ཀྲུང་གོ་བོད་ཀྱི་དྲ་བ།

སོལ་འཚོང་རྒན་པོས་ཤེས་རམས་པ་ཆེན་མོ་ངོ་ཚར་གཏད་པ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : མགོན་པོ་སྐྱབས་ཀྱིས་བསྒྱུར།   སྤེལ་དུས། : 2021-05-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

སྔོན་གྱི་དུས་སུ། སོལ་བ་འཚོང་མཁན་གྱི་རྒན་པོ་ཞིག་གིས་བསྲེགས་མ་ཐག་པའི་སོལ་བའི་རྡོག་ཁྲེས་ཁུར་ཏེ་ཚོང་འདུས་ཁྲོམ་རར་ཕྱིན། ནམ་ཟླ་ཅུང་འཁྱག་ནའང་། སོལ་འཚོང་རྒན་པོས་ཁྲེས་པོ་ལྗིད་མོ་ཁུར་ཡོད་སྟབས་རྔུལ་ཆུ་ཤམ་ཤམ་བཞུར་གྱིན་འདུག ཁོའི་གདོང་ལ་དུ་ཞག་དང་ས་རྡུལ་གྱིས་ཁེངས་པའི་ཁར་རྔུལ་ཆུ་ཤམ་ཤམ་དུ་བཞུར་ཙ་ན། ངོ་གདོང་ནི་ཁྲ་ཁྲ་རྒྱ་འབག་ཞིག་དང་ཀུན་ནས་མཚུངས་པར་གྱུར། སོལ་འཚོང་རྒན་པོས་ཀྱང་རང་གི་ངོ་གདོང་ལ་རྡུལ་གྱིས་ཁེངས་ཏེ་མི་མཛེས་པ་ཤེས་ན་ཡང་། ཚོང་འདུས་ཁྲོམ་རར་ཐོན་པར་རྔམ་ཞིང་བྲེལ་སྟབས་ངོ་གདོང་གཙང་མ་ཞིག་ཕྱི་ཁོམ་ཡང་མ་བྱུང་བར་མགོ་བོ་ནང་དུ་བསྒུར་ཏེ་སྔར་བཞིན་ལམ་ལ་ཆས།

“འབྲི་ཆུའི་ལྷོ་རྒྱུད་ཀྱི་ཤེས་རམས་པ་ཨང་དང་པོ”ཡིན་ཟེར་མཁན་གྱི་དཔེ་ཆ་པ་རྒན་པ་ཞིག་ཀྱང་ཚོང་འདུས་ཁྲོམ་རར་ཅ་ལག་ཉོ་བར་ཡོང་། རླུང་ཆེན་པོ་ལྡང་བཞིན་ཡོད་པས། དཔེ་ཆ་པ་རྒན་པ་དེས་ཞྭ་མོ་གྱོན་ཞིང་སྐེ་དཀྲིས་དཀྲིས་ཏེ་མགོ་བོ་བསྒུར་ནས་མདུན་དུ་སྐྱོད་ཀྱིན་འདུག སོལ་འཚོང་རྒན་པོ་དང་ཤེས་རམས་པ་རྒན་པ་གཉིས་མཉམ་དུ་འཕྲད་པ་དང་། སོལ་འཚོང་རྒན་པོའི་འདེགས་ཤིང་གིས་དཔེ་ཆ་པ་རྒན་པར་ཐུག་ཙམ་བྱས། དཔེ་ཆ་པ་རྒན་པ་དེས་རང་གི་གམ་དུ་ངོ་གདོང་ནག་ཅིང་རྔུལ་ཆུ་འཛར་བའི་སོལ་འཚོང་རྒན་པོ་ཞིག་གིས་རང་གི་ལྭ་བ་བརྫད་དེ། གོས་ལྭ་གཙང་མའི་སྟེང་ནག་ཐིག་ཅིག་འདུག་པ་མཐོང་འཕྲལ། ཁོང་ཁྲོའི་ངང་སོལ་འཚོང་མཁན་དེར་གླེན་རྒན་ཞེས་སྡིགས་མོ་བྱས། སོལ་འཚོང་རྒན་པོས་ཀྱང་གཉོམ་ཅི་ཡང་མི་འཁུར་བའི་ཚུལ་གྱིས་ཕྱི་རྫིག་ནང་སྟོང་གི་མི་ཆུང་ཞེས་གཤེ་ཚིག་གིས་ཨ་ལན་ལྡོན་པས། ཕྱོགས་གཉིས་ཁ་འཛིང་བྱུང་།

དཔེ་ཆ་པ་རྒན་པ་དེས “ང་ནི་གཙང་ལྷོའི་ཤེས་རམས་པ་དང་པོ་དེ་ཡིན་ཞིང་། གླེན་རྒན་ཁྱོད་འདྲ་བས་མིག་གིས་ལམ་ཡང་མི་ཟིན་པར་ང་དང་རྡུང་ཁ་བརྒྱབ་སྟེ་ཤེས་ཡོན་པ་ངའི་ལྭ་བ་ཡང་བཙོག་པོར་བཟོས་སོང་། ཐ་ན་དགོངས་དག་ཅིག་ཀྱང་ཞུ་རྒྱུ་ཕར་ཞོག ད་དུང་ང་ལ་གཤེ་བའི་གནས་ལུགས་ཤིག་གང་ན་ཡོད”ཅེས་གཤེ་གཤེ་ཆེན་པོ་བཏང་།

སོལ་འཚོང་རྒན་པོས་ཕྲག་གི་རྡོག་ཁྲེས་སར་བཞག་སྟེ། གདོང་གི་རྔུལ་ཆུ་ཕྱིས་རྗེས། ངག་འཇམ་པོས“སྐུ་ཞབས་རྒན་པ་ལགས། ཉིད་ཀྱི་ཕྲག་པར་ཁྲེས་པོ་ཁུར་མེད་ཅིང་། ལག་ཏུ་ཅ་ལག་སོགས་གང་ཡང་བཟུང་མེད་སྟབས། རྒད་པོ་ངས་རྡོག་ཁྲེས་ཁུར་ཡོང་བ་མཐོང་བར་ཉིད་ཀྱིས་གོམ་བཤོལ་ཞིག་བྱས་ན་འོས་པར་འདུག”ཅེས་བཤད།

དཔེ་ཆ་པ་རྒན་པ་དེས་སོལ་འཚོང་རྒན་པོའི་གདོང་ལ་མཛུབ་མོ་འཛུགས་བཞིན “ ཧུན…… ཁྱོད་ཀྱིས་དཔེ་ཆ་པ་ང་ལ་གོམ་བཤོལ་བྱོས་ཟེར་སྲོལ་གང་ན་ཡོད། ཁྱོད་ལ་ད་རུང་དེའི་ཐོབ་ཐང་མེད། ཁྱོད་ཀྱིས་ངའི་ལྭ་བར་སྐྱིན་ཚབ་སྤྲོད་དགོས”ཞེས་བཤད།

དེ་མུར་སོལ་འཚོང་རྒན་པོས་རྡོག་ཁྲེས་ཕྲག་ཏུ་ལེན་ཞོར “རྒད་པོ་ངས་རྡོག་ཁྲེས་ལྗིད་མོ་ཁུར་ཡོད་པས་ཅིའི་ཕྱིར་ཁྱོད་ལ་ལམ་ཕྱེ་དགོས་པ་ཡིན། ཁྱོད་ཀྱི་ལྭ་བར་ཡང་སྐྱོན་ཅི་ཡང་བྱུང་མེད་པར་ཅིའི་ཕྱིར་སྐྱིན་ཚབ་འཇལ་དགོས་པ་ཡིན”ཞེས་ཁོང་ཁྲོ་དང་བཅས་བཤད།

ལམ་འགྲོ་པ་དག་གིས་ཁོ་གཉིས་ཀྱིས་ཁ་འཛིང་བྱེད་བཞིན་པ་མཐོང་སྟེ “སྐུ་ཞབས་རྒན་པ་རྣམ་གཉིས་ལགས། ཁྱེད་གཉིས་ལ་སོ་སོའི་གནས་ལུགས་ཡོད་པས་ཁ་འཛིང་མི་བྱེད་རོགས། ཁྱེད་གཉིས་ཀྱིས་ཐད་ཀར་ཆ་ཚིག་སྒྲིག་རེས་ཀྱི་འགྲན་སྡུར་ཞིག་བྱས་ཏེ། འགྲན་ཕམ་བྱུང་མཁན་དེས་དགོངས་དག་ཅིག་ཞུས་ཤོག”ཅེས་བཤད་དེ་ཁོ་གཉིས་ལ་གཟུ་ལྟ་བུ་ཞིག་བྱས།

དེ་མ་ཐག་དཔེ་ཆ་པ་རྒན་པར་མཁས་རློམ་ཞིག་ཐོལ་གྱིས་སྐྱེས་ཤིང་། སེམས་སུ་ཆ་ཚིག་བསྒྲིག་རྒྱུ་ནི་རང་ཉིད་ཆེས་འཇོན་པའི་རྩེད་མོ་དེ་ཡིན་པ་དང་། རང་ཉིད་ནི་ངེས་དོན་གྱི་གཙང་ལྷོའི་ཤེས་རམས་པ་དང་པོ་དེ་ཡིན་པས། སོལ་འཚོང་པ་གླེན་རྒན་ཞིག་གི་དོ་ཟླར་མི་ཡོང་བའི་དཔེ་ནི་མི་སྲིད་སྙམ་བཞིན། ང་རྒྱལ་གྱི་མགོ་བོ་གཟེངས་སུ་བཏེགས་ཏེ་ལམ་ཆེན་ཕྱོགས་སུ་སྟོན་ཞོར།

“ལམ་ཆེན་གཅིག་གིས་ལྷོ་བྱང་ཆོད། །”ཅེས་བསྙད།

སོལ་འཚོང་རྒན་པོས་དེ་མུར་སྲང་ལམ་ངོགས་གཉིས་ཀྱི་ཚོང་ཁང་ཆུང་བ་དེ་སྟོན་ཞོར།

“གཞོགས་གཉིས་ཚོང་ཁང་འདུ་འཛིས་བྲེལ། ། ”ཞེས་ཆ་ཚིག་གི་ལན་ལྡོན།

ཤེས་རམས་པ་ཆེན་པོ་དེས་དངན་པ་རིང་མོ་ཞིག་འཐེན་ཞོར། མ་བསམ་ས་ནས་མི་ཕོ་དཀྱུས་མ་འདིས་ཆ་ཚིག་གི་དོ་བསྒྲིགས་པ་འདི་འདྲའི་སྐྱེན་ཞིང་། འདི་འདྲའི་འཕལ་འཕྲོད་པ་ཞིག་རེད་ཨང་སྙམ་བཞིན། རེ་ཞིག་ལ་ཨ་ལན་ཅི་ཞིག་སྤྲོད་དགོས་པའང་མ་ཤེས་པར་ལུས།

སོལ་འཚོང་རྒན་པོས་ཚུལ་འདི་མཐོང་འཕྲལ“སྐུ་ཞབས་རྒན་པའི་ཁོག་པར་གཞུང་དང་རིགས་པས་གང་ཡོད་པ་ཞིག་ཡིན་ན། རྒད་པོ་ང་ལའང་ཆ་ཚིག་ཅིག་འདུག་སྟེ། འདྲི་ཆོག་མིན་ནི་མི་ཤེས”ཞེས་བཤད།

དཔེ་ཆ་པ་རྒན་པས་སོལ་འཚོང་རྒན་པོས་ཆ་ཚིག་དྲངས་ནས་རང་ཉིད་ལ་ཉམས་ཚོད་ལེན་པའི་ཚུལ་མཐོང་འཕྲལ། ཁོང་འཛུམ་ཞིག་འཆོར་ཞོར“མི་ཆོག་རྒྱུ་ཅི་ཞིག་ཡོད། ག་ལེར་གློད་ཤོག”ཅེས་རང་རློམ་གྱིས་བཤད།

སོལ་འཚོང་རྒན་པོས་རང་གི་རྡོག་ཁྲེས་ཀྱི་སོལ་བ་དང་གམ་གྱི་ཚྭ་འཚོང་ཁང་གི་ཚྭ་གཉིས་སྟོན་ཞོར་སྐད་གསང་མཐོན་པོས“སོལ་ནག་གཏོང་ཞིང་ཚྭ་དཀར་ལེན། ། ཀུན་ཀྱང་རི་ཆུའི་ཟོག་ཏུ་ངེས། ། ”ཟེར་བ་ན།

དཔེ་ཆ་པ་རྒན་པས་རགས་བསྡུས་ཤིག་ཉན་ཞིང་། ཚིག་སྐམ་ཞིག་ཡིན་པར་འདོད་མོད། བསམ་བློ་ཞིབ་མོ་ཞིག་བཏང་རྗེས། འདི་ནི་ལྟོས་མེད་ཅིག་འདུག་སྟེ། རང་གི་ཡོན་ཚད་འདི་ཙམ་གྱིས་དུས་ཚོད་ཐུང་ངུའི་ནང་ཚིག་ལན་ཞིག་ག་ནས་ལྡོན་ཐུབ་བམ་སྙམ་བཞིན། དཔྲལ་བའི་དབྱེས་སུ་རྔུལ་ཆུ་ཁད་ཀྱིས་ཐོན་ཞོར“འདི……འདི………”ཞེས་ངག་ནས་ཟློ་བཞིན་བྱ་ཐབས་ཟད།

མཐའ་འཁོར་གྱི་མི་རྣམས་ཀྱིས་དཔེ་ཆ་པ་རྒན་པ་རེ་ཞིག་འུ་ཐུག་པའི་བཟོ་ལྟ་མཐོང་བ་ན། དེ་འཕྲལ་མི་ཚོགས་ཀྱི་ཁ་ནས།“ཨ་ཙི། ཆ་ཚིག་འདིར་དཔེ་ཆ་པ་རྒན་པས་ཀྱང་དོ་ཡ་མི་ལོན་ཨང”ཟེར་ཞོར་འུར་ཟིང་ངེར་གྱུར། དཔེ་ཆ་པ་རྒན་པ་དེས་ཕམ་ཁ་ཡེ་ནས་ཁས་མི་ལེན་པར་མ་ཟད། ངོ་ཚར་ཡང་མི་འཛེམ་པར“འདི་ནི་སོལ་འཚོང་རྒད་པོ་འདིས་གཞན་ལས་བརྐུས་པའི་གནའ་རབས་ཀྱི་ཆ་ཚིག་ལྟོས་མེད་ཅིག་སྟེ། ངའི་དགེ་རྒན་མ་གཏོགས་སུས་ཀྱང་དོ་ཡ་ལོན་མི་སྲིད”ཅེས་བཤད།

སོལ་འཚོང་རྒན་པོས་ཁོའི་སྐད་ཆ་དེར་ཉན་ཞོར་དགོད་ཙམ་བྱས་ཏེ“དེས་ན་ང་རང་ཁྱོད་ཀྱི་དགེ་རྒན་བྱ་འོངས”ཞེས་སྐད་གསང་མཐོན་པོས།“ཚང་ཚིང་འཁྲིགས་ཤིང་ལོ་ལེགས་སྨིན། ། སྔོ་སེར་རེ་ཁ་དཔྱིད་དང་སྟོན། །”ཞེས་བཟློས།

དཔེ་ཆ་པ་རྒན་པས་སོལ་འཚོང་པའི་ཆ་ཚིག་དེ་ཐོས་འཕྲལ་ཨེན་ཙམ་གྱིས་ས་ལ་འགྱེལ། སེམས་སུ་རྒད་པོ་འདི་དངོས་གནས་རང་ག་བ་ཞིག་མིན་ཏེ། འདི་འདྲའི་ལྟོས་མེད་ཀྱི་ཆ་ཚིག་ལའང་ཡ་ལན་སྤྲོད་ནུས་པར་འདོད་ཀྱང་། སེམས་ནས་མི་བཟོད་པ་དང་ཡེ་ནས་ཁས་མི་ལེན་པར་མཐོང་ཆུང་དང་བཅས “དེ་ཉིད་སྟབས་འགྲིག་སོང་བ་ཡིན་པས་མཚར་རྒྱུ་ཅི་ཡང་མི་འདུག”ཅེས་བཤད།

སོལ་འཚོང་རྒན་པོས་དགོད་ཞོར་དུ“དེ་སྟབས་འགྲིག་སོང་ན་ཆོག འོ་ན་ངས་ཁྱོད་ལ་མི་སྣའི་ཆ་ཚིག་ཅིག་བཤད་ན་ཅི་འདྲ་འདུག”ཅེས་བཤད།

དཔེ་ཆ་པ་རྒན་པས་སྐད་ཆ་དེ་ཐོས་མ་ཐག བློ་ཚིམ་པའི་ངང་གནའ་དེང་གི་མི་སྣ་གྲགས་ཅན་སུ་ཡིན་ཡང་མི་ཤེས་པ་མེད་སྟབས། རང་ཉིད་ལ་ཁག་པོ་བཟོ་མི་ནུས་པར་སྙམ་སྟེ“ལོས་ཆོག འུ་གཉིས་ཀྱིས་མི་སྣའི་ཆ་ཚིག་བསྒྲིག་ཡོང”ཞེས་བཤད།

དེ་ནས་སོལ་འཚོང་རྒན་པོས་གསང་མཐོན་པོས“ཀྲང་ཧྥེ་དཔའ་ཞིང་ཡུའེ་ཧྥེ་གློ་བ་དཀར། ཧྥེ་མིང་ཟུང་གཅིག་སྙན་པའི་གྲགས་པ་རིང་།”ཞེས་བསྙད།

དཔེ་ཆ་པ་རྒན་པས་སྨ་རར་བྱིལ་བྱིལ་གཏོང་ཞོར་ཡུན་རིང་ལ་འདང་བརྒྱབ་ཅིང་། མ་ནེའི་འགབ་ཀྱི་སྨ་ར་དེ་བྱིལ་ནས་བཏོག་ལ་ཁད་བྱས་ཀྱང་ཆ་ཚིག་དེའི་དོ་ཡའི་ཨ་ལན་ཞིག་ལྡོན་མ་ནུས་པར། དཔྲལ་བ་དང་ཟ་འགྲམ་དུ་ངོ་ཚའི་རྔུལ་ཆུ་ཞིག་ཐོལ་གྱིས་འཛུམ།

སོལ་འཚོང་རྒན་པོས་འུ་ཐུག་ཐབས་ཟད་དུ་གྱུར་པའི་དཔེ་ཆ་པ་དེ་མཐོང་སྟེ། བློ་ཚིམ་པའི་འཛུམ་མདངས་དང་བཅས “སྐུ་ཞབས་རྒན་པ་ལགས། གལ་ཏེ་ཁྱོད་ཀྱིས་ཆ་ཚིག་འདིའི་དོ་ཡ་མི་ལོན་ན། ངས་ཁྱོད་ལ་བསླབ་ཡོང་། ‘ཞང་ཡུས་དགྲ་ལ་དམན་ལྟ་ཀོན་ཡུའུ་དྲེགས། ། ཡུའུ་མིང་ཟུང་གཅིག་བསྐལ་པའི་བསླབ་བྱར་ཆེ། །’”ཞེས་བསྙད།

སོལ་འཚོང་རྒན་པོས་དེ་ལྟར་བསྙད་མ་ཐག དཔེ་ཆ་པ་རྒན་པའི་སེམས་སུ།སྐབས་འདིར་རང་མཚང་རང་གིས་བྲུས་པའི་ཚོར་བ་ཞིག་སྐྱེ་བཞིན། བློ་ལའང་མ་ཤར་བ་ཞིག་ལ་རང་ཉིད་མ་གཞིར་ཆེས་སྤྱིར་བཏང་གི་སོལ་འཚོང་པ་ཞིག་དང་འགྲན་ཕམ་བྱུང་བ་ཤེས་ཏེ། སྐད་ཆ་ཚིག་གཅིག་ཀྱང་བཤད་མ་ཕོད་པར་ཁ་རོག་གེར་བྲེལ་འཚུབ་ཀྱིས་མི་ཚོགས་དང་བྲལ་ལོ། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།