་སྨྲས་པ་ན་རེ།

“ངས་བསམས་ན་འདི་ནི་སྙིང་རྗེ་ཆེ་བའི་ཞི་ཕེང24གིས་ང་ཡི་ཁེར་རྐྱང་ལ་ལེགས་བཅོས་བྱ་འདོད་ཀྱི་བློ་ཐག་བཅད་པ་ཡིན་ངེས། ཁྱེད་ཀྱང་སྐྱེད་ཚལ་ལ་ངེས་པར་ལྟ་འདོད་ཆེ་བ་མ་རེད་དམ”

ངས་དེ་ནི་ང་ཚོའི་གཞུང་འབྲེལ་སྐུ་ཚབ་ཅིག་གི་མིང་ཡིན་པ་ཤེས་པར་གྱུར་ནའང་། ཅི་ཡིན་ཧ་མ་གོ་བའི་ངང་ངག་ནས་འདི་ལྟར་ཟློ་དགོས་བྱུང་།     

“སྐྱེད་ཚལ་ལམ”

“ལམ་ཕྲན་ཕྱོགས་སུ་གྱེས་པའི་སྐྱེད་ཚལ”

ངའི་དྲན་པའི་ཀློང་དུ་ཅི་ཞིག་སྐྱོམ་པར་བྱས་པས། བསམ་ཡུལ་ལས་འདས་པའི་གདེང་ཚོད་དང་བཅས་འདི་ལྟར་སྨྲས།

“དེ་ནི་ངའི་མེས་པོ་ཚུའེ་ཕིན་གྱི་སྐྱེད་ཚལ་རེད”

“ཁྱེད་ཀྱི་མེས་པོའམ། ཁྱེད་ཀྱི་སྙན་གྲགས་ཆེ་བའི་མེས་པོའམ། ནང་དུ་ཕེབས་ཤིག”

རླན་གྱིས་ཟིན་པའི་ལམ་ཕྲན་དེ་ང་ཡི་བྱིས་དུས་ཀྱི་ལམ་ཕྲན་དག་ནང་བཞིན་གྱ་མ་གྱུ་རུ་འཁྱིལ་འདུག ངེད་གཉིས་ནང་དུ་ཤར་ཕྱོགས་དང་ནུབ་ཕྱོགས་ཀྱི་དཔེ་ཆ་ཉར་ཡོད་པའི་དཔེ་མཛོད་ཁང་ཞིག་ཏུ་སླེབས། ང་ཡིས་དར་གོས་སེར་པོས་བཏུམས་ཤིང་བཙེམས་པའི་དཔེ་ཆ་བྲིས་མ། མིང་རྒྱལ་རབས་ཀྱི་གོང་མ་སྐུ་ཕྲེང་གསུམ་པའི་བཀའ་བཞིན་བསྒྲིགས་ཤིང་ནམ་ཡང་པར་དུ་འདེབས་མྱོང་མེད་པའི་ཤེས་བྱ་ཀུན་ཁྱབ་ཀྱི་བོར་ཟིན་པའི་གླེགས་བམ་ཁ་ཤས་ངོས་ཟིན་སོང་། སྐད་པར་སྟེང་གི་སྡེར་ལེབ་ལི་མའི་རྒྱ་བྱ་ཞིག་གི་གམ་དུ་འཁོར་གྱིན་འདུག ང་ཡིས་ད་དུང་རྒྱ་སེའི་མདོག་ཅན་གྱི་བུམ་པ་ཞིག་ཡོད་པ་དྲན་སོས་ཀྱི་འདུག ད་དུང་གཞན་ཞིག་ཡོད་པ་ནི་ལོ་ངོ་བརྒྱ་ཕྲག་དུ་མའི་སྔ་རོལ་གྱི་སྟེ། དེ་ཡི་མདོག་སྔོན་པོ་དེ་ནི་རང་ཅག་གི་མེས་པོ་དག་གིས་པར་ཟིག25གི་རྫ་མཁན་དག་ལ་དཔེ་བལྟས་ནས་བཟོས་པ་རེད……

སྀ་ཏེ་ཧྥྀན•ཨལ་བྷོར་ཐྀ་ཡིས་འཛུམ་དང་བཅས་ང་ལ་བལྟས་བྱུང་། ཁོ་ནི(ངས་དེ་སྔ་བཤད་མྱོང་བ་བཞིན)གཟུགས་པོ་རིང་ཞིང་གདོང་དབྱིབས་གསལ་བ།     མིག་ཟུང་ལ་སྐྱ་མདངས་ལྡན་ཞིང་ཨག་ཚོམ་སྐྱ་ཙ་རེ་བྱེད་པ་ཞིག་རེད། ཁོའི་ལུས་སྟེང་ན་ཡེ་ཤུའི་ཆོས་པ་ཞིག་དང་མཚུངས་ལ་གྲུ་པ་ཞིག་དང་ཡང་འདྲ་བའི་ཆ་ཤས་ཤིག་མངོན་འདུག དེའི་རྗེས་ནས་ཁོས་ང་ལ་ཁོང་གིས“རྒྱ་རིག་པའི་སྐོར་ལ་དོན་གཉེར་མ་བྱས་སྔོན”ཐེན་ཅིན26དུ་ཡེ་ཤུའི་ཆོས་སྤེལ་མཁན་ཞིག་བྱེད་མྱོང་ཡོད་ཟེར།

ངེད་གཉིས་མར་ལ་བསྡད། ང་རང་འབོལ་ཁྲི་རིང་ལ་དམའ་བ་ཞིག27ཏུ་བསྡད་ཅིང་། ཁོས་སྒེའུ་ཁུང་དང་ཆུ་ཚོད་འཁོར་ལོ་སྒོར་ཞིང་རིང་བ་ཞིག་ལ་རྒྱབ་གཏད། རང་ཉིད་ཀྱི་རྗེས་འདེད་ར་མདའ་རི་ཆར་དྷྀ•མད་དྷེན་མ་མཐའ་ཡང་ཆུ་ཚོད་གཅིག་ལྷག་གི་རིང་ལ་འདི་རུ་འབྱོར་ཐབས་མེད་པ་ངས་དཔག་ཐུབ་པས།       རང་ཉིད་ཀྱི་ཕྱིར་ལྡོག་མེད་པའི་ཐག་བཅད་དེས་ད་དུང་ཅུང་ཟད་བསྒུགས་ཆོག

“ཚུའེ་ཕིན་གྱི་སྐུ་ཚེ་ནི་དངོས་གནས་ངོ་མཚར་བ་ཞིག་རེད”སྀ་ཏེ་ཧྥྀན•ཨལ་བྷོར་ཐྀ་ན་རེ། “ཁོང་གིས་རང་གི་ཕ་ཡུལ་དུ་སྤྱི་ཁྱབ་སྲིད་སྐྱོང་གི་འགན་ཁུར།     གཟའ་དཔྱད་དང་། སྐར་རྩིས་ལ་བྱང་ཆུབ་ཡོད་པར་མ་ཟད། གསུང་རབ་གནའ་དཔེ་འགྲེལ་བཤད་ལ་གཞན་དྲིང་མི་འཇོག མིག་མང་རྩེ་མཁན་ཞིག་དང་།     ད་དུང་སྙན་ངག་མཁན་དང་ཡིག་མཁན་སྐད་གྲགས་ཅན་ཞིག་ཀྱང་ཡིན་མོད། ཁོས་དཔེ་ཆ་ཞིག་དང་སྒྱུ་མའི་ཕོ་བྲང་ཞིག་བཞེངས་པའི་སླད་དུ་དེ་དག་ཐམས་ཅད་བློ་ཡིས་བཏང་། ཁོས་དཔོན་གནས་གོ་ཐོབ། ཉེ་དུ་འཁོར་ཚོགས། གསོལ་སྟོན་ཡོ་ལང་གི་བདེ་བ་ཐམས་ཅད་དང་། ཐ་ན་མཁས་པའི་དོན་གཉེར་མཐའ་དག་ཀྱང་དགོས་མེད་རིང་དུ་བོར་ཏེ། དབེན་དྭངས་ཁང་བཟང28དུ་མི་ལོ་བཅུ་གསུམ་རིང་ལ་གཅིག་པུས་དབེན་གནས་བསྟེན་པ་རེད། ཁོང་ཚེ་འཕོས་པའི་རྗེས་སུ།       ཁོའི་ཤུལ་འཛིན་དག་གིས་མགོ་མཇུག་མེད་པའི་ལག་བྲིས་མ་ཕྱི་དག་ལས་གཞན་ཅི་ཡང་མ་རྙེད།  གཅིག་བྱས་ན་ཁྱོད་ཀྱིས་ཀྱང་མཁྱེན་གསལ་ཡོད་ངེས་པ་བཞིན།      ཁོང་གི་ཁྱིམ་མི་དག་གིས་མ་ཕྱི་དེ་དག་མེ་ནང་དུ་འཕེན་རྒྱུ་བྱས་ནའང་། ཁོང་གི་ཁྲིམས་རྩོད་པ — ཏའོ་ལུགས་པ་ཞིག་གམ་རབ་བྱུང་པ་ཞིག — དེས་དེ་དག་པར་དུ་བསྐྲུན་རྒྱུའི་ཨུ་ཚུགས་མཐར་སྐྱེལ་བྱས”

“ཚུའེ་ཕིན་གྱི་རྒྱུད་པ་དག་གིས”ངས་འདི་ལྟར་ལན་བཏབ། “ད་ལྟ་ད་དུང་ཡང་རབ་བྱུང་པ་དེ་ལ་གཤེ་གཤེ་གཏོང་གི་ཡོད། མ་ཕྱི་དེ་དག་པར་དུ་བསྐྲུན་པ་ནི་དགོས་མེད་ཀྱི་གླེན་རྟགས་ཁོ་ན་རེད། དཔེ་ཆ་དེ་ནི་གོ་རིམ་འཁྲུག་ཅིང་སྔ་ཕྱི་འགལ་བ་ལྟག་སྤྲོད་དུ་གྱུར་པའི་ཟིན་བྲིས་ཀྱི་ཕྱོགས་བསྒྲིགས་ཙམ་ཞིག་རེད།   ང་རང་ཉིད་ཀྱིས་སྔོན་ཆད་དཔེ་ཆ་དེར་བརྟག་དཔྱད་བཏང་མྱོང་། ལེའུ་གསུམ་པའི་ནང་དུ་མི་སྣ་གཙོ་བོ་དེ་ཚེ་དུས་བྱས་ཟིན་ནའང་། ལེའུ་བཞི་པའི་སྐབས་སུ་སླར་ཡང་ཚེ་སྲོག་ཕྱིར་རྒྱས་ཡོད། ཚུའེ་ཕིན་གྱི་ལས་ཀ་གཞན་ཏེ། ཁོང་གི་སྒྱུ་མའི་ཕོ་བྲང་དེ……”

“སྒྱུ་མའི་ཕོ་བྲང་དེ་འདི་རེད” ཨལ་བྷོར་ཐྀ་ཡིས་དེ་ལྟར་བཤད་ཞོར་ལ་རྩི་བྱུགས་པའི་སྒམ་ཅོག་མཐོན་པོ་ཞིག་བསྟན་བྱུང་།

“བ་སོ་ཡི་སྒྱུ་མའི་ཕོ་བྲང་ཞིག”ངས་དེ་ལྟར་སྐད་འབོད་བརྒྱབ།    

“ཤིན་ཏུ་ནས་ཆུང་ཞིང་ཕྲ་བའི་སྒྱུ་མའི་ཕོ་བྲང་ཞིག……”

“རྟགས་མཚན་གྱི་སྒྱུ་མའི་ཕོ་བྲང་ཞིག”ཁོས་ང་ལ་ནོར་བཅོས་བཏང་ནས་ན་རེ།  “མངོན་དུ་མེད་པའི་དུས་ཚོད་ཀྱི་སྒྱུ་མའི་ཕོ་བྲང་ཞིག ང་སྟེ་ཀླ་ཀློའི་རིགས་སུ་གྱུར་པའི་ཨིན་ཇི་པ་ང་རང་ལས་བསྐོས་ཀྱི་དབང་དུ་གྱུར་ཏེ་ཕྱི་གསལ་ནང་གསལ་གྱི་གསང་བ་དེ་ཕྱི་ལ་སྟོན་མཁན་དུ་གྱུར། མི་ལོ་བརྒྱ་ཕྲག་ཅིག་ཕྱིན་ཚར་བའི་རྗེས་སུ། ཞིབ་ཆ་མང་པོ་ཞིག་བསྐྱར་གསོ་ཡོང་ཐབས་མེད་ནའང་། དོན་དག་ག་རེ་བྱུང་བའི་སྐོར་ལ་འོལ་ཚོད་རེ་བྱ་རྒྱུ་ཁག་པོ་མིན། ཚུའེ་ཕིན་གྱིས་ལན་ཅིག་ལ།     ‘ངས་དབེན་གནས་བསྟེན་ཏེ་དཔེ་ཆ་ཞིག་རྩོམ་དགོས’ཞེས་དང་།  སྐབས་གཞན་ཞིག་ལ‘ངས་དབེན་གནས་བསྟེན་ཏེ་སྒྱུ་མའི་ཕོ་བྲང་ཞིག་བཞེངས་དགོས’ཞེས་བརྗོད་མྱོང་ཡོད་ངེས། སྐྱེ་བོ་ཐམས་ཅད་ཀྱིས་དེ་གཉིས་དོན་དག་ཁ་ཁ་སོ་སོ་གཉིས་རེད་འདོད།  དོན་གྱིས་དཔེ་ཆ་དང་སྒྱུ་མའི་ཕོ་བྲང་གཉིས་དབྱེར་མེད་ཀྱི་ཆོས་གཅིག་ཡིན་པ་མི་སུ་གཅིག་གི་ཡིད་ལའང་མ་ཤར། དབེན་དྭངས་ཁང་བཟང་ཧ་ལམ་རྙོག་འཛིང་ཆེས་ཆེ་བའི་སྐྱེད་ཚལ་ཞིག་གི་དཀྱིལ་དབུས་སུ་ཡར་ལ་བསླངས་ཡོད་པའི་དོན་དངོས་དེས། མི་རྣམས་ལ་མིག་གི་ཡུལ་དུ་རུང་བའི་མངོན་སུམ་གྱི་སྒྱུ་མའི་ཕོ་བྲང་ཞིག་ཡོད་ངེས་པའི་གོ་བརྡ་སྤྲད། ཚུའེ་ཕིན་ཚེ་འཕོས་པའི་རྗེས་སུ།      ཁོང་གི་ས་རྒྱ་ཆེ་བའི་གཞིས་ཀའི་སྟེང་ནས་མི་སུ་གཅིག་གིས་ཀྱང་སྒྱུ་མའི་ཕོ་བྲང་དེ་རྙེད་མ་བྱུང་། གནས་ཚུལ་གཉིས་ལ་བརྟེན་ནས་ང་ཡིས་གནད་དོན་དེ་དེ་མ་ཐག་ཏུ་ཐག་གཅོད་ཐུབ་སོང་། དང་པོ་ནི་ཚུའེ་ཕིན་གྱིས་ངེས་པ་དོན་གྱི་སྒྱུ་མའི་ཕོ་བྲང་མཐའ་ཡས་ལ་དཔག་ཏུ་མེད་པ་ཞིག་བཞེངས་རྒྱུའི་སྐོར་གྱི་ངག་རྒྱུན་མཚར་པོ་དང་། གཉིས་པ་ནི་ང་ཡི་ལག་ཏུ་སོན་པའི་འཕྲིན་ཡིག་གི་དུམ་བུ་ཞིག་རེད།”

ཨལ་བྷོར་ཐྀ་ཡར་ལ་ལངས། ཡུད་ཙམ་གྱི་རིང་ལ་ཁོས་རྒྱབ་ང་ལ་གཏད་དེ་བསྡད། ཁོས་སྒམ་ཅོག་མདོག་སེར་ནག་ཅན་དེའི་ཤུད་སྒམ་ཞིག་གི་ཁ་ཕྱེ།     ཁོ་ཕྱིར་འཁོར་དུས་ལག་ཏུ་སྔོན་ཆད་མདོག་དམར་ནག་ཡིན་པ་ད་ལྟ་ཟད་ནས་དམར་སྐྱ་རུ་གྱུར་པའི་ཤོག་ལྷེ་གྲུ་བཞི་སྲབ་མོ་ཞིག་ཐོགས་འདུག དེ་སྐད་གྲགས་ཆེ་བའི་ཚུའེ་ཕིན་གྱི་ལུགས་སུ་བྲིས་འདུག སྐོམ་པ་ཆུ་འདོད་ལྟར་ངས་རང་དང་ཁྲག་རྒྱུན་གཅིག་པའི་མི་ཞིག་གིས་སྤུ་སྨྱུག་གི་སྨྱུག་ཁ་ཕྲ་མོས་བྲིས་པའི་ཡི་གེ་དེ་དག་གོ་བ་ལོན་མ་ལོན་གྱི་ངང་དུ་བཀླགས།  ང་ཡིས་ལམ་ཕྲན་ཕྱོགས་སུ་གྱེས་པའི་སྐྱེད་ཚལ་དེ་མ་འོངས་པ(ཐམས་ཅད་ལ་མ་ཡིན་པར)དུ་མ་ལ་བསྐྱུར་བ་ཡིན། ངས་སྨྲ་བ་མེད་པར་ཤོག་ལྷེ་དེ་ཕྱིར་སྤྲད་པ་ཡིན། ཨལ་བྷོར་ཐྀ་ཡིས་མུ་མཐུད་དུ་སྨྲས་པ་ན་རེ།

“འཕྲིན་ཡིག་འདི་མ་རྙེད་པའི་སྔོན་ལ།  ངས་དཔེ་ཆ་ཞིག་ག་འདྲ་བྱས་ནས་མཐའ་ཡས་ལ་དཔག་ཏུ་མེད་པ་ཞིག་ཏུ་འགྱུར་ཐུབ་སྙམ་ནས་རེ་དོགས་མ་ཆོད། ངས་འོལ་ཚོད་ཐུབ་པའི་ཐབས་ཤེས་གཅིག་པུ་ནི་གླེགས་བམ་དེ་ཉིད་མགོ་མཇུག་སྦྲེལ་ཏེ་ཡང་སྐོར་བསྐྱར་སྐོར་བྱེད་རྒྱུ་ལས་མ་འདས།  ཤོག་ངོས་མཐའ་མ་དང་ཐོག་མ་གཉིས་དབྱེ་བ་མེད་པར་མཚུངས་པའི་སྐབས་སུ་ད་གཟོད་གླེགས་བམ་དེ་ཉིད་མཐའ་ཡས་པ་ཞིག་ཏུ་འགྱུར་ཐུབ། ངས་བརྗེད་མེད་པ་ཞིག་ལ།《ཞག་མ་སྟོང་དང་གཅིག》གི་དཀྱིལ་དུ་སླེབས་པའི་མཚན་མོ་དེར། རྒྱལ་མོ་ཤྲི་ཧར་ཟ་དྷྀ29ཡིས(ཡི་གེ་བའི་ངོ་མཚར་རྣམ་གཡེང་གི་རྐྱེན་གྱིས)ཞག་མ་སྟོང་དང་གཅིག་གི་གཏམ་རྒྱུད་དེ་ཡིག་འབྲུ་རེ་རེ་བཞིན་ཆད་ལྷག་མེད་པར་བསྐྱར་བཤད་བྱེད་མགོ་བརྩམས།  དེ་ལྟར་ན་སླར་ཡང་མོ་རང་གིས་གཏམ་རྒྱུད་དེ་བཤད་པའི་མཚན་མོ་དེ་ལ་སླེབ་ངེས་ཡིན་སྟབས།  དེ་ལྟ་དེ་ལྟར་རྫོགས་མཐའ་ཟེར་བ་ཞིག་མེད།  ང་རང་ད་དུང་ཕུ་ལ་ཐོ་ཡི་ལུགས30ལྟ་བུའི་ཕ་ཤུལ་བུ་ཡིས་སྐྱོང་བའི་རྒྱུད་འཛིན་གྱི་བགྱི་བ་ཞིག་སྟེ།  ཕྱི་རབས་པ་གསར་པ་རེ་རེ་ནས་རང་གི་སྔོན་རབས་པ་དག་གི་ཤོག་ལྷེའི་སྟེང་དུ་ལེའུ་ཞིག་སྣོན་པའམ་ཡང་ན་ལྷག་བསམ་རྣམ་དག་གིས་དེ་ལ་བཟོ་བཅོས་རྒྱག་པར་བསམ་བློ་འཁོར། ང་རང་འོལ་ཚོད་འདི་དག་ལ་གཡེང་ཞིང་མནོ་བསམ་བཏང་ནའང་། ཐ་ན་རེ་བ་ཤིན་ཏུ་ཉག་ཕྲ་བའི་ངོས་ནས་ཀྱང་། ཚུའེ་ཕིན་གྱི་འགལ་བ་ལྟག་སྤྲོད་དུ་གྱུར་པའི་ལེའུ་དེ་དག་དང་མཐུན་ཆ་ལྡན་པ་གཅིག་ཀྱང་མ་རྙེད། ཏག་ཏག་ང་རང་མགོ་འཐོམས་ནས་སྡོད་པའི་སྐབས་དེར།  ཁྱེད་ཀྱིས་གཟིགས་མ་ཐག་པའི་བྲིས་མ་དེ་ཨོག་སི་ཧྥོར་དྷྀ31ནས་ང་ལ་བསྐུར་བྱུང་། ང་རང་ཚིག་རྐང་འདི་ཀློག་སྐབས་ངང་ཙམ་ལ་འདུག་དགོས་བྱུང་བ་ནི་བསྙོན་མེད་རེད། ང་ཡིས་ལམ་ཕྲན་ཕྱོགས་སུ་གྱེས་པའི་སྐྱེད་ཚལ་དེ་མ་འོངས་པ(ཐམས་ཅད་ལ་མ་ཡིན་པར)དུ་མ་ལ་བསྐྱུར་བ་ཡིན།  ཧ་ལམ་ངས་དེ་མ་ཐག་ཏུ་ཧ་གོ་སོང་།  ‘ལམ་ཕྲན་ཕྱོགས་སུ་གྱེས་པའི་སྐྱེད་ཚལ’ནི་མགོ་མཇུག་མེད་པའི་སྒྲུང་རྩོམ་དེ་དང་། ‘མ་འོངས་པ(ཐམས་ཅད་ལ་མ་ཡིན་པར)དུ་མ’ཞེས་པའི་ཚིག་ཕྲེང་དེས་ང་ལ་ཡུལ་མ་ཡིན་པར་ཕྱོགས་སུ་གྱེས་པའི་དུས་ཚོད་ཀྱི་སྣང་བརྙན་བསྟན་འདུག དཔེ་ཆ་དེ་ཆ་ཚང་སླར་ཡང་ཚར་གཅིག་བཀླགས་པ་དེས་ང་ཡི་གཞུང་ལུགས་ཁུངས་ཐུབ་བཟོས་སོང་། རྟོག་བཅོས་ཀྱི་སྒྲུང་ཐམས་ཅད་ཀྱི་ནང་དུ། མི་ཞིག་གདམ་ཀ་མི་འདྲ་བ་དུ་མ་ལ་འཕྲད་ཐེངས་རེ་རེར།  ནམ་ཡང་གཅིག་བདམས་ནས་གཞན་དག་དོར་འགྲོ་ཡི་ཡོད། འཁྲུག་རྙོག་ཧ་ལམ་སེལ་ཐབས་བྲལ་བའི་ཚུའེ་ཕིན་གྱི་སྒྲུང་རྩོམ་ནང་དུ། མི་སྣ་དེས — དུས་གཅིག་ཏུ — གདམ་ཀ་ཚང་མ་བདམས་པར་བྱས།  དེ་ལྟ་དེ་ལྟར་ཁོས་མ་འོངས་པ་མི་འདྲ་བ་མང་པོ་དང་། དུས་ཚོད་མི་འདྲ་བ་མང་པོ་གསར་དུ་བཟོས་ཤིང་།  དེ་དག་ཀྱང་གཅིག་ནས་མང་པོར་འཕེལ་ཞིང་ཕྱོགས་དང་ཕྱོགས་སུ་གྱེས་འགྲོ།        སྒྲུང་རྩོམ་དེ་ལ་འགལ་བ་ལྟག་སྤྲོད་ཀྱང་དེ་ལྟར་བྱུང་བ་རེད། དཔེར་ན། ཧྥང32ཞེས་བྱ་བ་ལ་གསང་བ་ཞིག་ཡོད། མི་ཆ་མེད་ཅིག་གིས་ཁོའི་ཁང་སྒོ་བརྡུངས།      ཧྥང་གིས་མི་དེ་ལྔ་ལམ་དུ་སྐྱེལ་རྒྱུའི་བློ་ཐག་བཅད།  སྐབས་དེར་མཇུག་འབྲས་མི་འདྲ་བ་དུ་མ་འབྱུང་སྲིད་པ་ཆོས་ཉིད་རེད།  ཧྥང་གིས་བཙན་འཛུལ་མཁན་དེ་བསད་འགྲོ་བའམ།  བཙན་འཛུལ་མཁན་དེས་ཧྥང་བསད་འགྲོ་བ། གཉིས་ཀ་ཤི་མི་སྲིད་པའམ། གཉིས་ཀ་འཆི་བར་འགྱུར་བ་སོགས་དུ་མ་འབྱུང་། ཚུའེ་ཕིན་གྱི་སྒྲུང་ནང་དུ་མཇུག་འབྲས་དེ་དག་ཐམས་ཅད་བྱུང་ཡོད།  མཇུག་འབྲས་དེ་རེ་རེ་ཡང་གཏམ་རྒྱུད་ཕྱོགས་སུ་གྱེས་མཚམས་དག་གི་མགོ་རྩོམ་ས་ཡིན། སྐབས་ཤིག་ལ་སྒྱུ་མའི་ཕོ་བྲང་གི་ལམ་ཕྲན་མཐའ་དག་གཅིག་ཏུ་འདུས་ཡོད།  དཔེར་ན་ཁྱེད་རང་ཁང་བ་འདིའི་ནང་སླེབས་ནའང་། སྲིད་ངེས་པའི་འདས་པའི་གནས་སྐབས་ཤིག་ལ་ཁྱེད་རང་ང་ཡི་དགྲ་བོ་ཡིན་པ་དང་།  ཡང་སྐབས་གཞན་དུ་ང་ཡི་གྲོགས་པོ་ཡིན། གལ་སྲིད་ཁྱེད་ཀྱིས་ངའི་བཅོས་རེ་བྲལ་བའི་སྒྲ་གདངས་ལ་བཟོད་པ་སྒོམ་ཐུབ་ན།  ངེད་གཉིས་ཀྱིས་ཤོག་ལྷེ་རེ་གཉིས་གདོན་པར་བྱ།”

གསལ་ལམ་མེར་འཁྱིལ་བའི་སྒྲོན་མེའི་འོད་ཀོར་ཀློང་དུ། ཁོའི་ངོ་གདོང་ནི་མི་རྒན་པ་ཞིག་གི་ཡིན་པ་ལ་ཐེ་ཚོམ་སྐྱེ་དགོས་མི་འདུག་ནའང་། དེ་ལ་ཞུམ་པ་མེད་པ་དང་ཐ་ན་འཇིག་པ་མེད་པའི་ཉམས་སྣང་ཞིག་མངོན་འདུག  ཁོས་དལ་བ་དལ་བུར་གསལ་ཞིང་དག་པའི་ངང་སྒྲུང་དེའི་ལེའུ་གཅིག་གི་འབྲི་ལུགས་མི་འདྲ་བ་གཉིས་བཀླགས། དང་པོའི་ནང་དུ། དམག་དཔུང་ཞིག་རི་ཀླུང་འབྲོག་སྟོང་བརྒྱུད་ནས་གཡུལ་ལ་ཞུགས། བྲག་རྡོ་དང་སྨག་རུམ་གྱི་འཇིགས་པས་དེ་དག་ལ་ཚེ་སྲོག་ཁྱད་དུ་གསོད་པར་བསྐུལ་བས། ལས་སླ་བོའི་ངང་གཡུལ་འགྱེད་ལས་རྣམ་པར་རྒྱལ། གཉིས་པའི་ནང་དུ། སྔར་གྱི་དམག་དཔུང་དེ་ནང་དུ་དགྱེས་སྟོན་ལ་རོལ་བཞིན་པའི་ཕོ་བྲང་ཞིག་བརྒྱུད།  ཁྱད་དུ་འཕགས་པའི་གཡུལ་འགྱེད་ཀྱི་རྣམ་པ་ནི་དེ་དག་ལ་མཚོན་ན་དགྱེས་སྟོན་གྱི་རྒྱུན་མཐུད་པ་དང་མཚུངས་པས། ལས་སླ་བོའི་ངང་གཡུལ་ལ་རྒྱལ་ཁ་ཐོབ། ངས་གུས་བཀུར་གྱི་ཉམས་དང་བཅས་གནའ་བོའི་གཏམ་རྒྱུད་དེ་དག་ལ་ཉན་པ་ཡིན་མོད། གཅིག་བྱས་ན་གཏམ་རྒྱུད་དེ་དག་ཀྱང་གཤམ་གྱི་དོན་དངོས་འདི་ལས་ངོ་མཚར་ཞིང་རྨད་དུ་བྱུང་བ་ཞིག་རེད་མི་འདུག་སྟེ།  ང་དང་ཁྲག་རྒྱུན་གཅིག་པའི་མི་ཞིག་གིས་གཏམ་རྒྱུད་འདི་དག་བརྩམས་ཤིང་། རྒྱང་ཐག་རིང་བའི་བཙན་རྒྱལ་ཆེན་པོའི་མི་ཞིག་གིས། ནུབ་ཕྱོགས་ཀྱི་གླིང་ཕྲན་ཞིག་ཏུ།  རེ་ཐག་ཆད་པའི་ཉེན་ལས་ལ་འཇུག་མཁན་སྐྱེ་བོ་ང་ལ།  གཏམ་རྒྱུད་དེ་དག་བསྐྱར་གསོ་བྱས་པ་དེའོ།  །ངས་ཚིག་རྐང་ཆེས་མཐའ་མ་དེ་དག་ཡིད་ལ་དྲན་གྱི་འདུག གསང་བའི་བཀའ་རྒྱ་དམ་པོ་ཞིག་དང་འདྲ་བར་ལུགས་མི་འདྲ་བ་རེ་རེའི་ནང་དུ་བསྐྱར་ཟློས་བྱེད། “དཔའ་རྒོད་དག་གིས་འདི་ལྟར་གཡུལ་འགྱེད་སྤྲོད།  ཡི་རང་འཆོར་བའི་སེམས་པ་ཞི་ཞིང་ལྷོད། ལག་གི་རལ་གྲི་ངར་མ་རྩུབ་ཅིང་རྒོད། གསོད་དང་འཆི་བ་གང་ཡང་བློ་ཐག་ཆོད”

སྐད་ཅིག་དེ་ཉིད་ནས་བཟུང་། ང་ཡིས་རང་ཉིད་ཀྱི་མཐའ་འཁོར་དང་རང་གི་རྟོགས་པར་དཀའ་བའི་ཕུང་པོའི་གཏིང་རུམ་དུ། མཐོང་དུ་མེད་ཅིང་ཐོགས་རེག་བྲལ་བའི་ཟིང་ཆ་ཞིག་བྱུང་བ་ཞིག་ཚོར — སོ་སོར་གྱེས། མཉམ་དུ་གཤིབ། མཐའ་མར་གཅིག་ཏུ་འདྲེས་པའི་དམག་དཔུང་གི་འཁྲུག་ཟིང་དེ་མ་ཡིན་པར།  དེ་ནི་དེ་ལས་ཀྱང་ཤེས་ཐབས་བྲལ་ཞིང་། དེ་ལས་ཀྱང་གསང་བར་གནས་ལ། དམག་དཔུང་དེ་དག་གིས་ཐབས་ག་གེ་མོའི་ལམ་ནས་སྔོན་རྟགས་བསྟན་ཟིན་པའི་ཟིང་ཆ་ཞིག་རེད།  ཨལ་བྷོར་ཐྀ་ཡིས་མུ་མཐུད་དུ་སྨྲས་པ་ན་རེ།

“ཁྱེད་ཀྱི་བཀུར་བར་འོས་པའི་མེས་པོ་ཡིས་འབྲི་ལུགས་མི་འདྲ་བ་མང་པོའི་ཆེད་དུ་དོན་མེད་རྩེད་མོ་རྩེ་བར་ང་རང་ཡིད་ཆེས་མེད། ངས་བསམས་ན་ཁོང་གིས་རྫོགས་མཐའ་མེད་པའི་ཚིག་རྒྱན་གྱི་སྦྱོང་བརྡར་ཙམ་གྱི་ཆེད་དུ་མི་ལོ་བཅུ་གསུམ་ཆུད་ཟོས་སུ་གཏོང་མི་སྲིད། ཁྱེད་ཀྱི་རྒྱལ་ཁབ་ཏུ་སྒྲུང་རྩོམ་ནི་རྩོམ་ལུས་ཐ་མལ་བ་ཞིག་རེད། སྐབས་དེ་དུས་ཁྱད་གསོད་དང་མཐོང་ཆུང་བྱེད་ཀྱི་ཡོད། ཚུའེ་ཕིན་ནི་སྐྱེས་སྟོབས་ཀྱི་ཤེས་རབ་འབར་བའི་སྒྲུང་རྩོམ་མཁན་ཞིག་རེད་མོད། ཁོ་རྩོམ་རིག་མཁས་ཅན་ཞིག་ཀྱང་ཡིན་པས། རང་ཉིད་སྒྲུང་འབྲི་མཁན་འབའ་ཞིག་ཏུ་གཏན་ནས་མཐོང་མི་སྲིད། ཁོང་དང་དུས་ཐོག་གཅིག་པ་དག་གི་དཔང་ཚིག་ལས་ཁོ་རང་གཟུགས་འདས་རིག་པ་དང་གསང་བའི་རིང་ལུགས་ལ་མོས་པ་ཆེ་ཚུལ་གསལ་བར་མ་ཟད། ཁོང་གི་མི་ཚེ་ཡིས་དེ་བས་ཀྱང་དེ་ལ་ར་སྤྲོད་ཁུངས་ཐུབ་བྱས་ཡོད། མཚན་ཉིད་རིག་པའི་རྩོད་གླེང་གིས་ཁོང་གི་སྒྲུང་རྩོམ་གྱི་ཆ་ཤས་མང་པོ་ཞིག་ཟིན། གཏིང་དཔོག་དཀའ་བའི་དུས་ཚོད་ཀྱི་གནད་དོན་གྱིས་ཁོང་ལ་མནར་གཅོད་བཏང་ཞིང་ངལ་བར་བྱས་པ་ལྟ་བུ་ཞིག གནད་དོན་དེ་དག་ཐམས་ཅད་ལས་གཅིག་གིས་ཀྱང་བྱས་མེད།  གནད་དོན་དེ་ཁོང་གི《སྐྱེད་ཚལ》གྱི་ཤོག་ལྷེ་དག་གི་ནང་དུ་རྩ་བ་ཉིད་ནས་བྱུང་མེད།  ཁོང་གིས་དུས་ཚོད་མཚོན་པར་བྱེད་པའི་ཐ་སྙད་དེའང་ཁྱོན་ནས་སྤྱད་མྱོང་མེད།  ཁྱེད་ཀྱིས་བསམ་བཞིན་དུ་བྱས་པའི་སྐུང་ཐབས་འདི་ལ་འགྲེལ་བཤད་ཇི་ལྟར་རྒྱག་རྒྱུ་ཡིན”

ངས་འགྲེལ་བཤད་དུ་མ་བརྒྱབ་ནའང་། ཐམས་ཅད་ཀྱིས་ལན་ཆ་ཚང་ཞིག་ཡོང་གི་མི་འདུག ངེད་གཉིས་ཀྱིས་དེ་དག་ལ་གོ་སྡུར་རྩོད་གླེང་བྱས་པའི་མཐར།  སྀ་ཏེ་ཧྥྀན•ཨལ་བྷོར་ཐྀ་ན་རེ།

“གབ་ལན་མིག་མང་ཡིན་པའི་གབ་ཚིག་ཅིག་བཤད་སྐབས། གཏན་ནས་སྤྱོད་མི་ཆོག་པའི་ཡི་གེ་དེ་གང་རེད”

ངས་འཁྱུག་ཙམ་རིང་བསམ་བློ་བཏང་བ་དང་ལན་འདི་ལྟར་བཏབ།   

“‘མིག་མང’ཞེས་པའི་ཡི་གེ་དེ་རེད”

“ཏག་ཏག་རེད” ཨལ་བྷོར་ཐྀ་ན་རེ། “《ལམ་ཕྲན་ཕྱོགས་སུ་གྱེས་པའི་སྐྱེད་ཚལ》ནི་གབ་ཚིག་ཆེན་པོ་ཞིག་གམ།  ཡང་ན་དཔེ་ཆོས་གབ་སྒྲུང་ཞིག་རེད། དེའི་གབ་ལན་ནི་དུས་ཚོད་རང་རེད།  གསང་བའི་རྒྱུ་མཚན་དེ་ཡི་རྐྱེན་གྱིས་ཁོས་དུས་ཚོད་ཀྱི་མིང་གཏན་ནས་གླེང་རུང་གི་མེད། མིང་དེ་ཁོ་ན་མཐའ་གཅིག་ཏུ་སྐུང་བའི་ཕྱིར། ཆོ་མེད་པའི་གཟུགས་རྒྱན་དང་མངོན་སུམ་གྱི་སྐོར་གཏམ་མི་སྤྱོད་ཀ་མེད་བྱུང་། གཅིག་བྱས་ན་དེ་ནི་མིང་དེ་སྟོན་ཐབས་ཆེས་ལེགས་ཤོས་དེ་ཡིན་སྲིད།  སྐོར་ཀྱོག་ལ་མོས་པའི་ཚུའེ་ཕིན་གྱིས། ཁོང་གི་ཟད་མཐའ་བྲལ་བའི་སྒྲུང་རྩོམ་གྱི་དཀྱོག་མཚམས་རེ་ལ་སླེབས་ཐེངས་རེར། ནམ་ཡང་ཀྱག་ཀྱོག་གི་སྐོར་ཐབས་སྤྱོད་ཀྱི་ཡོད། ངས་མ་ཕྱི་བྲིས་མ་བརྒྱ་ལྷག་ལ་བསྡུར་བ་བྱས། ངས་ཡི་གེ་བས་སྣང་མེད་དུ་བསྐྱུར་བའི་ནོར་འཁྲུལ་དག་ལ་ཞུ་དག་བྱས། ངས་འཁྲུག་ཅིང་བསྣོལ་བ་དེ་ལ་འོལ་ཚོད་ཀྱིས་དཔེ་རིས་ཤིག་བཟོས། ངས་དེ་ཉིད་བསྐྱར་དུ་བཞེངས། ཡང་ན་ང་ཡིས་དེ་ཡི་རྩ་བའི་གོ་རིམ་གང་དེ་བསྐྱར་དུ་བཞེངས་ཟིན་པར་སྙམ་གྱིན་ཡོད།  ངས་དེ་ཉིད་མགོ་ནས་མཇུག་བར་དུ་བསྒྱུར་ཚར་བར་བྱས་མོད།  ངས‘དུས་ཚོད’ཅེས་པའི་མིང་དེ་ཐེངས་གཅིག་ལ་བྱུང་བའང་མཐོང་མ་སོང་།  རྒྱུ་མཚན་ནི་མངོན་གསལ་དོད་པོར་འདུག་སྟེ།《ལམ་ཕྲན་ཕྱོགས་སུ་གྱེས་པའི་སྐྱེད་ཚལ》ནི་ཚུའེ་ཕིན་གྱིས་བློས་བསླངས་བྱས་པའི་འཇིག་རྟེན་ཁམས་ཀྱི་སྣང་བརྙན་ཞིག་ཡིན་ཞིང་། དེ་ཆ་ཚང་བ་ཞིག་མ་ཡིན་ནའང་བཅོས་མ་ཞིག་ཀྱང་གཏན་ནས་མ་རེད། ཉིག་ཏོན33དང་ཧྲོ་པེན་ཧོ་ཝར34དང་མི་འདྲ་བར། ཁྱེད་ཀྱི་མེས་པོ་ཡིས་གཅིག་གྱུར་དང་ལྟོས་མེད་ཀྱི་དུས་ཚོད་ཅིག་ཡོད་པ་ལ་ཡིད་ཆེས་བྱེད་ཀྱི་མེད། ཁོང་གིས་དཔག་ཏུ་མེད་པའི་དུས་ཚོད་ཀྱི་ཕྲེང་བརྒྱུད་དང་། ཕྱོགས་སུ་གྱེས་ཤིང་གཅིག་ཏུ་འདུས་ཏེ་མཐའ་མར་མཉམ་དུ་གཤིབ་པའི་དུས་ཚོད་ཀྱིས་གྲུབ་པའི། སྐྱེ་ཞིང་འཕེལ་ལ་བཟི་ཡོམ་ཡོམ་བྱེད་པའི་དྲ་བ་ཞིག་ཡོད་པར་ཡིད་ཆེས་བྱེད། ཕན་ཚུན་ཉེ་བར་བཏུད། ཕྱོགས་སུ་གྱེས།  ལྷན་དུ་འདྲེས། ཡང་ན་གཏན་ནས་གཏན་ལ་འཕྲད་དུ་མེད་པའི་དུས་ཚོད་ཀྱི་དྲ་བ་འདི་རུ་འབྱུང་སྲིད་པ་ཐམས་ཅད་འདུས། དུས་ཚོད་དེ་དག་མང་པོ་ཞིག་གི་རིང་ལ་ངེད་ཅག་ཚང་མ་གནས་མེད།  དུས་ཚོད་ཁ་ཤས་ཀྱི་རིང་ལ་ཁྱེད་ཡོད་ནའང་ང་མེད། དུས་ཚོད་གཞན་དག་གི་ནང་དུ་ང་ཡོད་ནའང་ཁྱེད་མེད།  ཡང་གཞན་དག་གི་རིང་ལ་ངེད་གཉིས་ཀ་གནས་ཡོད། དུས་ཚོད་འདིའི་རིང་ལ། ང་ལ་སྟེས་དབང་གི་གཟིགས་སྐྱོང་ཐོབ་སྟེ།  ཁྱེད་རང་ང་ཡི་ཁང་བའི་ནང་དུ་སླེབས། དུས་ཚོད་གཞན་ཞིག་ཏུ། ཁྱེད་རང་ང་ཡི་སྐྱེད་ཚལ་བརྒྱུད་ནས་འགྲོ་དུས་ང་རང་ཤི་ཟིན་པ་རྙེད་ཐུབ།  ཡང་གཞན་ཞིག་ཏུ། ང་ཡིས་སྐད་ཆ་འདི་དག་ཇི་མ་ཇི་བཞིན་བཤད་ངེས་མོད། དེ་དུས་ང་རང་ནོར་འཁྲུལ་ཞིག་དང་། གཤིན་པོའི་རྣམ་ཤེས་ཙམ་ལས་མ་འདས”

“དུས་ཚོད་ཐམས་ཅད་ཀྱི་ནང་དུ”ངས་སིག་འདར་ཕྲ་མོ་ཙམ་དང་བཅས་འདི་ལྟར་སྨྲས། “ཁྱེད་ཀྱིས་ཚུའེ་ཕིན་གྱི་སྐྱེད་ཚལ་བསྐྱར་དུ་བཞེངས་པ་ལ་ངས་ཐུགས་རྗེ་བཀའ་དྲིན་དང་རྗེས་སུ་ཡི་རང་བྱེད་ཀྱིན་ཡོད”

“ཐམས་ཅད་ཀྱི་ནང་ནས་ཡིན་མི་སྲིད” ཁོས་འཛུམ་དང་བཅས་ཤབ་ཤུབ་སྨྲས། “དུས་ཚོད་རྒྱུན་ཆད་མེད་པར་ཕྱོགས་དང་ཕྱོགས་སུ་གྱེས་ཏེ། བགྲང་ལས་འདས་པའི་མ་འོངས་པ་མང་པོ་གྲུབ་ཀྱི་ཡོད་པས། དུས་ཚོད་ག་གེ་མོ་ཞིག་གི་ནང་དུ། ང་རང་ཁྱེད་ཀྱི་དགྲ་བོ་རུ་འགྱུར་སྲིད”

ངས་སྔོན་དུ་བཤད་པའི་ཟིང་ཆ་དེ་སླར་ཡང་ལན་ཅིག་ཚོར་བར་གྱུར། ང་ལ་ཁང་བ་ཡོངས་སུ་བསྐོར་བའི་སྐྱེད་ཚལ་བརླན་ཞིང་གཤེར་བ་འདིའི་ནང་དུ་མཐོང་དུ་མེད་པའི་སྐྱེ་བོ་བགྲང་ལས་འདས་པས་ཁེངས་འདུག་པའི་སྣང་བ་བྱུང་། མི་དེ་དག་ནི་དུས་ཚོད་ཀྱི་བར་སྣང་གཞན་དག་ཏུ་ལྐོག་ལྐོག་སུད་སུད་ཀྱིས་ལས་བྲེལ་ཆེ་ཞིང་རྣམ་པ་སྣ་ཚོགས་སུ་སྣང་བའི་ཨལ་བྷོར་ཐྀ་དང་ང་རང་ཉིད་ལས་མ་འདས།  ངས་མིག་ཟུང་ཡར་ལ་བཏེགས་པ་ན་རྨི་ལམ་ངན་པ་ལྟ་བུའི་སྣང་བ་སྲབ་མོ་དེ་གར་སོང་ཆ་མེད་དུ་ཡལ་སོང་། མདངས་སེར་ནག་ཏུ་མངོན་པའི་སྐྱེད་ཚལ་ནང་དུ་མི་གཅིག་ལས་གཞན་ཅི་ཡང་མི་འདུག ཡིན་ནའང་མི་དེ་ལ་སྟོབས་དང་ལྡན་པ་ནི་འཇིམ་སྐུ་ཞིག་དང་གཉིས་སུ་མེད། མི་དེ་ལམ་ཕྲན་བརྒྱུད་ནས་ཚུར་ཡོང་གིན་འདུག་ལ་ཁོ་ནི་རུ་དཔོན་རི་ཆར་དྷྀ•མད་དྷེན་རེད།

“མ་འོངས་པ་སྔ་མོ་ནས་མགོ་བརྩམས་ཟིན” ངས་འདི་ལྟར་ལན་བཏབ།“ཡིན་ནའང་ང་རང་ཁྱོད་ཀྱི་གྲོགས་པོ་ཡིན་པས། ངས་འཕྲིན་ཡིག་དེ་ལ་སླར་ཡང་ལན་ཅིག་བལྟ་ཆོག་གམ”

ཨལ་བྷོར་ཐྀ་སླར་ཡང་ཡར་ལ་ལངས། ཁོའི་གཟུགས་པོ་རིང་པོ་དེ་ཡར་ལ་འགྲེང་ནས་སྒམ་ཅོག་མཐོན་པོ་དེའི་ཤུད་སྒམ་གྱི་ཁ་ཕྱེ། ཡུད་ཙམ་གྱི་རིང་ཁོས་ང་ལ་རྒྱབ་གཏད་དེ་བསྡད། ངས་དཀྲུམ་མདའ་རང་འཁོར་མ་ལག་ལ་དམ་པོར་ཐོགས། ནན་ནན་བཅག་བཅག་གི་ངང་ངས་མེ་མདའ་འཕངས། ཨལ་བྷོར་ཐྀ་ཡི་ངག་ནས་སྒྲ་ཅི་ཡང་མ་ཕྱུང་བར་དེ་མ་ཐག་ཏུ་ཐང་ལ་འགྱེལ་བྱུང་། ཁོ་ནི་སྐད་ཅིག་དེ་ཉིད་དེ — སེ་གོལ་གཏོགས་ཙམ་གྱི་ཡུན་ལ་ཤི་བར་གྱུར་པ་ངས་ཁག་ཐེག་བྱེད་ཐུབ།

དེའི་འཕྲོ་ཡི་བྱུང་བ་དག་ནི་གླེང་རིན་མེད་ཅིང་མངོན་སུམ་མིན་པ་ལྟ་བུ་ཞིག་རེད། མད་དྷེན་ཁང་བའི་ནང་དུ་མཆོངས་ཡོང་ནས་ང་རང་བཟུང་ཞིང་།  ང་ལ་དཔྱང་གསོད་གཏོང་དགོས་པའི་ཁྲིམས་ཐག་བཅད། སྐྱུག་བྲོ་བའི་ངང་ང་ལ་རྒྱལ་ཁ་ཐོབ་སོང་། ང་ཡིས་འཐབ་རྒོལ་གཏོང་སའི་གྲོང་ཁྱེར་དེའི་མིང་གསང་བའི་ངང་བྷྀར་ལེན་ལ་སྤྲོད་ཐུབ་བྱུང་། ཁ་སང་གྲོང་ཁྱེར་དེ་ལ་འབར་མདེལ་འཕངས་སོང་། ངས་གསར་འགྱུར་དེ་ཀློག་སའི་ཚགས་པར་སྟེང་དུ་ད་དུང་ཨིན་ཇི་ཡོངས་ལ་གབ་ཚིག་ཅིག་བཏོན་ཡོད་པ་ནི་རྒྱ་རིག་པའི་མཁས་ཆེན་སྀ་ཏེ་ཧྥྀན•ཨལ་བྷོར་ཐྀ་ལགས་མིང་ལ་ཡུ་ཙུན་ཟེར་བའི་མི་ཆ་མེད་ཅིག་གིས་ལྐོག་གསོད་བཏང་སོང་ཞེས་པ་དེ་རེད། ངའི་མགོ་ཁྲིད་ཀྱིས་གབ་ཚིག་དེའི་གབ་ལན་རྙེད་སོང་།  ཁོ་ཡིས་ངའི་གནད་དོན་ནི་མིང་ལ་ཨལ་བྷོར་ཐྀ་ཟེར་བའི་གྲོང་ཁྱེར་དེའི་མིང་དེ། (རྣ་འོན་པར་བྱེད་པའི་གཡུལ་འཁྲུག་གི་ཟང་ཟིང་བརྟོལ་ནས)ཁོ་ལ་སྙན་སེང་ཇི་ལྟར་ཞུ་རྒྱུ་ཡིན་པ་དེ་ཤེས་ཡོད་ཅིང་། ང་ཡིས་ཀྱང་མིང་ལ་དེ་ལྟར་འབོད་པའི་མི་ཞིག་ལྐོག་གསོད་གཏོང་བ་ལས་ཐབས་ཤེས་གཞན་ཅི་གང་ཡང་རྙེད་མ་སོང་། ང་ཡི་རྫོགས་མཐའ་མེད་པའི་འགྱོད་གདུང་དང་ངལ་དུབ་ཁོ་ཡིས་རྟོགས་པར་མི་འགྱུར་ལ། ས་སྟེང་གི་སྐྱེ་བོ་གཞན་སུ་གཅིག་གིས་ཀྱང་རྟོགས་པར་མི་འགྱུར། །

 འགྱུར་མཆན།

1, སྒྲུང་རྩོམ་འདིའི་མ་ཡིག་སི་ཕེན་གྱི་སྐད་ཡིན་ཞིང་མ་ཡིག་གི་ཁ་བྱང་ལEl jardin de senderos que se bifurcan ཞེས་བྱ།  1941ལོར་ཁ་བྱང་དེ་ལྟར་བཏགས་པའི་སྒྲུང་ཐུང་ཕྱོགས་བསྒྲིགས་སུ་བཏུས།  1944ལོར《རྟོག་སྒྲུང》(Ficciones)ཞེས་བྱ་བའི་སྒྲུང་ཐུང་ཕྱོགས་བསྒྲིགས་དེབ་ཏུ་བཀོད།  1948ལོར་ཨན་ཐོན་ཉི•བྷོ་ཆེར(Anthony Boucher)བྱ་བས་ཐོག་མར་ཨིན་ཡིག་ཏུ་བསྒྱུར་ཅིང་ཨིན་འགྱུར་མའི་ཁ་བྱང་ལ The Garden of Forking Paths ཞེས་བྱ།  སྐྱེད་ཚལ་དེ་ནི་ཧ་ལམ་སྒོར་དབྱིབས་སུ་སྣང་བ་ལ།  སྒྱུ་མའི་ཕོ་བྲང(labyrinth)དང་ཆ་འདྲ་བ།  ནང་དུ་ལྗོན་པ་མང་པོ་མཐོ་རུ་སྐྱེས་ཤིང་།  ལྗོན་པ་དག་གི་བར་གསེང་དུ་ལམ་ཕྲན་ཤིན་ཏུ་མང་པོ་གྱ་གྱུའི་ངང་ཕྱོགས་དང་ཕྱོགས་སུ་གྱེས་ནས། ནང་དུ་འཛུལ་བའི་མི་རྣམས་ཀྱིས་ཕན་ཚུན་མི་མཐོང་བར་མ་ཟད།  མགོ་འཁོར་བར་བྱས་ཏེ་ཕྱིར་འབུད་སའི་ལམ་ཁ་རྙེད་དཀའ་བ་ཞིག་དང་། དཀྱིལ་དབུས་སུ་ཁོད་ཅུང་ཟད་ཡངས་པའི་ལྡུམ་ར་ཡོད་པ་ཞིག་ཡིན་སྟབས།  བོད་ཡིག་ཏུ《ལམ་ཕྲན་ཕྱོགས་སུ་གྱེས་པའི་སྐྱེད་ཚལ》ཞེས་བསྒྱུར་ཡོད།

2, ཝི་ཁྀ་ཐོ་རི་ཡ•ཨོ་ཁམ་པོ(Victoria Ocampo, 1890-1979)ནི་ཨར་གིན་ཐེན་གྱི་བུད་མེད་རྩོམ་པ་པོ་དང་ཤེས་ལྡན་པ་ཞིག་ཡིན།      1931ལོ་ནས1970ལོའི་བར་དུ་གཉེར་བའི་སི་ཕེན་སྐད་ཀྱི་རྩོམ་རིག་དུས་དེབ《ལྷོ་ཕྱོགས》(Sur)ཞེས་བྱ་བའི་རྨང་འདིང་མཁན་དང་སྦྱིན་བདག་གཙོ་བོ་ཡིན། བྷོར་ཧེ་སི་ཡིས་ཀྱང་དུས་དེབ་དེ་རུ་བརྩམས་ཆོས་བཀོད་ཅིང་མཐུན་རྐྱེན་སྦྱར་མྱོང་།《ཝྀར་ཅི་ཉི་ཡ•ཝོལ་ཧྥི》(Virginia Woolf)དང་།     《དཔང་ཚིག》(Testimonios)སོགས་བརྩམས་ཡོད།

3, ལི་དྷེལ•ཧར་ཐྀ(Liddell Hart, 1895-1970)ནི་ཨིན་ཇིའི་གཡུལ་འཁྲུག་ལོ་རྒྱུས་འབྲི་མཁན་དང་དམག་གཞུང་སྨྲ་བ་ཞིག་ཡིན།  འཛམ་གླིང་འཁྲུག་ཆེན་ཐེངས་དང་པོར་ཞུགས་ཤིང《འཛམ་གླིང་འཁྲུག་ཆེན་ལོ་རྒྱུས(1914-1918)》(A History of the World War, 1914–1918)སོགས་བརྩམས་ཡོད།

4, མ་ཡིག་ཏུ La Historia de la Guerrra Europea ཞེས་དང་། ཨིན་འགྱུར་དུ The History of the World War ཞེས་འབྱུང་།

5, སེ་རེ-མོང་ཐོ་བྷན་སྲུང་མཚམས(Serre-Montauban line)ཞེས་པ་ནི་འཛམ་གླིང་འཁྲུག་ཆེན་དང་པོའི་སྐབས་ཧྥ་རན་སིའི་གྲོང་ཁྱེར་སེ་རེ་དང་མོང་ཐོ་བྷན་བར་གྱི་གཡུལ་མཚམས་ལ་གོ་ཞིང་། ཨིན་ཇི་དང་ཧྥ་རན་སིའི་མཉམ་འབྲེལ་དམག་དང་འཇར་མན་དམག་དཔུང་བར་གྱི་སྲུང་མཚམས་ཤིག་གོ། 

6, མ་ཡིག་ཏུ Yu Tsun ཞེས་འཁོད།

7, མ་ཡིག་ཏུ Richard Madden ཞེས་འཁོད།

8, མ་ཡིག་ཏུ Viktor Runeberg ཞེས་འཁོད།

9, དགོད་བྲོ་ཞིང་ཆོ་མེད་པའི་ཚོད་དཔག་ཙམ་ལས་མ་འདས།   དོན་དུ་ཕུ་རུ་སྀ(the Prussian)ཡི་མྱུལ་མ་ཧན་སྀ•ར་བྷེ་ནེར(Hans Rabener)།   བརྫུས་མིང་ལ་ཝི་ཁྀ་ཐོར•རུ་ནེ་བྷྀར་གྷྀ་རུ་བྱ་བ་དེས།   བཀའ་བཞིན་ཁོ་རང་འཛིན་དུ་ཡོང་བའི་རུ་དཔོན་རི་ཆར་དྷྀ•མད་དྷེན་གྱི་སྟེང་ལ་རང་འགུལ་དཀྲུམ་མདའ་འཕངས་པ་རེད།   མད་དྷེན་གྱིས་རང་སྲུང་གི་ཆེད་དུ་ད་གཟོད་རུ་ནེ་བྷྀར་གྷི་ལ་རྨས་སྐྱོན་བཟོས་ཤིང་དེ་ཡི་རྐྱེན་གྱིས་ཁོ་ཚེ་ལས་འདས་པ་རེད། [རྩོམ་སྒྲིག་པའི་མཆན།] — མ་མཆན།

10, ཨེ་རི་ཧྲྀ་པ(Irishman)ཞེས་པ་ཨེར་ལན(Ireland)གྱི་མི་རྣམས་ལ་གོ་ཞིང་།  ཨིན་ཇི་དང་ཐག་ཉེ་ཞིང་ལོ་རྒྱུས་ཀྱི་རྙོག་འབྲེལ་མང་བའི་གླིང་ཕྲན་རྒྱལ་ཁབ་ཅིག་ཡིན།

11, མ་ཡིག་ཏུ Hai Feng ཞེས་འཁོད།

12, ཨན་ཁྀ་རེ(Ancre)ནི་ཧྥ་རན་སིའི་གཙང་པོ་ཞིག་གི་མིང་ཡིན།

13, སྀ་ཐ་ཧྥོར་དྷྀ་རྫོང་སྡེ(Staffordshire)ནི་དབྱིན་ཇིའི་ནུབ་ཕྱོགས་ཀྱི་རྫོང་སྡེ་ཞིག་ཡིན།

14, བྷྀར་ལེན(Berlin)ནི་འཇར་མན་གྱི་རྒྱལ་ས་དང་གྲོང་ཁྱེར་ཆེ་ཤོས་དེ་ཡིན།

15, ཤི་ལིང(shilling)ནི་སྔར་ཨིན་ཇི་སོགས་རྒྱལ་ཁབ་རེ་གཉིས་སུ་སྤྱོད་པའི་ཊམ་དངུལ། ཕོང་དྷི(pound)གཅིག་ཆ་བཅུ་གཉིས་སུ་བགོས་པའི་ཆ་ཤས་གཅིག་རེའམ།  ཡང་ན་ཕེན་སེ(pence)བཅུ་གཉིས་ཀྱི་རིན་དང་མཉམ་པ་ཞིག་ཡིན།

16, ཕེན་སེ(pence)ནི་ཨིན་ཇི་སོགས་རྒྱལ་ཁབ་ཁ་ཤས་སུ་སྤྱོད་པའི་ཊམ་དངུལ།  ཤིང་ལིང་གཅིག་ཆ་བཅུ་གཉིས་སུ་བགོས་པའི་ཆ་ཤས་གཅིག་རེ་དང་མཉམ་པ་ཞིག་ཡིན།

17, ཧྥིན་ཐོན(Fenton) ཨིན་ཇིའི་སྀ་ཐ་ཧྥོར་དྷྀ་རྫོང་སྡེའི་ཁོངས་གཏོགས་ཀྱི་གྲོང་རྡལ་ཞིག་ཡིན།

18, གྷོ་ཐེ(Goethe, 1749-1832)ནི་འཇར་མན་གྱི་སྙན་ངག་མཁན་དང་རྩོམ་པ་པོ་ཆེན་པོ་ཞིག་སྟེ་བརྩམས་ཆོས་ལ་སྒྲུང་རྩོམ་དང་སྙན་ངག  ཟློས་གར།  དཔྱད་གཞུང་སོགས་འབོར་ཆེན་བཞུགས།  གྲགས་ཆེ་བ《ཧྥོ་སྀ་ཐྀ》(Faust)དང《གཞོན་ནུ་ཝེར་ཐེར་གྱི་སྐྱོ་གདུང》(The Sorrows of Young Werther)སོགས་ཡོད།

19, མ་ཡིག་ཏུ Ashgrove ཞེས་འབྱུང་།

20, ཐ་སི་ཐུ(Tacitus, 56-120)ནི་རོམ་བཙན་རྒྱལ་ཆེན་མོའི་སྐབས་ཀྱི་ལོ་རྒྱུས་མཁན་ཆེན་མོ་དང་གྲོས་ཚོགས་གོང་མའི་ཚོགས་མི་ཞིག་སྟེ། 《དེབ་ཐེར》(Annals)དང《ལོ་རྒྱུས》(Histories)ཞེས་པ་བརྩམས་ཡོད།

21, མ་ཡིག་ཏུ Dr. Stephen Albert ཞེས་འབྱུང་།

22, འདིའི་མ་ཡིག་སི་ཕེན་གྱི་སྐད་དུ laberintos དང་། ཨིན་ཡིག་ཏུ labyrinth དང Maze ཞེས་དུ་མ་འབྱུང་། གནའ་བོའི་གྷི་རི་སིའི་ལྷ་རབས་སུ་མི་ལུས་གླང་མགོ་གླང་རྔ་ཅན་གྱི་བདུད་འདྲེ་ཞིག་ནང་དུ་འཇུག་སའི་བཟོ་བཀོད་ཞིབ་ཅིང་ནང་དུ་ལམ་ཕྲན་གྱ་གྱུ་ཕྱོགས་དང་ཕྱོགས་སུ་འཐེན་ཏེ་ཐོན་ལམ་མ་རྙེད་པར་མགོ་བོ་རྨོངས་པར་བྱེད་པ་ཞིག་ཡིན་སྟབས་འདིར་སྒྱུ་མའི་ཕོ་བྲང་ཞེས་སུ་བསྒྱུར་ཡོད།

23, མ་ཡིག་ཏུ Ts’ui Pên ཞེས་འབྱུང་།

24, མ་ཡིག་ཏུ Hsi P’êng ཞེས་འབྱུང་།

25, Persia ཞེས་པ་སྟེ་པར་ཟིག་གམ་ཏ་ཟིག སྟག་གཟིག་གོ། 

26, མ་ཡིག་ཏུ Tientsin ཞེས་འབྱུང་།

27, divan ཞེས་བྱ་བ་སྟེ།  འབོལ་ཁྲི་རྒྱབ་སྙེས་དང་ལག་ཁེན་གཉིས་ཀ་མེད་པ་རིང་ལ་དམའ་བ་ཞིག་གོ། 

28, མ་ཡིག་ཏུ the Pavillion of Limpid Solitude ཞེས་འབྱུང་།

29, ཤྲི་ཧར་ཟ་དྷྀ(Scheherazade)ནི་ཨ་རབ་ཀྱི་སྒྲུང《ཞག་མ་སྟོང་དང་གཅིག》ནང་གི་མི་སྣ་གཙོ་བོ་སྟེ་སྒྲུང་འཆད་མཁན་ནོ། །

30, མ་ཡིག་ཏུ Platonic ཞེས་འབྱུང་།

31, ཨོག་སྀ་ཧྥོར་དྷྀ(Oxford)ནི་ཨིན་ཇིའི་སློབ་ཆེན་གྲགས་ཅན་ཞིག་གོ། 

32, མ་ཡིག་ཏུ Fang ཞེས་འབྱུང་།

33, ཉིག་ཏོན(Newton, 1642-1727)ནི་དབྱིན་ཇིའི་དངོས་ལུགས་རིག་པ་བ་གྲགས་ཅན་ཞིག་གོ། 

34, ཧྲོ་པེན་ཧོར(Schopenhauer, 1788-1860)ནི་འཇར་མན་གྱི་མཚན་ཉིད་རིག་པ་བ་གྲགས་ཅན་ཞིག་གོ། 

ལྡོང་བུ། 1985ལོར་མདོ་སྨད་འབའ་རྫོང་དུ་སྐྱེས། འབུམ་རམས་པ། སྔ་ཕྱིར་ཀྲུང་དབྱང་མི་རིགས་སློབ་ཆེན་སོགས་འགྲིམས།  དཔྱད་དེབ《བོད་ཀྱི་དེང་རབས་སྙན་ངག་རིག་པ》དང་འགྱུར་དེབ《ཨེ་མི་ལི་ལ་ཕུལ་བའི་རྒྱ་སེ་རྐང་གཅིག》 སྙན་དེབ《རྣམ་རྟོག་གི་མཁར་རྫོང》སོགས་དེབ་ལྔ་པར་དུ་བཏབ། 《འཛམ་གླིང་རྩོམ་རིག》གི་གཙོ་སྒྲིག་པ་དང《མི་རིགས་ཀྱི་རྩོམ་རིག》དུས་དེབ་ཀྱི་རྩོམ་སྒྲིག་པ་ཡིན། 

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།