སྐར་མ།

པི་ལི་ཧྲིའི་སྒྲུང་ཐུང་ཕྱོགས་བསྒྲིགས་ཤིག་ལས་བསམ་མེད་ཚོར་མེད་ངང་ངས་འདི་ལྟ་བུའི་ཚིག་ཅིག་མཐོང་བྱུང་།

“སྐར་ཚོགས། མཛེས་སྡུག་གི་སྐར་ཚོགས། ཁྱོད་ཚོ་མུ་མེད་ཀྱི་མཁའ་དབྱིངས་སུ་འཐོར་ཡོད་ལ་ངའང་ཁྱོད་ཚོ་ལྟར་ཡིན། ངས་ཁྱོད་ཚོ་རྟོགས་ཡོད། ……བདེན་ཏེ། ངས་ཁྱོད་ཚོ་རྟོགས་ཡོད།……ང་ནི་མི་ཞིག་ཡིན། ……མྱོང་ཚོར་བྱ་ནུས་པའི་མི་ཞིག་ཡིན། …… སྡུག་བསྔལ་གྱི་མི་ཞིག་ཡིན། ……སྐར་ཚོགས། མཛེས་སྡུག་གི་སྐར་ཚོགས། ……”

ངས་པི་ལི་ཧྲིའི་འཁོར་ལོའི་ས་ཚིགས་ག་གེ་མོའི་གླས་པ་ཆུང་ཆུང་དེའི་སྐྱོ་ཤས་ཀྱི་སེམས་ཁམས་རྟོགས་པ་དང་། མི་མང་པོ་ཞིག་གིས་དེ་ལྟར་ཨ་སྔོན་གྱི་སྐར་ཚོགས་ལ་སེམས་གཏམ་བཤད་མྱོང་ལ་ཁོ་ཚོ་ཚང་མ་ནི་མི་ཡུལ་གྱི་ལས་ངན་དག་རེད། སྐར་ཚོགས་ཀྱིས་ནམ་ཡང་ཁོ་ཚོར་ཚད་མེད་པའི་སེམས་གསོ་གནང་།

ཧྲང་ཧའེ་ཡི་གར་སྟེགས་ཆུང་ཆུང་ཞིག་གི་སྟེང་ངས་ཐུའུ་ཀི་ཉི་ཧྥུའི་སྨྱུག་འོག་གི་ལྗར་མན་གྱི་རོལ་མོ་བ་ལའོ་ལུང་མོན་མཐོང་བྱུང་། ཁོ་རང་རྣོ་སྦྲེང་གི་མདུན་དུ་འགྲེང་ནས་ཆེས་རླབས་ཆེ་བའི་བརྩེ་དུང་ཡོད་ཚད་གཞས་དབྱངས་ཁྲོད་བསྟིམས་ཤིང་། ཉན་མཁན་དག་ལ་ཕུལ་བའམ་ཡང་ན་མཐོངས་ཡངས་པའི་གནམ་འོག་ནས་འགྲེང་ཞིང་སྐྲ་དཀར་གཡོ་བའི་མགོ་བོ་གཡུག་བཞིན་བསྟོད་པའི་གདངས་ཀྱིས“ཁྱོད་ནི་མཛེས་སྡུག་གི་སྐར་ཚོགས། ཁྱོད་ནི་དྭངས་གཙང་གི་སྐར་ཚོགས།”ཞེས་ལེན་བཞིན་ཡོད་པ་དང་ཁོས་མིག་འབྲས་ལྟ་བུའི་འོད་དུ་འཚེར་བའི་བགྲང་ཡས་སྐར་ཚོགས་ལ་བལྟས་ཏེ་ཁོའི་མིག་མཐའ་མཆི་མས་བརླན་པ་མཐོང་བྱུང་།

ངས་རོལ་མོ་བ་རྒན་གྲས་འདིས་ཅིའི་ཕྱིར་མིག་ཆུ་འདོན་བཞིན་པ་རྟོགས་སོང་། དེ་ནི་རྣམ་ཤེས་རྒྱས་ཡོད་པའི་དཔྱིད་ཆར་ཡིན་སྲིད།

ངའི་ཁང་པའི་ཕྱི་རོལ་གྱི་མི་རིང་བའི་བར་ཁྱམས་དེ་ནས་ནམ་མཁའི་ཟུར་ཙམ་མཐོང་ཐུབ་ལ། དེ་ལས་མཁའ་དབྱིངས་ན་འཚེར་བའི་སྐར་ཆེན་ཁ་ཤས་མཐོང་ཐུབ། ངས་ནམ་རྒྱུན་གཟབ་ནན་གྱིས་མཛེས་སྡུག་གི་སྐར་ཆེན་དེ་དག་ལ་བལྟས་པ་ཡིན། དེ་དག་ནི་མི་ཞིག་གི་མིག་ཟུང་དང་འདྲ་ལ་སུན་སྣང་སྤུ་ཙམ་ཡང་མེད་པར་བླ་ལྷག་གི་སེམས་ཁུར་གྱིས་ང་ལ་བལྟས་འདུག མིག་ཟུང་དེ་དག་གཡོ་འགུལ་ཅུང་ཙམ་བྱུང་ན་ང་ལ་སྨོན་འདུན་ཐེངས་གཅིག་ཞུ་བ་དང་མཚུངས།

བདག་གི་མཁའ་དབྱིངས་ནས་སྐར་ཚོགས་ས་ལ་ལྷུང་མི་སྲིད། ངས་འདང་བརྒྱབ་སྟེ་མཚམས་འདིར་ཐོན་དུས་ངའི་མིག་མཐའ་ཡང་རློན་པར་གྱུར།

《ཀྲུང་ཕྱིའི་ལྷུག་རྩོམ་ལེགས་བསྒྲིགས》ལས་བདམས་ཏེ་བསྒྱུར།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།