ཀྲུང་གོ་བོད་ཀྱི་དྲ་བ།

འཆི་བདག་དང་ང་ཚོ་ལས་སུ་ཞིག་གི་གོམ་འགྲོས་ལྷག་ཏུ་མྱུར།

    སྤེལ་དུས། : 2020-02-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

འཆི་བདག་དང་ང་ཚོ་ལས་སུ་ཞིག་གི་གོམ་འགྲོས་ལྷག་ཏུ་མྱུར།

——2020ལོའི་ཏོག་དབྱིབས་ནད་དུག་གསར་པའི་འགོག་རྒོལ་བྱེད་མཁན་ཚང་མར་ཕུལ་བ།

ཅི་ཏི་མཱ་ཅཱས་བརྩམས། རུ་མང་ཀླུ་མཁར་རྒྱལ་གྱིས་བསྒྱུར།


འཆི་བདག་གི་གོམ་འགྲོས་ང་ཚོ་ལས་ལྷག་ཏུ་མྱུར།

རྒྱུ་མཚན་ནི་དེ་ཉིད་ཤིན་ཏུ་བློ་ཡུལ་ལས་འགོངས་ཏེ།

བོའུ་ཁ་མ་གྲགས་པའི་ཡར་སྔོན་དུ་མདུན་ལ་ལྷགས་འདུག་པས་ཡིན།

འཆི་བདག ད་ཐེངས་དེ་བས་ཀྱང་མགྱོགས་པ་འདྲ།

སླར་ཡང་གསར་གཏོད་ཐེངས་གཅིག་བྱས་པས།

འཇིག་རྟེན་གྱི་བྱེད་པོ་ཡིན་ནམ།

ཡང་ན་འགྲོ་བ་མིས་དེ་རིང་།

ངེས་པར་དུ་དཔའ་བསྐྱེད་དེ་གདོང་གཏད་དགོས་པའི་སྔར་མེད་ཀྱི་ཉམས་ཚོད་དྲག་པོ་ཞིག་ཡིན་ནམ།

འཆི་བདག་ཡོད་ཚད་ཀྱིས་གདོང་འབག་མངོན་གསལ་རེ་གྱོན་པའི་ངེས་པའང་མེད་དེ།

ཐེངས་འདིར་དེ་ཉིད་སྔར་བཞིན་མཁའ་དབུགས་ཀྱི་ཀློང་དུ་ཡིབ་ཡོད།

འཆི་བདག་གི་གོམ་འགྲོས་ང་ཚོ་ལས་ལྷག་ཏུ་མྱུར་ཏེ།

བསྡོམས་རྩིས་ཀྱི་གྲངས་ཀ་མ་ཐོན་གོང་།

དེའི་སྡིག་དྲི་འཐུལ་བའི་ལག་པ་སྔར་བཞིན་འགུལ་བཞིན་ཡོད་ཅིང་།

དེ་ལ་དམོད་པ་ཚར་སྟོང་གི་སྣོན་མ་འདེབས་དགོས།

རྒྱུ་མཚན་ནི་ལྔ་ལམ་དུ་ཚུད་པའི་གྲངས་ཀ་ད་དུང་ཡང་ཇེ་མང་ཡིན་པས་རེད།

ཡིན་ཡང་སྐབས་འདིར། ང་ཚོས་རེ་ཞིང་སྨོན་པ་ནི་འཕྲི་རྩིས་ཁོ་ན་ཡིན།

འཆི་བདག་ས་ཆ་མང་པོར་ཐོན་ཡོད་དེ།

རྒན་པ་དང་གཞོན་ནུ་བསད་ཅིང་། ད་དུང་། ང་ཚོའི་

གཉོད་ཆུང་གི་བྱིས་པར་གནོད་འཚེ་བཏང་།

ང་ཚོའི་གྲོང་ཁྱེར་དང་སྲང་ལམ། དེ་བཞིན་ལྡུམ་རར་མནར་གཅོད་གང་སྡུག་བཏང་སྟེ

གར་སླེབས་ས་རུ་ཁྲག་ནག་གི་མཆོད་པ་འབུལ་བཞིན་ཡོད།


འཆི་བདག་གི་གོམ་འགྲོས་ང་ཚོ་ལས་ལྷག་ཏུ་མྱུར།

རྒྱུ་མཚན་ནི་དེ་ཉིད་ཤིན་ཏུ་བློ་ཡུལ་ལས་འགོངས་ཏེ།

བོའུ་ཁ་མ་གྲགས་པའི་ཡར་སྔོན་དུ་མདུན་ལ་ལྷགས་འདུག་པས་ཡིན།

ཡིན་ནའང་། ཐེངས་འདིར། ཐེངས་སྔོན་མ་དང་འདྲ་བར།

ང་ཚོ་དང་འཆི་བདག་གི་འགྲན་རྩོད་དེ

ཁྱོད་ཤི་ང་གསོན་གྱི་དུས་མཚམས་སུ་སླེབས་ཡོད་པར་ཐེ་ཚོམ་མི་དགོས་ཏེ།

སུ་ཞིག་ནི་ཆེས་མཐའ་མཇུག་གི་བཙན་བདག་ཡིན་པར་ད་དུང་ཡང་དྲི་བར་བསྒུག་ཡོད།

ང་ཚོའི་བརྩེ་བ་ཡོད་ཚད་རླུང་ལ་བསླུས་ཏེ

འགྲོ་བ་མིའི་མིང་ཐོག་ནས། གྲུ་ཟུར་རེ་རེར་བསྐྱལ།

ང་ཚོ་མི་ཁྲི་ཁྲི་འབུམ་འབུམ་གྱི་འདོད་བློ།

ཚེ་སྲོག་སྟོབས་པོ་ཆེ་ཞིག་ཏུ་དྲིལ་ཏེ། གུར་གྱི་རྩེ་མོ་ནས

གནའ་བོའི་ཉི་མ་ལས་ཀྱང་གསལ་བའི་འོད་ཟེར་ཅིག་སྤྲོ་བཞིན་ཡོད།

ང་ཚོར་སྒེའུ་ཁུང་ཡོད་ཚད་ཕྱེ་རུ་བཅུག་ནས། རྨི་ལམ་སྐར་ཚོམ་དུ་དྲས་ཏེ།

སླར་ཡང་ཡོལ་རས་སྔོན་པོ་ལྟ་བུའི་མཁའ་དབྱིངས་ལ་འཕགས་སུ་བཅུག


ཁྱོད་ཀྱིས་བཤད་ན་འཆི་བདག་གི་གོམ་འགྲོས་ང་ཚོ་ལས་ལྷག་ཏུ་མྱུར་ཟེར། མིན་ཏེ།

ངས་དེར་ཡིད་ཆེས་ཐབས་མི་འདུག རྒྱུ་མཚན་ནི་ངས་ཐེངས་འདིའི

འཆི་བར་འགྲན་བཙུགས་ཏེ་བར་ཐག་སྐྱུང་བཞིན་པ་མཐོང་བས་ཡིན།

ང་ཚོས་ཟིན་ཐོ་གསར་པ་ཞིག་བསྐྲུན་ངེས་པར་ཡིད་ཆེས་མཛད་རོགས།

འཛམ་གླིང་ཡོངས་ཀྱིས་མིག་ཅེར་བགྲད་ནས་ང་ཚོར་ལྟ་བཞིན་ཡོད།

ང་ཚོའི་གོམ་འགྲོས་ཀྱིས་སྐར་ཆ་གཅིག་གི་བར་ནས་ཀྱང་སྔར་མེད་གསར་དུ་སྐྲུན་བཞིན་ཡོད།

འདི་ནི་གཙོ་འཛིན་གྱི་གོམ་འགྲོས་རེད། དུས་ཐོག་མ་ཉིད་དུ།

བརྟན་བརླིང་དང་རང་རློམ། སྟོབས་ཤུགས་བཅས་ཀྱི་སྐད་སྒྲ

མེས་རྒྱལ་གྱི་ས་ཆེན་པོ་དང་ནགས་ཀློང་། མཁའ་དབྱིངས། རྒྱ་མཚོ་ཆེན་པོ་རུ་ཁྱབ་ཅིང་།

གོམ་འགྲོས་འདིའི་སྣེ་འཁྲིད་མཁན་ནི་ནམ་ཡང་ཆེས་མདུན་གྲས་སུ་འགྲེང་ཡོད།

འདི་ནི་མི་དམངས་ཀྱི་གོམ་འགྲོས་རེད། གྲོང་ཁྱེར་དང་གྲོང་གསེབ་གང་ཡིན་རུང་།

སྤྱི་དམངས་རེ་རེ་དུ་བ་མེད་པའི་འཐབ་འཛིང་དུ་ཞུགས་ཤིང་།

ལས་རྐང་གང་ཞིག་ཡིན་རུང་ཉེན་ཁར་ཕྲད་ཀྱང་དཔའ་མི་ཞུམ་པ་དག་གིས་བརྟན་སྲུང་བྱས་ཡོད།

འདི་ནི་སྒྲིག་སྲོལ་གྱི་གོམ་འགྲོས་རེད། རོགས་ར་མདའ་ཡི་བཀའ་བརྡ་རེ་རེས།

དཔའ་རྒོད་ཀྱི་བུ་དང་བུ་མོ་གྲངས་མེད་ཅིག་ཝུའུ་ཧན་དུ་འཛོམས་སུ་བཅུག

འདི་ནི་ཐུན་མོང་གི་གོམ་འགྲོས་རེད། མི་སྒེར་རིང་ལུགས་ཀྱི་གུ་དོག་དང་སྒེར་སེམས

འདི་རུ་གནས་འཆའ་བའི་བར་སྟོང་ལར་ནས་མེད་དེ། རྒྱུ་མཚན་ནི་ཛ་དྲག་གི་དངོས་ཡོད་ཀྱིས

ང་ཚོ་ལ་ཚེ་སྲོག་གང་ཞིག་ཡིན་ཡང་ཕན་ཚུན་བརྟེན་རེས་བྱ་དགོས་པ་བསྟན།

འདི་ནི་སྐྱེས་འབུལ་བའི་གོམ་འགྲོས་རེད། སྐྱེས་འབུལ་བ་འདི་ནི་འུད་གཏམ་ཞིག་གཏན་ནས་མིན་ཏེ།

གཉེན་ཉེ་ཚོས་དུས་དང་རྣམ་པ་ཐམས་ཅད་དུ་སེམས་ཁྲལ་ཆེན་པོས་ཁོ་ཚོ་བདེ་འཇགས་ངང་ཕྱིར་ལོག་པར་སྒུག་ཡོད།

ཡིན་ནའང་ཁོ་ཚོ་དང་འཆི་བདག་གི་འཐབ་འཛིང་ནི་ཉིན་རེ་ལས་ཀྱང་ཧ་ཅང་ཛ་དྲག་ཆེ།

ངོ་གདོང་གི་མཁུར་རུས་ལས་འཁུན་སྒྲ་དབེན་དུས། འཆི་གསོན་ནི་ཤོག་བུ་ལས་སྲབ་ཅིང་།

དེ་ནི་གཡུལ་གྱི་འགག་རྩར་ཐུག་པས་གདོང་མཆོང་ཐེངས་རེ་རེར་ཕྱིར་བཤོལ་མི་རུང་བར།

ཁོ་ཚོ་དང་འཆི་བདག་གིས་འཕྲོག་སོང་བ་ནི་ཚེ་སྲོག་གསོན་པོ་རེ་རེ་ཡིན།

ངས་དཀོན་མཆོག་གནས་པར་ཡིད་ཆེས་ཐབས་མེད་ནའང་། ལྷའི་ཕོ་ཉ་ང་ཚོའི་གམ་དུ་གནས་པའི་ཡིད་ཆེས་རྙེད་ཐུབ།

ཁོ་མོ་ཁ་སང་བཤུམས་སོང་། ཁོ་མོས་སླར་ཡང་ཚེ་སྲོག་གཅིག་བསྐྱབས་དུས།

ཁོ་མོས་སྐྱི་སེར་རླུང་བུ་རྒྱུ་མི་ཐུབ་པའི་སྲུང་ལྭ་གྱོན་ནའང་། ངས་སྔར་བཞིན

མིག་ཟུང་ཆེན་པོ་ཞིག་ལས་ཡིད་སེམས་གཡོས་པའི་མིག་ཆུ་འགྲིལ་བ་མཐོང་ཐུབ།

རེད་དེ། ང་ཚོས་བརྙན་འཕྲིན་གྱི་མདུན་དུ། འགོག་ཁེབས་ཀྱི་མདུན་དུ།

འདི་འདྲའི་མིག་ཟུང་གྲངས་མེད་ཅིག་མཐོང་མྱོང་། ཁོ་ཚོའི་དངོས་མིང་མི་རྟོགས་ནའང

ང་ཚོས་མིག་ཟུང་འདི་རེ་རེ་ལས་མི་རིགས་ལ་མངའ་བའི་ཚད་མེད་པའི་རེ་བ་དང་ཕྱིས་འབྱུང

ཅིས་ཀྱང་མཐོང་སྲིད་པ་ཁ་ཚོན་ཆོད།

འདི་ནི་ཚེ་སྲོག་གི་གོམ་འགྲོས་རེད། སྤྱི་མཐུན་རྒྱལ་ཁབ་ཀྱི་ནད་དུག་ཆེད་མཁས་པ་ནས

ནད་གཡོག་དཀྱུས་མའི་བར། གྲོང་ཁྱེར་གྱི་དོ་དམ་པ་ནས་སྐྱ་རེངས་བར།

ད་དུང་གྲོང་ཁྱེར་རེ་རེའི་ངོ་གདོང་གསར་དུ་འཁྲུད་པའི་འཁོར་སྲུང་ལས་བཟོ་པས།

ཚེ་སྲོག་ལ་བརྩི་འཇོག་བྱེད་སྟངས་དེ་ལས་རྐང་རེ་རེའི་སྟེང་དུ་མངོན་པར་མཚོན་ཡོད།

ཁོ་ཚོས་བློས་བཏང་ཡོད་གཤིས། ང་ཚོ་གཞི་ནས་བབ་བརླིང་དང་བག་ཕེབས་ངང་གནས་ཐུབ།

འདི་ནི་རྒྱལ་ཁབ་ཀྱི་གོམ་འགྲོས་དང་། ཡང་ན་ཀྲུང་གོའི་གོམ་འགྲོས་རེད།

མེ་ལྷ་རི་བོའི་སྨན་ཁང་དང་ཐོག་ལྷ་རི་བོའི་སྨན་ཁང་གི་འཛུགས་སྐྲུན།

མེ་ལྷ་དང་ཐོག་ལྷའི་གནང་སྦྱིན་མ་ཡིན་པ་སྨྲས་མ་དགོས་ཀྱང་། དེའི་འཛུགས་སྐྲུན་གྱི་གོམ་འགྲོས་ཀྱིས

མི་རྣམས་ཀྱི་ཡིད་སེམས་གཡོ་བར་བྱེད་པའི་བྱས་པ་རྨད་དུ་བྱུང་བ་ཞིག་འཁོད་ཡོད་པ་གདོན་མི་ཟ།

འདེགས་མདུང་དེ་དག་གཅིག་བྱས་ན་ངར་ལྕགས་ཀྱི་གདོང་འབག་མ་ཡིན་པར། འགྲོ་བ་མིའི་སྒལ་གཞུང་ཡིན་ཏེ།

དེས་རེ་འདོད་ཀྱི་འཛེར་རྟེན་དངུལ་མདོག་གི་བར་སྣང་དུ་བརྟན་པོར་བརྡབས།

འདི་ནི་སྟོང་བསམ་མིན་པར། འདི་ནི་ཐེ་ཚོམ་སྤུ་རྩེ་ཙམ་ཡང་སྐྱེས་མི་དགོས་པའི་དོན་དངོས་ཡིན།

དེའི་ཨར་པོ་རྒྱག་སྟངས་ཤེས་དགོས་ན། སྔར་བཞིན་དུ་འཆི་བའི་གྲི་རྩེ་ནས་གར་དུ་རྩེན་དགོས་ཏེ།

བརྙན་འཕྲིན་ལས་མཐོང་བའི་ཡུལ་དངོས་ལས་བཟོ་པ་ཞིག་གི་ལག་ཟུང་། སྐད་ཅིག་ཙམ་དུ་ཡལ་ནའང་།

འོན་ཀྱང་ང་ལ་མཚོན་ན་སེམས་ལ་རི་མོ་བཞིན་བརྐོས་ཡོད་དེ། ལག་པ་འདི་གཉིས་ཇེ་ཆེར་སོང་ནས།

ནམ་མཁའ་དང་ས་གཞི་ཡུགས་གཅིག་ཏུ་འབྲེལ་བའི་སྲུབས་ཁ་ལས་རུས་རྐང་གི་རོལ་ཆ་དཀྲོལ་བཞིན་ཡོད།

དེ་བས་ངས་ཚིག་ཐག་ཆོད་པོས་སྨྲ་བར་སྤོབས་པ་ནི། འདི་འདྲའི་དཔའ་ངར་ཆེ་ཞིང་ལས་ལ་བརྩོན་པའི་ལག་ཟུང་རེ་རེ་ཡོད་ཚེ།

ང་ཚོའི་བདེ་སྐྱིད་དང་ལས་དབང་། ཞོད་འཇགས་བཅས་གཞན་ལག་ཏུ་འཆོར་མི་སྲིད་ཅེས་པ་དེ་ཡིན།

རྒྱུ་མཚན་ནི་ལག་ཟུང་དེ། ཡེ་ཤུ་མ་ཤི་ཀའི་མིན་ལ། སྟོན་པ་དང་གནམ་བདག་གི་དེ་བས་ཀྱང་མིན།

 དེ་ནི་ཀྲུང་གོའི་ངལ་རྩོལ་པའི་རྩུབ་ཅིང་ནག་ཤ་ལྡན་ཡང་རང་རློམ་གྱིས་ཁེངས་པའི་ལག་པ་ཡིན།


འཆི་བདག་གིས་ང་ཚོ་དང་སྲོག་བསྡོས་ཀྱིས་འགྲན་འཛུགས་བཞིན་ཡོད་དེ།

དེ་ནི་ནད་དུག་གི་འབོད་མིང་འཇིགས་སུ་རུང་བ་གཞན་ཞིག་རེད།

ང་ཚོས་མ་ངེས་པའི་བར་སྟོང་ནས་དཔའ་སྤོབས་ཆེན་པོས་དེ་ཉིད་རྨེག་མེད་དུ་འཇོམས་པར།

ཧོལ་རྒྱུག་མི་རུང་བར། རྒྱུན་སྲོལ་ལས་འདས་པའི་རྗེས་དཔག་དང་ཚན་རིག་གིས།

ཁ་གཏད་དུ་རྒྱུ་བའི་མཁའ་དབུགས་དང་མཐོང་མི་ཐུབ་པའི་ཆུ་སྨུག་དེ་ང་ཚོ་དང་བར་ཐག་བཅད་ཀྱང་།

ང་ཚོའི་སེམས་དང་སེམས་པའི་བར་གྱི་དྲོད་ཁོལ་དང་སེམས་གསོ་ལ་ཁོགས་པ་མེད།

འཆི་བདག་དང་འགྲན་ན་མདུན་རོལ་ཡོད་ཅིང་། ལན་རེར་རྒྱབ་རོལ་ཀྱང་མདུན་རོལ་ཡིན།

འཆི་བདག་དང་འགྲན་ན། ལྟད་མོ་བ་མེད་པར་ང་ཚོ་ཚང་མ་འགྲན་ཞུགས་པ་ཡིན།

འདི་ནི་བྱིས་པའི་ལག་གི་རྫུ་འཕྲུལ་རྩེད་ཆས་མིན། ད་ལྟའི་ཀྲུང་གོ་རུ།

སྲང་ལམ་རེ་རེ་ནི་འཐབ་རགས་དང་ཁྱིམ་ཚང་རེ་རེ་ནི་བཙན་རྫོང་ཡིན།

འོ། གཞན་འགྱུར་གྱི་ནད་དུག མཐོང་དུ་མེད་པའི་འཆི་བདག

ཁྱོད་ནི་འགྲོ་བ་མིའི་ཁྱིམ་མཚེས་དང་གྲིབ་གཟུགས་ཀྱི་གྲིབ་གཟུགས་ཏེ། ཚེ་སྲོག་དང་བསྡོངས་ནས།

ཁྱོད་རང་བགྲང་བྱ་ག་ཚོད་ལ་གནས་ཤིང་གསོན་ཡོད་པ་སུས་ཀྱང་ང་ཚོར་བཤད་ཐབས་མེད།

ཁྱོད་རང་གཉིད་ལས་སད་དུས་སུ། གོད་ཆག་གི་མདུང་རིང་དེ་རྩིབ་རུས་ལ་ཟུག་ངེས་ཤིང་། 

ཁྱོད་ཀྱིས་གཟུགས་མེད་ཀྱི་གློ་གྲི་ཡིས་འགྲོ་བ་མིའི་ཆེས་ཉམ་ཐག་གི་ས་རུ་འཇབ་རྒོལ་བྱས།

འོ། གདོང་འབག་མེད་པའི་འཆི་བདག ད་ཐེངས་ཡང་ཁྱོད་ཀྱིས་གཟུགས་མེད་ཀྱི་ཐབས་ངན་གྱིས།

ང་ཚོས་འགོག་སྲུང་བྱས་མེད་པའི་རང་དབང་གི་ཁྱིམ་གཞིས་སུ་འཛུལ།

ང་ཚོའི་གཡུལ་འཐབ་སྔར་ནས་མགོ་བརྩམས་ཤིང་། ངས་ནི་དེ་ཉིད་འགོག་འཐབ་ཅིག་མིན་པ་གདོད་ནས་རྟོགས་ཡོད་དེ།

ཚོད་ལྟ་ཁང་དུ་ང་ཚོའི་ཧྲག་དམག་གིས་ཁྱོད་ཀྱི་ནང་ཁྲོལ་ལ་བསྙབས་ནས།

ནམ་ཞིག་ཁྱོད་རང་རྨེད་མེད་དུ་འཇོམས་པའི་མཚོན་ཆ་དེ་རྙེད་ཐུབ།

མང་ཚོགས་ལ་མཚོན་ན། ང་ཚོས་བཏང་བའི་འགོག་འཐབ་ཀྱི་བརྡ་རྟགས་མདེའུ་དམར་པོ་དེས་ཀྱང་།

ཀྲུང་གོའི་གྲོང་ཁྱེར་དང་གྲོང་རྡལ། སློབ་གྲྭ་བཅས་ལ་འོད་སྣང་གྲངས་མེད་སྤྲོས་མྱོང་།

འོ། འདི་ནི་འགོག་རྒོལ་དམག་འཐབ་ཡིན་ཞིང་། བརྒྱ་ལོ་འདིར་འཁོད་པའི

མི་གྲངས་དུང་ཕྱུར་བཅུ་བཞི་ཞུགས་པའི་མི་དམངས་ཀྱི་གཡུལ་འཐབ་ཅིག་ཀྱང་ཡིན་ངེས།

ང་ཚོས་ངེས་པར་དུ་རྒྱུན་འཁྱོངས་བྱ་དགོས་ཏེ། རྒྱུ་མཚན་ནི་འཆི་བདག་གི་སྟོབས་རྒུའང་རྫོགས་ལ་ཉེ།

བཟོད་བསྲན་བྱས་ཏེ། སྡུག་རུས་བསྐྱེད་ན། ང་ཚོས་གཞི་ནས་ཚུར་རྒོལ་གྱི་དགྲ་བོ་གཞོམ་ཐུབ།


འཛམ་གླིང་གི་ཆ་ཤས་ཀྲུང་གོ་དང་། ཀྲུང་གོ་ཡི་ལྟེ་བ་འཛམ་གླིང་ཡིན།

ཁྱོད་ཀྱི་འབྱིན་རྔུབ་མགྱོགས་སུ་འཕེལ་དུས། ས་ཡི་གོ་ལའི་ཕྱེད་ཀའང

ངོ་གདོང་དམར་པོར་འགྱུར་སྲིད། དམག་འཁྲུག་རིགས་ཤིག་ཡོད་པ་དེ། གནའ་བོའི

ཆོས་ལུགས་དང་འབྲེལ་བ་མེད། རྒྱལ་ཁབ་ཀྱི་འགལ་འདུ་དང་འབྲེལ་བ་མེད། ཆབ་སྲིད་དང་འབྲེལ་བ་མེད།

འོ། འཛམ་བུ་གླིང་། དེ་རིང་གི་ཀྲུང་གོས་ཕྱོགས་ཡོངས་ནས་བསླངས་པ་ནི

འགྲོ་བ་མིའི་རིགས་ལ་སྲུང་སྐྱོབ་བྱེད་པའི་དམག་འཁྲུག་ཅིག་རེད། འཁོར་སྐྱོད་ཀྱི་སའི་གོ་ལ་ནི

ཁྱིམ་ཚང་ཞིག་ཡིན། ཆག་སྒོ་མགོ་ལ་ལྷུང་དུས་སུ། ཟུར་ནས་ལྟ་མཁན་ཞིག་མེད།

རྒྱུས་ལོན་དང་རོགས་རམ། བདེན་ལུགས་ཐད་ཀྱི་རྒྱབ་སྐྱོར་ཡོད་དོ་ཅོག་གིས་ཀྱང་།

དཀའ་ངལ་གྱི་གནས་སུ་གྱར་བའི་མི་རྣམས་ལ་སྟོབས་ཤུགས་བླ་མེད་ཅིག་སྦྱིན་ཡོད་ངེས།

འོ། འཛམ་བུ་གླིང་། ཀྲུང་གོ་ནི་ཐོག་མ་ཉིད་ནས་ཁྱོད་ཀྱི་ཆ་ཤས་ཤིག་ཡིན་ཏེ།

དེས་ཁྱོད་ཀྱི་སྡུག་བསྔལ་འཁུར་རོགས་བྱས་པ་ལས། རང་ཉིད་ཀྱི་འགན་འཁྲི་ནམ་ཡང་ཁག་དཀྲི་མ་མྱོང་།

ཤར་ཕྱོགས་ཀྱི་གནའ་བོའི་མི་རིགས་འདིས་རང་ཉིད་ཀྱི་བློ་བརྟན་འགྱུར་མེད་དང་བབ་བརླིང་། སེམས་བཟང་བཅས་ཀྱིས།

བསྐལ་བ་ཇི་སྲིད་བར་དུ་འགྲོ་བ་མིའི་རིགས་ཀྱི་ཤེས་རིག་ལ་བློ་གྲོས་དང་གསར་གཏོད་འབུལ་བཞིན་ཡོད།

འོ། ཀྲུང་གོ འགན་འཁྲི་དང་ལས་འགན་ནམ་ཡང་ཁ་བཤད་དུ་མི་བསྒྱུར་ཏེ།

འཛམ་གླིང་ཞི་བདེ་སྲུང་སྐྱོང་གི་ཆེད་དུ། ཁྱོད་ཀྱིས་བློས་བཏང་བའི་ཞི་བདེ་སྲུང་སྐྱོང་གི་འཐབ་འཛིང་པའི།

དབུ་རྨོག་སྔོན་པོའི་ཡང་སྟེང་དུ་ནམ་ཡང་ཡལ་མི་སྲིད་པའི་ཕུག་རོན་བབས་ཡོད།

ཨའེ་པོ་ལ་ནད་དུག་གི་འཇིགས་སྣང་གིས་ཨ་ཧྥེ་རི་ཁ་ཡོངས་སུ་བསྒྲིབས་ཡོད་དུས། ཤིང་ནག་གི

ལྷ་སྐུས་རི་དྭགས་གཙོད་ལས་མྱུར་པའི་ཤི་སྐད་སྒྲོག་བཞིན་ཡོད།

ཀི་ནེ་ཡ་དང་ལི་པེ་རི་ཡ། སི་ར་ལེ་ཨོང་བཅས་ཀྱི་རྒྱལ་ཁོངས་སུ།

ཀྲུང་གོའི་སྨན་བཅོས་རུ་ཁག་བརྒྱ་ཕྲག་འགའི་འཐབ་འཛིང་གི་གཟུགས་བརྙན་སྣང་ཞིང་།

ཁོ་ཚོ་དང་ས་གནས་མང་ཚོགས་ཀྱིས་མཉམ་དུ་ནད་རིམས་མཆེད་པར་བཀག་འགོག་བྱས།

ཅི་འདྲའི་རྒྱང་ཐག་རིང་ཡང་། ཨ་ཧྥེ་རི་ཁའི་རྔ་ཆེན་གྱི་རོལ་དབྱངས་ཀྱིས

ཀྲུང་གོར་འབོད་སྐུལ་ཡོད་ཚེ། ཨ་ཧྥེ་རི་ཁའི་སྤུན་ཟླར་ཤ་མདོག་སེར་པོའི་ལག་ཟུང་གི་རོགས་སྐྱོར་བྱ་ངེས།

ཡིད་ཆེས་མཛོད་དང་། ཉེན་ཚབས་ཆེ་དུས་སུ་ང་ཚོ་ཚང་མ་འབྲལ་དུ་མེད།

འདི་ནི་ང་ཚོའི་རྒྱལ་སྤྱིའི་རིང་ལུགས་དང་། འདི་ནི་ང་ཚོའི་མི་ཆོས་རིང་ལུགས་ཡིན།

དེ་ལ་ཁ་དོག་མེད། གལ་ཏེ་ཁ་དོག་ཡོད་ན་དེ་ནི་ཉི་འོད་ཀྱི་ཁ་དོག་དང་། དེ་ནི་

ནམ་མཁའི་ཁ་དོག ས་གཞིའི་ཁ་དོག རྒྱ་མཚོའི་ཁ་དོག

ཁྲག་གི་ཁ་དོག མིག་ཆུའི་ཁ་དོག རྣམ་ཤེས་ཀྱི་ཁ་དོག་ཡིན།

འོ། འཛམ་བུ་གླིང་། དེ་རིང་གི་ཀྲུང་གོའི་ནད་དུག་འགོག་རྒོལ་གྱི་གཡུལ་འཐབ་ཁྲོད།

མཉམ་ཞུགས་བགྱིས་དང་། ཀྲུང་གོའི་འཐབ་འཛིང་ནི་འཛམ་གླིང་གི་གཡུལ་འཐབ་ཡིན།


གྲངས་ཀ་ད་དུང་ཡང་འཕེལ་བཞིན་ཡོད། འདི་ནི་གྲང་འཁྱག་གི་གྲངས་འཛིན་ཅིག་མ་ཡིན་ཏེ།

གྲངས་ཀ་རེ་རེའི་རྒྱབ་རོལ་དུ་ཚེ་སྲོག་རེ་ཡོད།

དངངས་སྐྲག་གི་བློ་ཁ་ང་ཚོའི་བར་གསེང་དུ་ད་དུང་མཆེད་ཀྱང་སྲིད་ལ།

དུས་ཐུང་གི་འུ་ཐུག་ལས་ཁྱོད་རང་ད་དུང་ཅི་བྱ་གཏོལ་བྲལ་དུ་འགྱུར་ཀྱང་སྲིད།

འོ། གྲོགས་པོ་ཚོ། བློ་མཐུན་ཚོ། ཐུན་མོང་གི་སྟོབས་ཤུགས་ལ་ཡིད་ཆེས་རྙེད་དགོས།

ཡིན་ནའང་ང་ཚོས་དུས་ནམ་ཡང་སྒེར་གྱི་འགན་འཁྲི་ཡང་བརྗེད་མི་རུང་།

འོ། འཆི་བདག གནམ་གྲུ་ལ་འགོས་སོང་། མྱུར་བགྲོད་ལྕགས་ལམ་ལ་འགོས་སོང་།

འགྲིམ་འགྲུལ་ཡོ་བྱད་སྣ་སྒོ་མོར་འགོས་སོང་། འོན་ཀྱང་གྲོགས་པོ་ཚོ་།

ཁྱོད་ཚོས་རྟོགས་ཡོད་དམ། འཆི་བདག་ནི་ནམ་ཡང་ང་ཚོའི་རྗེས་སུ་འབྲང་ཡོད།

འོ། འཆི་བདག་ལ་གོ་སྐབས་ཉག་ཅིག་ཀྱང་བསྩོལ་མི་རུང་། ཁ་ཐུམ་ཐེངས་གཅིག་བརྒྱབ་ན

དོན་གྱིས་དམག་མི་གཅིག་གི་ཕར་རྒོལ་དང་། མི་གཅིག་གི་འགོག་རྒོལ་དམག་འཁྲུག་ཡིན།

མི་ཁྲི་སྟོང་མང་པོ་དམག་མི་རུ་གྱུར་དུས། དེ་ནི་ད་གཟོད

ང་ཚོ་མཐར་ཐུག་འཆི་བདག་ལས་རྣམ་པའི་རྒྱལ་བའི་ཐབས་མཆོག་རྨད་པོ་ཆེ་དེ་ཡིན།

དེ་ལ་འགོག་རྒོལ་གྱིས། དེ་ལ་འགོག་རྒོལ་དྲག་པོ་གྱིས། དེ་ལ་དབུགས་ཀྱི་འབྱིན་རྔུབ་ཙམ་ཡང་གཏོང་དུ་འཇུག་མི་རུང་།

དེ་ལ་ང་ཚོའི་མགོ་རུས་དང་དཔུང་པར་འགོག་རྒོལ་བྱེད་པའི་གོ་སྐབས་བསྩོལ་མི་རུང་།

འཆི་བདག་གིས་ང་ཚོ་འཚོལ་བཞིན་ཡོད།་ཁོ་རང་མཐོང་ལམ་དུ་མི་མངོན་པ་ཁོ་ཡིས་རྟོགས་ཡོད།

དེས་འགོག་སྲུང་མཁན་ཁྲི་ཕྲག་ནང་ལས་འཛོལ་ཤོར་བའི་གནས་དེ་འཚོལ་བཞིན་ཡོད།

འོ། གྲོགས་པོ་ཚོ། བློ་མཐུན་ཚོ། གལ་ཏེ་ལས་འཛོལ་ཐེངས་གཅིག་བྱུང་ན།

ང་ཚོའི་གྱོང་གུན་དང་རིན་དོད་ནི་དངོས་གནས་དཔག་པར་དཀའ་བ་ཞིག་སྟེ

ཚེ་སྲོག་སྔར་ལས་མང་བ་ཞིག་འཆི་བའི་བས་མཐའ་ན་ཉུལ་ཅིང་།

ད་རུང་གཉེན་ཉེ་དུ་ཡང་ང་ཚོ་དང་གཏན་དུ་ཁ་འབྲལ་སྲིད།

ད་ལྟའི་བར་དུ་འཆི་བདག་གི་རྣམ་ཤེས་ད་དུང་ཡང་ས་ཆེན་པོའི་ཡང་སྟེང་དུ་འཁྱམ་ཞིང

དེས་མཐོང་མི་ཐུབ་པའི་མགོ་བོ་ཡིས་ང་ཚོའི་སྒོ་དང་སྒེའུ་ཁུང་རེ་རེར་བརྡབས་ཏེ

ཁ་ནས་འཇིག་རྟེན་གཞན་ཞིག་ནས་ཐོས་ཐུབ་པའི་སྒྲ་ཞིག་སྒྲོག་བཞིན་ཡོད།

དེས་མཁའ་རླུང་བཙན་ཁྲིད་དང་དངོས་པོར་འཇིགས་སྐུལ་གྱིས། མི་ཚོགས་ཀྱི་ཁྲོད་དུ་བསྲེས་ནས

ང་ཚོས་རེག་སྲིད་པའི་གནས་གང་རུང་ཞིག་ཏུ། དམྱལ་བའི་ལྡེ་མིག་སྡེབ་མ་རེ་རེ

བསྐུངས་ཡོད། དེ་ནི་ཆད་པ་དང་ལུས་པ་མེད་པའི

གཤིན་རྗེའི་ཡུལ་ནས་ཐོན་པའི་ཡིག་སྐྱེལ་བ་དང་ཚེ་སྲོག་འཇོམས་པའི་གཞན་རྟེན་སྲིན་འབུ་ཡིན།

འཆི་བ་ནི་དོན་གྱིས་འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་དང་བསྡོངས་ཏེ་བགྲང་བྱ་ཁྲི་སྟོང་མང་པོ་ཟིན།

འདི་ནི་མ་གཞི་རང་བྱུང་གི་ངེས་སྲོལ་ཅིག་ཡིན་གཤིས། འགྱུར་དུ་མེད་པའི་གཏན་ཚིགས་ཡིན།

འོན་ཀྱང་། འཆི་བདག ཁྱོད་ཀྱིས་འགྲོ་བ་མིའི་རིགས་ལ་འཇབ་རྒོལ་བྱེད་ཐེངས་འདིར

སྔར་བྱུང་མ་མྱོང་པའི་སྨྱོ་ཧམ་གྱིས་ཁེངས་ཤིང་། ཁྱོད་ཀྱིས་རྔུལ་ཆུ་འདོན་པའི་ཆག་གྲུམ་གྱི་དབུགས་རྔ་བཅད་དེ།

ཁྱིམ་ཚང་མགོ་བཅད་རྔ་བཅད་དུ་བཏང་། སྣང་བའི་བརྩེ་དུང་ཁ་ཁར་བཏང་། ཡུལ་ལ་ལོག་རན་པའི་མི

ད་ནི་ཡུལ་ལའམ་ལོག་མི་ཐུབ། འོ། འཆི་བདག དེ་རིང་ཁྱོད་རང་གང་དུ་ཡོད་ཀྱང་རུང་།

ང་ཚོས་ཚེ་སྲོག་ཁྲི་སྟོང་མང་པོ་མཉམ་གཅིག་ཏུ་བསྡུས་ཏེ་ཁྱོད་ལ་ཕར་རྒོལ་བྱ་ངེས།


འཆི་བདག་དང་ང་ཚོ་ལས་སུ་ཞིག་གི་གོམ་འགྲོས་ལྷག་ཏུ་མྱུར་ཏེ།

བོའུ་ཁ་མ་གྲགས་པའི་ཡར་སྔོན་དུ་མདུན་ལ་ལྷགས་འདུག་པས་ཡིན་ཡང་།

ཁྱོད་ཀྱིས་མཐོང་སོང་སམ། ངས་གསལ་པོར་མཐོང་ཟིན།

རང་དབང་གི་རླུང་བུས་དཔའ་རྟུལ་གྱི་མདོག་གསུམ་སྟོད་ལྷེ་སྐྱོམ་དུས། ཉི་མའི་རྩིབས་མདའ་ཡིས

བྲག་རྡོ་ནག་པོ་བརྟོལ་དུས། འོད་གསལ་གྱི་གཤེར་གཟུགས་འཇིག་རྟེན་ལ་ལྡོག་འཕྲོ་བྱས་ཏེ

ས་ཡི་གོ་ལའི་འཐེན་ཤུགས་འབྲོ་དུས། མིའི་རིགས་ཀྱི་བུ་སྣོད་དུ་ས་ཡི་གོ་ལ་ཡང་བསྐྱར་སྦྲུམ་ནས

རྩི་ཤིང་གི་སྐད་ཆ་ལྡབ་གསུམ་ལས་མང་བའི་མེ་འཁྱེར་དུ་འགྱུར་དུས།

སྲོག་ཆགས་ཡོད་ཚད་ཀྱི་མིག་ཟུང་དེ་ཟུར་ཚད་མང་བའི་མཚན་ཉིད་རིག་པའི་གྲུབ་ཆར་འགྱུར་དུ།

མི་རེ་རེའི་བྱང་ཁོག་སྟོད་དུ་སྐྱབས་དང་སྐྱོབ་པའི་བྲ་རྒོད་ཁོ་ན་སྐྱེས།

རང་ཉིད་ཐུན་མོང་དུ་གྱུར་ཏེ། མི་མང་པོས་ཆེས་གཉོད་ཆུང་གི་ཚེ་སྲོག་ལ་དོ་ཁུར་བྱེད་དུས།

མི་གཅིག་གི་སྐད་སྒྲའི་རྒྱབ་ལོགས་ནི་མི་རིགས་ཤིག་གི་སྐད་སྒྲ་དང་། མི་གཅིག་གི

སྐད་སྒྲའི་ཁོང་གསེང་ལས་མི་གྲངས་མེད་ཅིག་གི་སྐད་སྒྲ་སྣ་ཚོགས་ཐོས་ཐུབ།

རེད་དེ། ངས་བཅོས་མིན་དུ་མཐོང་ཟིན། ང་ཚོ་དང་འཆི་བདག་གི་འགྲན་རྩོད་ནི

མཐའ་མའི་མཐའ་མ་རུ་སླེབས་ཤིང་། ཧེ་བག་ཆོད་པའི་བར་ཐག་ཇེ་ཉེ་ནས་ཇེ་ཉེ་རེད།

འདི་ནི་ཆེས་དཀའ་སྡུག་གི་དུས་སྐབས་སུ། རྒྱུན་འཁྱོངས་བྱས་ཚེ་གཞི་ནས་རྟིང་མའི་དཔའ་རྒོད་འགྱུར་ཐུབ།

ཡིད་ཆེས་མཛོད་དང་། ང་ཚོ་རྣམ་པར་རྒྱལ་ངེས། ཀྲུང་གོ་རྣམ་པར་རྒྱལ་ངེས། འགྲོ་བ་མིའི་རིགས་རྣམ་པར་རྒྱལ་ངེས།

རྒྱུ་མཚན་ནི་ཤི་གསོན་འགྲན་རྩོད་ཀྱི་ཧེ་བག་ཆོད་པའི་བར་ཐག་ཇེ་ཉེ་ནས་ཇེ་ཉེ་ཡིན་པས་སོ། །

    2020ལོའི་ཟླ2པའི་ཚེས1ནས2ཉིན་བར།

རུ་མང་ཀླུ་མཁར་རྒྱལ་དུ་འབོད་པས་ཕ་ཡུལ་ནས༢༠༡༠ལོའི་ཟླ༢པའི་ཚེས༧ནས༨བར་བསྒྱུར་ཅིང་ཚེས༩ཉིན་འགྱུར་ཞུས་ཀྱིས་གཏན་ལ་ཕབ་པ་དགེའོ། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།