ཀྲུང་གོ་བོད་ཀྱི་དྲ་བ།

ཆར་སྒྲར་ཉན་པ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : ཅི་ཞན་ལིན་གྱིས་བརྩམས་ཤིང་སྐལ་བཟང་སྒྲོལ་མས་བསྒྱུར།   སྤེལ་དུས། : 2021-01-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ནངས་སྔ་མོ་ནས་ཆར་བ་བབས་བྱུང་། སྤྱིར་ཆར་འབབ་པ་ནི་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་ཡིན་ཡང་།འདི་ནི་དཔྱིད་ཆར་ཡིན་པས་དམིགས་བསལ་གྱི་ཁྱད་ཆོས་དང་ནུས་པ་ཞིག་ཡོད་ངེས། དེ་བས་ངག་རྒྱུན་ལའང་དཔྱིད་ཀའི་ཆར་ནི་སྣུམ་ཞག་འདྲ་ཟེར། ད་དུང་ཐན་པའི་སྐབས་འདི་འདྲ་ཞིག་ལ་ཁེལ་བས།དེའི་རིན་ཐང་ནི་སྨོས་མ་དགོས་པ་ཞིག་རེད།

རླན་གཤེར་གྱི་སྒྲ་ནི་རྣ་བས་ཐོས་པ་དཀོན་ཞེས་པ་བཞིན། དཔྱིད་ཆར་གྱི་ཤག་སྒྲ་ཤིན་ཏུ་ཆུང་བས། རྣ་བས་ཐོས་དཀའ་བའི་ཚོད་ཡིན། འོན་ཀྱང་ང་ནི་ཁང་པའི་རྣམ་པ་ཅན་གྱི་རབ་གསལ་ཞིག་ཏུ་ཡོད་ཅིང་། ཁང་ཀླད་ནི་ཤིན་ཏུ་སྲབ་པའི་ལྕགས་ལེབ་ཅིག་གིས་བཀབ་ཡོད་པས།བྱ་གཡབ་ཀྱི་ཆུ་བཞུར་ནས་ལྕགས་ལེབ་ཀྱི་སྟེང་དུ་ཕོག་ཚེ་སྒྲ་ཆེན་པོ་ཞིག་གྲགས། སྤྱིར་ངས་གནས་འདི་ནས་གོ་དཀའ་བའི་ཡིག་རིས་དག་གི་ནང་དོན་ལ་བསམ་བློ་ཞིབ་ཏུ་གཏོང་དགོས་པས།ཆེས་ལྷིང་འཇགས་ཀྱི་ཁོར་ཡུག་ཅིག་དང་ཆེས་ཞི་འཇགས་ཀྱི་སེམས་ཁམས་ཤིག་གི་འོག་ནས་ད་གཟོད་གནམ་ཡིག་ལྟ་བུའི་ཡིག་ཆ་འདི་དག་གི་དོན་དཀྲོལ་ཀློག་གི་ལས་ལ་འཇུག་དགོས། དེ་བས་ཆར་ཆུས་ལྕགས་ལེབ་ལ་བརྡབས་པའི་སྒྲ་དེ་ནི་ང་ལ་མཚོན་ན་རྣ་ལ་ཆེས་གཟན་དགོས་པ་ཞིག་ཡིན་མོད། འོན་ཀྱང་། དེ་ལས་ལྡོག་སྟེ་ཁང་ཀླད་ཀྱི་ཆར་སྒྲ་དེ་མེད་པ་ལས་ཡོད་པར་འདོད་ཅིང་།ངའི་སེམས་སུ་དེ་ནི་བྱིན་རླབས་ཀྱི་གྲུ་ཆར་འཐུང་བ་དང་གསང་དབང་གི་བུམ་ཆུར་རེག་པ་དང་འདྲ་བར་དགའ་བའི་ཚོར་བ་ཟད་དུ་མེད་དོ། །

ཆར་སྒྲ་དེ་ལན་རེར་དལ་ལ་སྐབས་རེར་མགྱོགས། སྐབས་རེར་མཐོ་ལ་ལན་རེར་དམའ། སྐབས་རེར་བར་མེད་དུ་ཐོས་ལ་སྐབས་རེར་འབབ་མཚམས་འཇོག ད་དུང་ཁུ་བྱུག་གི་མགྲིན་དབྱངས་ལྟར་སྙན་ལ།ལྷ་ཡི་རྔ་ཆེན་ལྟར་ལྡིར། མུ་ཏིག་གི་རྡོག་པ་རེ་རེ་གསེར་གྱི་སྡེར་མར་ལྷུང་བའི་སྒྲ་དང་འདྲ་ལ། བྱུ་རུའི་ཕུང་པོ་རེ་རེ་ཆུའི་སྟེང་དུ་ནུབ་པ་དང་ཡང་མཚུངས། གཞན་པི་ཝང་གི་རྒྱུད་སྐུད་དཀྲོལ་བའི་རྗེས་སུ་འགྲོ་ཞིང་།གཡུ་འབྲུག་གི་གནམ་ལྕགས་འཕེན་པའི་ཚུལ་ལ་སྙེག སྐབས་ལ་ལར་བྱ་བརྒྱའི་གསུང་སྐད་བཞིན་སྣ་ཚོགས་སུ་གྲགས་ལ།སྐབས་ལ་ལར་རི་བོང་གི་སྟངས་སྟབས་བཞིན་མྱུར་འགྲོས་ཀྱིས་འཇུག ངའི་སེམས་སུ་དྲན་རྟོག་སྣ་ཚོགས་འགྲན་པ་བཞིན་ཁོང་ནས་བརྡོལ་བས། རང་སེམས་བཀག་རྒྱ་ལས་གྲོལ་ཏེ་བེམ་རོ་ལྟ་བུའི་ཡི་གེ་དག་ལ་ཚེ་སྲོག་སྩོལ་བའི་རྣམ་དཔྱོད་དང་སྤོབས་པ་རྒྱས། ང་ཡང་ལང་ཚོའི་གསོན་ཤུགས་ཀྱིས་ཀུན་ནས་བརྟས། སྤྱིར་ང་རང་འདི་ལྟ་བུའི་བསམ་བློའི་ཚད་རིམ་མཐོན་པོ་ཞིག་ལ་སླེབས་མ་མྱོང་།ཚུལ་དེ་ལྟ་བུ་གཞན་ལ་གླེང་བ་ནི་ལྟ་སྨོས་ཀྱང་ཅི་དགོས། ཀྲུང་གོའི་གོམས་སྲོལ་ལྟར་ན་ཆར་སྒྲ་ལ་ཉན་པ་ནི་བསམ་བློའི་ཚད་རིམ་མཐོན་པོ་དག་གི་ལས་སུ་སྣང་ལ། ངས་རང་ཉིད་ཚད་རིམ་དམའ་མོའི་གྲས་སུ་བལྟས་མེད་མོད། འོན་ཀྱང་ཚད་གཞི་མཐོན་པོར་སླེབས་པའི་མི་ཞིག་ཡིན་ཞེས་ཀྱང་སྨྲ་བར་མི་སྤོབས། དེ་བས་ང་ནི་བསམ་བློའི་ཚད་རིམ་བར་མ་དོ་རུ་གནས་པའི་མི་ཞིག་རེད་འདོད། ཀྲུང་གོའི་གནའ་རབས་ཀྱི་སྙན་རྩོམ་ཁྲོད་ཆར་སྒྲར་ཉན་པའི་བརྩམས་ཆོས་མང་དུ་འབྱུང་ལ།ཕྱི་རྒྱལ་གྱི་བརྩམས་ཆོས་ཁྲོད་དེའི་སྐོར་ཤིན་ཏུ་ཉུང་།ངའི་གྲོགས་པོ་ཀྲང་ཡོན་གྱིས་ཁོའི་ནུ་བོའི་སྙན་ངག་ཕྱིར་དྲན་བྱེད་སྐབས། རྨི་ལམ་བར་ནས་དཔྱིད་རྫིང་མཐོང་ན་སྙན་པའི་ལྷ་མོ་མགྲིན་པར་ཞུགས། ། མཚན་གྱི་ཆར་སྒྲ་ཐོས་པའི་མོད་ལ་མཐུན་པའི་གྲོགས་དང་བགྲོ་བ་དྲན། །ཞེས་པར་སྙན་ངག་གི་རོ་ཉམས་ཅི་བས་ཆེ།ཐོག་ཁང་དམར་པོའི་རྨི་ལམ་དུ་ལེན་ཏའེ་ཡུས་ཀྱང་ལི་ཡུས་ཧྲན་གྱི། ཆུ་སྐྱེས་འདབ་མས་ཆར་བའི་སྒྲ་ལ་ཉན།ཞེས་པའི་ཚིག་ལ་དགའ་ཚུལ་བཤད་ཡོད་པ་དང་། དེ་དག་ལས་ཆེས་སྙན་པར་གྲགས་པ་ནི་སུང་རྒྱལ་རབས་སྐབས་ཀྱི་ཅང་ཅེ་ཡི་སྙན་ངག་ཚན་པ་དེ་རེད། དེར་ཚིག་ཚོགས་ཉུང་བས་འདིར་ཆ་ཚང་བར་བཀོད་ན།

གཞོན་དུས་ཁང་བརྩེགས་མཐོན་པོའི་ཡང་སྟེང་ནས། །སྦྲང་ཆར་ས་ལ་རེག་པའི་སྒྲ་སྙན་དག ། ཐོས་ཚེ་མག་མོག་འོད་ཀྱི་བར་གསེང་ནས། ། དར་གྱི་གཟིམ་ཡོལ་སྐྱོད་ལ་ཡིད་དབང་ཤོར། །དར་མའི་དུས་སུ་བྱེས་ཀྱི་གྲུ་ཆུང་སྟེང་། །ཆར་སྒྲ་ཐོས་སྐབས་གཙང་པོའི་ངོས་དག་ཏུ། །འཁྲེང་སེམས་རྒྱ་ལ་ཚུད་པའི་ཁྲུང་ཁྲུང་ཞིག །ནུབ་རླུང་ཁྲོད་དུ་སྐྱོ་བའི་སྐད་ཀྱང་སྒྲོག །ད་ལྟ་རྒ་བའི་ཆོས་ཀྱིས་མནར་བའི་ཚེ། །སྐྲ་ལོ་དུང་ལྟར་དཀར་བའི་རྒས་ཉམས་བཅས། །གྲོགས་མེད་གཅིག་པུར་གྲྭ་ཤག་སྐྱ་བོ་རུ། །ཆར་བའི་སྒྲ་དག་རྣ་ལ་བར་མེད་ལྷུང་། །དགའ་སྐྱོ་འདུ་བྲལ་ཟློག་མེད་ཆོས་ཉིད་ལ། །ལེགས་པར་བསམ་ན་སྐྱོ་བ་སངས་དུས་མེད། །དེ་ཕྱིར་ཆར་སྒྲའི་རྒྱུན་ནི་མ་ཆད་པར། །སངས་ཉིན་སྐྱ་རེངས་དུས་སུའང་འཇགས་མེད་ཤོག །

ཅང་ཅེ་ཡིས་ཆར་སྒྲར་ཉན་པའི་སྐབས་ཀྱི་སེམས་ཁམས་ནི་ཆེས་རྙོག་འཛིང་ལྡན་པ་ཞིག་རེད། ཁོས་ཆར་སྒྲར་ཉན་པའི་དོན་དེ་ལས་རང་གི་མི་ཚེ་ལ་སྤྱི་སྡོམ་བྱས་ཡོད། གཞོན་པ་ནས་རྒས་དུས་ཀྱི་ལྡོག་ཏུ་མེད་པའི་དགའ་སྐྱོ་འདུ་འབྲལ་གྱི་ཆོས་ཉིད་ལ་ངེས་ཤེས་སྐྱེས་པའི་བསམ་བློའི་ཚད་རིམ་མཐོན་པོར་སླེབས་ཡོད། རྒན་པ་ཞེས་པར་གནའ་དེང་གཉིས་ཀྱི་གོ་བ་ལེན་སྟངས་མི་འདྲ། སྙན་ཚིག་ལས་ཁོ་ནི་སྐྲ་ལོ་ཅུང་ཟད་དཀར་པོར་གྱུར་ཅིང་ལོ་ན་ལྔ་བཅུ་ཙམ་ལ་སོན་པའི་མི་ཞིག་ཡིན་པ་རྟོགས། དེང་སྐབས་ཀྱི་གཞལ་མཚམས་ལྟར་ན་རྒན་པ་དང་དར་མའི་བར་དཀྱིལ་དུ་གནས་པ་ཙམ་མོ། ། ཁོའི་གནས་བབ་དེ་ངའི་སྟེང་ནས་བཤད་ན། ང་ནི་ལོ་ན་དགུ་བཅུར་ཉེ་བའི་རྒན་པོ་ཞིག་ཡིན་ལ། སྐྲ་ལོ་ཡོད་ཚད་ཀྱང་སྔ་མོ་ནས་དཀར་པོར་གྱུར་ཚར།དེ་བས་མི་ཚེའི་ཆོས་ཉིད་ལ་སྤྱི་སྡོམ་བྱེད་ན།ང་ནི་ཁོ་ལས་འོས་ཆེ་བ་ཞིག་ཏུ་མཐོང་།

དེ་རིང་ཆར་སྒྲ་ཐོས་པ་ལ་བརྟེན་ང་རང་སྤྲོ་སྣང་ཆེན་པོས་བརྟས་པ་ཅི་ལགས་ཞེ་ན། ངས་ནི་སྙན་ངག་པ་ཅང་ཅེ་བཞིན་བསམ་བློའི་ཚད་རིམ་ཆེས་མཐོན་པོ་ཞིག་གི་སྟེང་ནས་བྱ་དངོས་ལ་བསམ་གཞིག་བྱེད་པ་མིན་ཏེ། ཆར་བ་འདི་ལས་ངའི་སེམས་ངོར་འཆར་བ་ནི་མཐའ་ཡས་པའི་ཞིང་ཐང་ན་སྐྱེས་སྟོབས་ཀྱིས་ཕྱུག་པའི་ལྗང་སྨྱུག་དག་ཡིན།ང་རང་སྐྱེ་ས་ཞིང་གྲོང་ཡིན། ལོ་དྲུག་གི་སྟེང་སྐྱེ་ཡུལ་དང་ཁ་བྲལ་བས།ཞིང་པའི་ལས་ཀ་མང་པོ་ལས་མྱོང་མེད་ནའང་། སྙེ་མ་འཐུ་བ་དང་སྲན་མ་འཐུ་བ། རྩྭ་སྔོན་འབྲེག་པ་དང་མ་རྨོས་ལོ་ཏོག་གི་ལོ་མ་གཤག་པ་སོགས་ལས་མྱོང་། ངའི་ལུས་སྟེང་ན་བཞུར་བ་ནི་ཞིང་པའི་ཁྲག་རྒྱུན་ཡིན། ང་རང་སྐྱེས་ནས་རྒས་ཤིང་ཁོག་པའི་བར་དུའང་ཞིང་པ་དང་ཞིང་གྲོང་ལ་བརྩེ་བ་ཟབ་མོ་ཞིག་བཅངས་ཡོད། ཞིང་པར་མཚོན་ན་ནམ་རྒྱུན་རེ་ཞིང་སྒུག་པ་ནི། འབྲུ་རིགས་མང་པོ་བསྡུ་རྒྱུ་དེ་ཡིན། འབབ་ཞོད་མེད་ན་ལོ་ཏོག་ལ་གནོད་པ་ཡོད། ང་གྲོང་ཁྱེར་ན་ཡོད་ཀྱང་། ཆར་བ་འབབ་ཚུལ་ཉུང་ན་སྤྲིན་གྱི་རྒྱུ་ཕྱོགས་ལ་བལྟས་ནས་ང་རང་བློ་འཚུབ་ཆེན་པོ་ལངས་ངེས། སྤྱིར་དཔྱིད་ཀྱི་དུས་སུ་བྱང་ཕྱོགས་སུ་ཆར་འབབ་པ་ཉུང་། ད་ལོ་ནི་ཐན་པ་ཚབས་ཆེ་བའི་ལོ་ཞིག་ཡིན་པ་འདྲ། དེ་བས་ངས་རྒྱུན་དུ་གནམ་གཤིས་གནས་ཚུལ་ལ་ཉན་བཞིན་རྒྱུན་པར་སྤྲིན་གྱི་འདུ་འགོད་ལ་དཔྱད་པ་བཏང་། སེམས་ཚེགས་ཅི་འདྲ་ཆེ་ཡང་དེ་ལ་བྱ་ཐབས་ཅི་ཡོད། ངའི་རྨི་ལམ་གྱི་བང་རིམ་ནའང་གསལ་ལྷང་ངེར་མངོན་པ་ནི་ཟམ་ཟིམ་དུ་འབབ་པའི་ཆར་བ་རེད། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།