ཏུའུ་ཧྥུའུ། སྤྱི་ལོ712ནས770ལོའི་བར་ཡིན། རྒྱ་རིགས། ཕོ། དེང་གི་ཧུའུ་ནན་ཞིང་ཆེན་ཀུང་ཡུ་ཞེས་པར་འཁྲུངས། ཐང་རྒྱལ་རབས་དུས་སྐབས་ཀྱི་རླབས་ཆེན་གྱི་དངོས་ཡོད་རིང་ལུགས་ཀྱི་སྙན་ངག་མཁན་པོ། འཐུས་ཚབ་བརྩམས་ཆོས་ལ་སྙན་ངག《ཧྲི་ཧོའི་མངག་གཞུག》《དཔྱིད་གཟུགས》《མཐོ་སར་འཛེག་པ》《ཡའོ་དབྱང་ཐོག་ཁང་སྟེང་འཛེག་པ》《མཚན་མོའི་ཟླ་འོད》《གླག་བྲིས》སོགས་མང་ངོ་། །
མཚན་མོར་ཧྲི་ཧོ་གྲོང་དུ་བརྟོལ། །
མངག་གཞུག་དཔོན་གྱིས་དམག་འཛིན་མཐོང་། །
རྒན་པོ་གྱང་ལས་བརྒལ་ཏེ་འབྲོས། །
བགྲེས་མོས་སྒོ་གླགས་ཕྱེ་སྟེ་བལྟས།།
མངག་གཞུག་དཔོན་གྱི་ཚ་འདྲི་ལ།།
བགྲེས་མོས་མགྲིན་པ་བརྣངས་སྐད་ཀྱིས།།
བུ་གསུམ་ཡེ་ཁྲེང་མཁར་གྱི་མཐའ། །
བསྐོར་ཅིང་རྒོལ་བའི་གཡུལ་ལ་ཞུགས། །
སྤུན་མཆེད་ཟུང་གཅིག་འདས་པའི་བརྡ། །
ཤུལ་ལུས་བུ་ཡི་འཕྲིན་ལས་འབྱོར། །
གསོན་པོས་ཉི་མ་འཁྱོལ་ཐབས་དང་། །
གཤིན་པོ་འདས་ལོག་མེད་པའི་ཕྱིར། །
ཁྱིམ་དུ་ཚ་བོ་གཅིག་པུ་ལས། །
སྐྱེ་བོ་གཞན་གྱི་གཟུགས་ཀྱིས་སྟོངས། །
ལུས་ལ་ཁེབས་པའི་གོས་ཙམ་ཡང་། །
མེད་པས་མནའ་མ་འགྲོ་འོང་དཀའ། །
གུས་མོས་ལུས་སྟོབས་ཞན་ན་ཡང་། །
དཔུང་ལ་གཡོ་བསྐོལ་བྱ་ནུས་པས། །
ཧོ་དབྱང་དམག་སྐུལ་དང་ལེན་གྱིས། །
རྗེས་འབྲང་གཡུལ་སར་ད་ཆས་ཞེས། །
མདུན་ཕྱག་དང་བཅས་ཞུ་སྐད་ཐོས། །
མཚན་རིང་ལབ་སྒྲ་རབ་ཆད་ཀྱང་། །
ངུ་ངག་བར་མ་ཆད་པར་དོགས། །
ནམ་གསལ་མ་རན་འགྲོ་ཆས་ཚེ། །
རྒད་པོ་ཉིད་ལས་གྱེས་ཡུལ་དབེན། །
《ཀྲུང་གོའི་རྩོམ་རིག་བརྩམས་ཆོས་གྲགས་ཅན》ལས་བདམས།