ཀྲུང་གོ་བོད་ཀྱི་དྲ་བ།

བསྐལ་བ་ཇི་སྲིད་ཀྱི་མཛེས་ལྡན་མ་ཀན་མཱོ་ཨ་ཉིའུ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རུ་མང་ཀླུ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2020-02-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

བསྐལ་བ་ཇི་སྲིད་ཀྱི་མཛེས་ལྡན་མ་ཀན་མཱོ་ཨ་ཉིའུ།*

ཅི་ཏི་མཱ་ཅཱ་ཡིས་བརྩམས།  རུ་མང་ཀླུ་མཁར་རྒྱལ་གྱིས་བསྒྱུར།


དབྱི་རིགས་ཀྱི་མེ་ཕུང་འགྲམ་དུ།

མེ་ལྕེ་ཡིས་ང་ཚོར་འོད་སྣང་བསྩལ་པ་ཡིན་ནམ།

ཡང་ན་ཁྱོད་ཀྱི་མིག་མདངས་ཡིན། 

མཛེས་མའི་ཁྲོད་ཀྱི་མཛེས་མ། 

ཁྱོད་ཀྱིས་ད་དུང་འོད་ཟེར་དང་རང་དབང་གི

གོ་དོན་ཡང་ང་ཚོ་ལ་བཤད་སོང་།

ང་ཚོས་སྦྲང་རྩི་དང་སྐར་མ། བསིལ་རླུང་གིས་

ཁྱོད་ལ་བསྟོད་པ་འབུལ་དུས།

ཁྱོད་ཀྱི་མཛེས་པ་གསལ་ལ་མི་གསལ་བར་ཕ་ཡུལ་གྱི་མཁའ་མཐའ་ན་ཡོད་ཅིང་།

ཁྱོད་ནི་སྐྱ་རེངས་ཀྱི་སྐྱ་མདའ་མིན་པར།

ཉིན་མོར་སླེབས་ཚེ་ཡལ་བར་འགྱུར། 

ཁྱོད་ནི་རྒས་སོང་གི་གླུ་གཞས་ཤིག་མིན་པར།

ཇི་སྲིད་བར་ཁྱོད་རང་དབྱངས་སུ་འགུག

འོ། མཛེས་ལྡན་མ་ཀན་མཱོ་ཨ་ཉིའུ།  མཛེས་ལྡན་མ་ཀན་མཱོ་ཨ་ཉིའུ།

མི་ཡུལ་དུ་སྐྱེ་འཆི་རེས་ཀྱིས་འཁོར་ཅིང་།

ཁྱོད་རང་ཁོ་ན་བསྐལ་བ་ཇི་སྲིད་དུ་མཛེས་ཤིང་གཞོན་ཤ་ལྡན།


དབྱི་རིགས་ཀྱི་དྲན་པའི་ངོགས་སུ།

སྐྱེ་རྒུ་ཡིས་ང་ཚོ་གཉིད་ལས་དཀྲོགས་པ་ཡིན་ནམ།

ཡང་ན་ཁྱོད་རང་བྱོན་པས་ཡིན།

བུད་མེད་ཁྲོད་ཀྱི་བུད་མེད། 

ཁྱོད་ཀྱིས་ད་དུང་ང་ཚོ་ལ་རྩིས་ཐང་ནི

སྲོག་ལས་འགངས་ཆེ་བ་རྟོགས་སུ་བཅུག

ང་ཚོས་དབེན་འཇགས་དང་སྨྲེ་སྔགས། རེ་འདོད་ཀྱིས་

ཁྱོད་རང་དྲན་པའི་དུས་སུ། 

ཁྱོད་ཀྱི་སྨད་ཤམ་རིང་པོ་སྒྲ་དང་བཅས་ཕ་ཡུལ་གྱི་རི་སྒང་ན་གཡོ་ཞིང་།

ཁྱོད་ནི་མཚན་མོ་ཡི་ཟིལ་བ་མིན་པར།

ཉི་མ་ཤར་ཚེ་བསྐམ་པར་འགྱུར།

ཁྱོད་ནི་གནའ་བོའི་ངག་རྒྱུན་ཞིག་མིན་པར།

ཇི་སྲིད་བར་ཁྱོད་རང་དངོས་སུ་གནས།

འོ། མཛེས་ལྡན་མ་ཀན་མཱོ་ཨ་ཉིའུ།  མཛེས་ལྡན་མ་ཀན་མཱོ་ཨ་ཉིའུ།

ཁྱོད་རང་ཇི་སྲིད་བར་འབྲལ་བ་མེད་དེ།

འཇིག་རྟེན་འདི་རུ་ད་དུང་དབྱི་པའི་རིགས་འཚོ་ཞིང་བཞེས་པས་ཡིན།


*ཀན་མཱོ་ཨ་ཉིའུ་ཞེས་པ་ནི་དབྱི་རིགས་ཀྱི་བུད་མེད་མཛེས་མ་ཞིག་གི་མིང་ཡིན།

༢༠༢༠/༠༢/༠༩ཉིན་ཕ་ཡུལ་ནས་བསྒྱུར།

༢༠༢༠/༠༢/༡༠ཉིན་གྱི་ཞོགས་པར་སླར་ཡང་བཅོས།

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།