ཆུང་མ།
སྙིང་ཉེ་ལགས། ང་སྔུན་ལ་འགྲོ་དགོས་བྱུང་སོང་།
ལམ་རྐེད་འདིར་ཁྱེད་རང་སྐྱུར་དུས།
བདག་གི་ཡ་ཆུང་གདུང་བས་གཟེར།
དྲང་མོར་བཤད་ན།
ངས་དངོས་གནས་ཁྱེད་རང་བློས་གཏོང་མི་ཐུབ་ལ།
ང་རང་ཉིད་ཀྱང་ངོ་མ་འགྲོ་མི་འདོད་ཨང་།་་་་
ཁྱོ་བོ།
སྙིང་ཉེ་ལགས།
བདག་གི་མགོ་བོ་གཅོད་དགོས་ཐུག་ཀྱང་།
དོན་དག་འདི་བདེན་པ་ཡིན་པར་ཡིད་ཆེས་བྱེད་མི་འདོད།
བློ་ཡུལ་ལས་འདས་པ་ཞིག་ལ།
ཁྱོད་དངོས་ནས་ཕྱིར་ཡོང་མེད་པར་བུད་སོང་།
དེ་ནི་གཡའ་དྭགས་ཀྱི་ནམ་མཁའ་ནས་སྤྲིན་མེད་པར་ཐོག་འཕེན་པ་ལྟར།
ང་དངོས་གནས་ཧོན་འཐོར་དུ་བཅུག་སོང་།་་་་་་་
ཆུང་མ།
ད་ལྟ། ངས་ཉི་མ་རེ་རེ་བཞིན་ཁྱེད་ལ་ཟ་མ་སྐོལ་ཞིང་ལྭ་བ་བཀྲུས་བ་དེ་ཇི་འདྲའི་དྲན་པ་ལ།
བློ་གཅིག་སེམས་གཅིག་གིས།
ཁྱེད་དང་མཉམ་དུ་མགོ་དཀར་སོ་འཐོར་གྱི་ཚེ་གཅིག་རོལ་ན་བསམ་ཡོད།
ལོ་ན་རྒས་ཚེ།
མཉམ་དུ་འདྲ་པར་རྙིང་བ་དག་ཕར་བསློག་ཚུར་བསློག་བྱས།
མཉམ་དུ་རྒོངས་ཀའི་ཉི་མ་ག་ལེར་ག་ལེར་རི་ལ་ནུབ་པར་བལྟ་འདོད་ཡོད་ཡ། ་་་
ལམ་རྐེད་འདིར་ཁྱེད་རང་བསྐྱུར་དུས།
ཇི་འདྲའི་བཟོད་དཀའ་བ་ལ་ཨང་།
ཁྱོ་བོ།
སྙིང་གི་ཚི་ལུ་ལགས།
ཁྱེད་རང་སྨན་ཁང་དུ་བསྐྱལ་རྗེས།
ཚོར་བ་ཞིག་ལ་ཁྱིམ་ཚང་འདིའི་ཡོད་ཚད་སྟོང་བར་གྱུར།
ཁྱེད་ཀྱི་ཡུས་བརྗོད་མེད་པར་གྱུར།
ཁྱེད་རང་ལས་ལ་བྲེལ་བའི་སྣང་བརྙན་མེད་པར་གྱུར།
ཁྱེད་ཀྱི་དགོད་སྒྲ་མེད་པར་གྱུར།
ཅི་ཡིན་འདི་ཡིན་མེད་པར་སྐད་ཅིག་ཙམ་དུ།
རྐང་ལག་འཁོབས་ཤིང་དྲན་ཤེས་རྨོངས་བར་བྱས།
འོན་ཀྱང་ཁྱེད་རང་འགྲོ་ཁ་མར་བཞག་པའི།
“ཁྱེད་ནི་བུའུ་ཧན་གྱི་ཕོ་རྒོད་རེད།
ཁྱིམ་ཚང་འདི་ཁྱེད་ཀྱིས་ལེགས་པོར་སྐྱོང་ཐུབ་དགོས།”ཞེས་པའི་ཁ་ཆེམས་འདི་སེམས་ལ་བཟུང་ཡོད།
ཆུང་མ།
ངས་བྱིས་པ་འཚར་ལོངས་འབྱུང་བར་བལྟ་འདོད།
ང་གཟའ་མཇུག་རེ་རེར་ཁྱེད་ཕ་བུ་གཉིས་དང་ལྷན་དུ་གཙང་འགྲམ་ལ་སྤྲོ་འཆམ་དུ་འགྲོ་འདོད།
ངས་དྭངས་གསལ་གྱི་ཞོགས་པ་རེ་རེར།
བྱིས་པ་ལ་ཁོ་རང་ཆེས་དགའ་བའི་ཐུག་སྐམ་འཁོལ་མ་དཀར་ཡོལ་གང་རེ་སྐོལ་འདོད།
ཁོ་རང་སློབ་ཆེན་འགྲིམས།ཞིབ་འཇུག་བཏོན།
དེ་ནས་གཉེན་སྒྲིག་ནས་བྱིས་པ་གསོ་བར་བལྟ་འདོད།
ལམ་སྐེད་འདིར་བུ་ཕྲུག་བསྐྱུར་དུས།
སྡུག་བསལ་གྱིས་བརྒྱལ་འགྲོ་ཨ།
ངས་ད་རུང་ཕ་མར་གཉེན་བཀུར་བྱས་མེད།
ལོ་ན་བགྲེས་པའི་ཕ་མར་འདུག་རོགས་བྱ་འདོད།
ཁོང་རྣམ་ལ་ཞིམ་མངར་གྱི་ཟས་སྣ་འདྲེན་འདོད།
ཁོང་རྣམ་ཁྲིད་ནས་ཝུའུ་ཧན་སློབ་ཆེན་་གྱི་མེ་ཏོག་ཡང་ཧྭ་ལ་བལྟ་འདོད།
ཁོང་རྣམ་ཁྲིད་ནས་ཏུང་ཧུའུ་མཚེའུ་ཆར་རླུང་གི་སྒྲ་ལ་ཉན་འདོད།
ཁོང་རྣམ། ལམ་རྐེད་འདིར་འཇོག་དགོས་པ་དྲན་ཚེ།
བདག་གི་སྙིང་ཁོང་སྡུག་བསྔལ་གྱིས་གས་འགྲོ་ཡ།་་་་་་
ཁྱོ་བོ།
ཕ་མའི་སྨེ་ངག་ལ་ཉན་ན།
བྱིས་པའི་མིག་ཆུ་ལ་བལྟས་ན།
ངས་ཁྱོད་མེད་པའི་ཉི་མ་ཇི་ལྟར་བསྐྱལ་དགོས་པ་མི་ཤེས།
འོན་ཀྱང་ཁྱེད་རང་འགྲོ་ཁ་མར་བཞག་པའི།
“ཁྱེད་ནི་ཝུའུ་ཧན་གྱི་ཕོ་རྒོད་རེད།
ཁྱིམ་ཚང་འདི་ཁྱེད་ཀྱིས་ལེགས་པོར་སྐྱོང་ཐུབ་དགོས།”ཞེས་པའི་ཁ་ཆེམས་འདི་སེམས་ལ་བཟུང་ཡོད།
ཆུང་མ།
དེ་ལྟར་ནའང་། ཁྱེད་ཀྱིས་མ་འགལ་སོ་ཡིས་འཆིང་ནས་འགག་སྒོ་འདི་བརྒལ་དགོས།
འགག་སྒོ་འདི་ཁྱེད་གཅིག་པུས་བརྒལ་དགོས་པ་ཞིག་མིན་པ་ངས་ཤེས་ཡོད།
རྒྱལ་ཡོངས་ཀྱི་སྤུན་ཟླ་ཚང་མས་ཝུའུ་ཧན་ལ་དོ་ཁུར་གནང་གིན་ཡོད།
རྒྱབ་སྐྱོར་མཛད་ཀྱིན་ཡོད།
སྟོབས་ཤུགས་ཕུལ་བཞིན་ཡོད།
དེ་བས་ཁྱེད་ཀྱིས་བསྲན་ཚུགས་དགོས།
ཁྱེད་ནི་འབྲི་ཆུའི་འགྲམ་ནས་འཚར་བའི་སྐྱེས་ཕོ་རབས་ཡིན།
ཁྱོ་བོ།
སྙིང་སྡུག་ལགས།
ཁྱེད་དང་འུ་གཉིས་ཀྱིས་ལཱའོ་ཅཱ་རི་རྩེ་ནས་རླུང་སྒྲར་ཉན་མྱོང་།
འུ་གཉིས་ཏུང་ཧུའུ་མཚོ་འགྲམ་ནས་ཆར་བས་བརླན་མྱོང་།
ཧུང་ཧི་གནའ་མཁར་དུ་སྙན་ངག་གྱེར་མྱོང་།
ཝུའུ་ཧན་གྱི་སྲང་ལམ་སྤྲོ་དགས་བརྒྱུད་མྱོང་།
འབྲི་ཆུའི་ཟམ་ཆེན་སྟེང་དུ་འཕུར་སྐྱོད་བྱས་མྱོང་།
འདི་དག་ནི་ངེད་གཉིས་ཀྱི་ཕྱིར་དྲན་ཁོ་ན་ཡིན་ཞིང་།
རིན་ཐང་ཆེ་བའི་ཕྱི་དྲན་འདི་དག
མི་འགྱངས་བར་ངའི་ཚེ་སྲོག་གི་གཏིང་རིམ་དུ་འཛུལ་ནས།
ཚེ་གང་གི་འགྲོ་རོགས་བྱ་དགོས།
ཆུང་མ།
ངས་ཁྱེད་རང་ལམ་རྐེད་འདིར་བསྐྱུར་ནས།
ང་རང་སྔུན་ལ་འགྲོ་དགོས་པའི་རྒྱུ་མཚན་ནི།
ངས་ཁྱེད་ང་ཡི་སྐྱེས་པ་ཡིན་པ་ཤེས་ཡོད་པས་ཡིན།
ངས་ཁྱེད་རང་ཝུའུ་ཧན་གྱི་སྐྱེས་པ་ཡིན་པ་ཤེས་ཡོད་པས་ཡིན།
ཁྱོ་བོ།
ང་ནི་བུའུ་ཧན་གྱི་ཕོ་རྒོད་ཡིན།
ངེད་ཀྱི་མི་རབས་ཚ་བརྒྱུད་ཚང་མས་གྲོང་ཁྱེར་འདི་རུ་འཚོ་བ་བསྐྱལ་བ་མ་ཡིན་ནམ།
དུས་གཏན་དུ་མངར་ཤུགས་ལ་ལྷོད་པ་བྱུང་མ་མྱོང་།
ང་ནི་འབྲི་ཆུའི་འགྲམ་ནས་འཚར་བའི་སྐྱེས་ཕོ་རབས་ཡིན།
ཆུང་མ།
སྙིང་ཐུབ་ལགས།
ཁྱེད་ཀྱིས་ང་རང་སྐྱེལ་མ་བྱེད་མི་ཐུབ་པ་ཤེས་ཡོད།
ཁྱོ་བོ།
སྙིང་སྡུག་ལགས།
ངས་ཁྱེད་རང་སྐྱེལ་མ་མི་བྱེད།ངས་ཁྱེད་རང་སྐྱེལ་ཐབས་མི་འདུག
ཆུང་མ།
ག་ལ་སྐྱོན་ཏེ་མི་སྐྱོན།
འོན་ཀྱང་ངའི་ཁར་ཉོན། ངེས་པར་དུ་བཀར་འདུག་བྱེད་དགོས།
ངེད་ཀྱིས་ནད་དུག་ཕྱི་ལ་བསྒོ་མི་རུང་།
རང་གི་ནུས་ཚོད་ཀྱིས་ནད་དུག་བུའུ་ཧན་གྱི་ས་ཁུལ་དུ་ཚོད་འཛིན་བྱེད་དགོས།
ངེད་ལ་རྒྱལ་འབངས་སྲུང་སྐྱོབ་བྱེད་པའི་འོས་འགན་ཡོད།
དེ་ནི་ཝུའུ་ཧན་གྱི་མི་རེ་རེའི་ལྟ་བ་ཡིན།
ཁྱོ་བོ།
ངས་སྐྱོ་གདུང་གསིལ་བར་བཅག་ནས་ཁོག་པར་མིད་རྗེས།
བྱིས་པ་ལ་ཁྱེད་ཀྱི་བློ་སྤོབས་དང་།
ཁྱེད་ཀྱི་རྟུལ་ཕོད།
ཁྱེད་ཀྱི་མཛངས་བ།
ཁྱེད་ཀྱི་ཡོད་ཚད་འཆད་རྒྱུ་ཡིན།
ངས་སྒེའུ་ཁུང་ཕྱེས་ནས་དྭངས་གསལ་གྱི་ཉི་འོད་ནང་ལ་ངེས།
དེ་དུས་ཁྱོད། ཉི་འོད་ཁྲོད་འགྲེངས་ནས།
ང་ཚོ་དང་ལྷན་དུ།
སྤྲིན་དྭངས་སྨུག་ཡལ་གྱི་ཉིན་མོ་དེར་སྒུག་རོགས་མཛོད།
ཆུང་མ།
སྐྱེལ་མི་ཐུབ་པས་མ་སྐྱེལ་ན་བཟང་།
ཁྱེད་རང་།ལམ་རྐེད་འདིར་བཞག་ན།
ངའི་སེམས་བཀན།
ཁྱོ་བོ།
སྙིང་སྡུག་ལགས།
ཁྱེད་ཀྱིས་གཟིགས་དང་།
བཅིངས་གྲོལ་དམག་ཐོན་བྱུང་།
རྒྱལ་ཡོངས་ཕྱོགས་སོ་སོའི་སྨན་བྱེད་པ་ཐོན་བྱུང་།
རིམས་འགོག་གི་དངོས་པོ་ཐོན་བྱུང་།
ད་ནི་ནད་དུག་ལས་རྒྱལ་བའི་དུས་ཚོད་ལ་ཐག་མི་རིང་ཨ།
ཆུང་མ།
སྙིང་ཐུབ་ལགས།
རྒན་རྒོན་དང་བྱིས་པ་ཁྱེད་ལ་སྤྲད་པ་ཡིན།
ཁྱོ་བོ།
སྙིང་སྡུག་ལགས།
ཁྱེད་ཀྱིས་ཐུགས་སེམས་བདེ་མོ་བྱོས།
ང་ནི་ཝུའུ་ཧན་གྱི་ཕོ་རྒོད་ཡིན།
ཆུང་མ།
སྔོན་ཆད་ཅིག་ནས་ང་ཁྱེད་ལ་གཉེན་སྒྲིག་བྱ་དོན།
ཁྱེད་ནི་ཝུའུ་ཧན་གྱི་སྐྱེས་པ་ཡིན་པས་ཡིན།
ཁྱོ་བོ།
ང་ནི་འབྲི་ཆུའི་འགྲམ་གྱི་སྐྱེས་ཕོ་རྒོད་ཡིན།
ཅིན་ཁྲུའུ་ས་ཆེན་གྱི་འབྱམས་ཀླས་དང་རྔམ་མཐོས།
ངའི་རུས་རྩིབས་ལ་ངར་ལྡུད་ཅིང་།
ལྷུང་ལྷུང་གི་གཙང་ཆུ་དྭངས་མོས་ངའི་ཁྲག་རྒྱུན་ལ་ཟུངས་སྣོན་པས།
ང་གཏན་ནས་དངངས་མི་སྲིད།
ཆུང་མ།
འབྲི་ཆུའི་འགྲམ་གྱི་ཕོ་རྒོད་ལགས།
ནང་གི་བློ་རྩ་བརྟན་པོ་བྱོས།
ཕྱི་ཡི་སྒལ་ཚུགས་བཀན་མོ་བགྱིས།
ཁྱོ་བོ།
ང་འཇིགས་སྐྲག་སྐྱེས་མི་སྲིད།
ངས་ཁྱེད་ཀྱི་བརྩེ་བ་སེམས་ཀྱིས་རུམ་ནས།
ངས་འུ་གཉིས་བྱིས་པ་དང་ཕ་མ་ལག་མགོར་ཁྲིད་ནས།
སང་ཉིན་གྱི་ཉི་འོད་བསུ་རྒྱུ་ཡིན།
ཆུང་མ།
སྙིང་ཐུབ་ལགས།ང་བུད་འགྲོ།
སྙིང་གི་ཚི་ལུ།ངས་ཁྱོད་བློས་གཏོང་མི་ཐུབ་ལ།
ང་རང་ཉིད་ཀྱང་འགྲོ་རོགས་མི་ཆོད་གི་ལགས།
ལམ་ཕྱེད་རྐེད་འདི་ཁྱེད་རང་བསྐྱུར་ཡོད་པས།ངའི་ཡ་ཆུང་གཟེར་བྱུང་།
འོན་ཀྱང་ཁྱེད་ཀྱིས་ཡིད་ལ་འཛིན་དགོས་པ་ནི།
ཁྱེད་རང་ཝུའུ་ཧན་གྱི་ཕོ་རྒོད་ཡིན།
ཁྱེད་རང་འབྲི་ཆུའི་འགྲམ་གྱི་སྐྱེས་ཕོ་རབས་ཡིན།
ཁྱོ་བོ།
ངའི་ཡིད་ལ་བརྟན་པོར་བཟུང་ཡོད།
ང་རང་ཝུའུ་ཧན་གྱི་ཕོ་རྒོད་ཡིན།
ང་རང་འབྲི་ཆུའི་འགྲམ་གྱི་སྐྱེས་ཕོ་རབས་ཡིན་པས།
ང་ངེས་པར་དུ་མདུན་དུ་འགྲོ་དགོས།
ཆུང་མ།
རེད་ལགས།ཁྱེད་ཀྱིས་ངེས་པར་དུ་ཁྱིམ་ཚང་འདི་ལེགས་པོར་སྐྱོང་དགོས།
ཁྱིམ་ཚང་འདིའི་རྒན་རྒོན་དང་བྱིས་པའི་ནམ་མཁའ་མཐོ་རུ་འདེགས་དགོས།
ཁྱོ་བོ།
ངས་ངེས་པར་དུ་དེ་ལྟར་བསྒྲུབ་ཐག་ཆོད་ཡིན།
ང་རང་ཝུའུ་ཧན་གྱི་ཕོ་རྒོད་ཡིན།
ང་རང་འབྲི་ཆུའི་འགྲམ་གྱི་སྐྱེས་ཕོ་རབས་ཡིན།
(གསལ་བཤད། རྩོམ་འདི་སྒྱུར་དུས་རྩོམ་གྱི་བློ་ཁ་དམའ་བ་རྣམས་ཀྱིས་ཀྱང་རོལ་མྱོང་ཐུབ་པའི་ཆེད་དུ་ཁ་གསལ་དང་གོ་བདེར་བྱས་ཡོད། བརྒྱ་ཆའི་གོ་དགུ་མ་ཡིག་ལ་བསྟུན་ཡོད་ན་ཡང་ཚིག་གི་བསྡེབས་དང་ཉམས་ཅུང་ཟད་ལ་དམིགས་ནས་སྣོན་འཁྲི་ཨེན་ཙམ་རེ་བྱས་ཡོད། དེ་ཡང་མ་ཡིག་ན་མེད་པ་ཞིག་བསྣན་པ་མ་ཡིན་པར་ཡིག་ངོར་དངོས་སུ་ཐོན་མེད་པ་དག་འགྱུར་གྱི་ངོས་ལ་འབུར་དུ་བཏོད་པ་ཙམ་ཡིན་ལགས།)