ཀྲུང་གོ་བོད་ཀྱི་དྲ་བ།

དངུལ་སྒོར་ཞིག་གི་གཏམ་རྒྱུད།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : ཨན་ཐུའུ་ཧྲེང་གིས་བརྩམས།འཇམ་དབྱངས་མཁའ་འགྲོས་བསྒྱུར།   སྤེལ་དུས། : 2018-01-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གནའ་སྔ་མོར་སྒོར་ཟུར་ཞིག་ཡོད། ཁོ་རང་དངུལ་སྒོར་བཟོ་གྲྭ་ནས་ཐོན་དུས། བཀྲག་མདངས་འཚེར་ཞིང་གནམ་ལྡིང་ས་ལྡིང་བྱེད་ཞོར“ཁྲི་ལོར་ཤོག ང་རང་ད་ལྟ་ཁོད་ཡངས་པའི་འཇིག་རྟེན་དུ་འགྲོ་རྒྱུ་ཡིན”ཞེས་སྐད་གསང་མཐོན་པོས་བཤད་པ་དང་། གཞི་ནས་འཇིག་རྟེན་གྱི་ཟང་ཟིང་ཁྲོད་ཞུགས་པ་རེད།

བྱིས་པའི་དྲོ་འཇམ་གྱི་ལག་པས་ཁོ་ལ་གཅིར་བ་དང་། སེར་སྣ་ཅན་གྱི་འབྱར་བག་ཆེ་ཞིང་འཁྱག་སིབ་སིབ་ཀྱི་ལག་པས་དམ་དུ་སྡོམ། རྒན་པ་ཚོས་ཡང་དང་བསྐྱར་དུ་སྟེང་འོག་བརྗེ་བཞིན་བལྟ་བར་བྱེད། ན་གཞོན་ཚོས་དེ་མ་ཐག་བེད་སྤྱོད་བྱེད། སྒོར་ཟུར་དེ་ནི་དངུལ་གྱིས་བཟོས་པ་དང་ཟངས་ཀྱི་གྲུབ་ཆ་ཧ་ཅང་ཉུང་། ཁོ་རང་འཇིག་རྟེན་འདི་རུ་སླེབས་ནས་ལོ་ངོ་གཅིག་འགོར་ཟིན། ཡིན་ན་ཡང་ཉིན་ཞིག་གི་ཚེ་ཁོ་རང་ཕྱི་རྒྱལ་ལ་ཡུལ་སྐོར་དུ་འགྲོ་དགོས་བྱུང་། ཁོ་ནི་ཡུལ་སྐོར་པའི་དངུལ་ཁུག་ནང་གི་ཆེས་རྗེས་མར་ལུས་པའི་རང་རྒྱལ་གྱི་དངུལ་སྒོར་དེ་ཡིན་ཏེ།མི་དྲག་དེས་སྒོར་ཟུར་དེ་ལེན་སྐབས་ད་གཟོད་ཁོ་རང་ཡོད་པ་ཤེས།

ཁོས“ངའི་ལག་ཏུ་ད་རུང་རང་རྒྱལ་གྱི་སྒོར་ཟུར་ཞིག་ལྷག་འདུག་ཨང་།ཁོ་རང་ང་དང་མཉམ་དུ་ཡུལ་སྐོར་དུ་འགྲོ་ཆོག”ཅེས་བཤད།

ཡུལ་སྐོར་པས་སྒོར་ཟུར་དེ་སླར་ཡང་དངུལ་ཁུག་ཏུ་འཇུག་དུས། སྒོར་ཟུར་ནི་དགའ་བས་ཁེངས་ཏེ་སིལ་སིལ་གྱི་སྒྲ་གྲགས་བཞིན་འཕག་ལྡིང་བྱས། ད་ལྟ་ཁོ་རང་རྒྱུས་མེད་ཀྱི་གྲོགས་པོ་འགའ་དང་མཉམ་དུ་ཡོད་ལ། གྲོགས་པོ་དེ་ཚོ་ཕར་འགྲོ་ཚུར་འོང་བྱས་ཏེ་རྗེས་ནས་ཡོང་མཁན་དག་ལ་འདུག་ས་བསྐྱུར་བར་བྱེད། འོན་ཀྱང་རང་རྒྱལ་གྱི་སྒོར་ཟུར་དེ་ནི་ནམ་ཡང་དངུལ་ཁུག་ནང་དུ་ལུས་བསྡད་ཡོད། དེ་ནི་གཟི་བརྗིད་ཅིག་རེད།

གཟའ་འཁོར་མང་པོ་ཞིག་འགོར་སོང་ལ། སྒོར་ཟུར་ནི་འཛམ་གླིང་སྟེང་ནས་ཡུན་རིང་དུ་བརྒྱུགས་དྲགས་པས། ཐ་ན་ཁོ་རང་ཉིད་ཀྱིས་ཀྱང་ས་ཆ་གང་དུ་སླེབས་ཡོད་པ་མི་ཤེས་པར་གྱུར། ཁོས་དངུལ་སྒོར་གཞན་པའི་ངག་སྒྲོས་ལས་ཁོ་ཚོ་ནི་ཧྥ་རན་སིས་བཟོས་པ་མིན་ན་དབྱི་ཐ་ལིས་བཟོས་པ་ཡིན་པ་རེད་ཅེས་ཐོས། གཅིག་གིས་ཁོ་ཚོ་ད་ལྟ་གྲོང་ཁྱེར་ག་གེ་མོ་ཞིག་ལ་སླེབས་ཡོད་པར་བཤད་ལ། གཞན་ཞིག་གིས་ཁོ་ཚོ་ས་ཆ་ག་གེ་མོ་ཞིག་ལ་སླེབས་ཡོད་པར་བཤད། ཡིན་ཡང་སྒོར་ཟུར་གྱིས་བཤད་ཚུལ་དེ་དག་ལ་གོ་བ་གཏན་ནས་ལོན་མ་ཐུབ། གལ་ཏེ་མི་ཞིག་ནམ་ཡང་ཁུག་མའི་ནང་དུ་བསྡད་ཚེ་ཅི་ཡང་མཐོང་མི་ཐུབ་པ་བཤད་མི་དགོས་ལ། སྒོར་ཟུར་གྱི་གནས་ཚུལ་ཡང་དངོས་གནས་དེ་ལྟར་རེད།

ཡིན་ན་ཡང་། ཉིན་ཞིག་ཁོ་དངུལ་ཁུག་ནང་དུ་བསྡད་ཡོད་དུས། དངུལ་ཁུག་གི་ཁ་བསུམ་མེད་པ་མཐོང་བས། ཁོས་འཇབ་བུའི་སྟབས་ཀྱིས་ཁུག་མའི་ཁ་རུ་འཛེགས་ཏེ་ཕྱི་ལ་ལྟ་ཙམ་བྱས། ཁོས་དེ་ལྟར་བྱེད་མི་རུང་པ་ཤེས་ན་ཡང་ཡ་མཚན་ཆེན་པོ་སྐྱེས། མི་རྣམས་ཀྱིས་རྒྱུན་དུ་སེམས་ཀྱི་མཚར་འཛིན་གྱི་བློ་དེའི་བསླུ་བྲིད་ཟློག་མི་ཐུབ་པར་རང་སྡུག་རང་གིས་ཉོ་བཞིན་ཡོད། ཁོ་དལ་མོའི་ངང་དོར་མའི་གློ་ཁུག་ནང་དུ་བྲོས་སོང་། དེའི་དགོང་མོར། དངུལ་ཁུག་ཕྱི་རོལ་ཏུ་ལེན་པའི་སྐབས། སྒོར་ཟུར་ནི་སྔོན་གྱི་གནས་ལས་ཕྱིར་ལ་ལྷུང་། ཁོ་གོན་རྒྱུ་གཞན་པ་དང་མཉམ་དུ་བར་ཁྱམས་སུ་ཁྱེར་རྗེས། ས་ལ་ལྷུང་བ་སུས་ཀྱང་མ་ཐོས་ལ་སུས་ཀྱང་མ་མཐོང་ངོ་། །

ཕྱི་ཉིན་གྱི་ཞོགས་པར། གྱོན་གོས་དེ་དག་ཡང་བསྐྱར་ཁང་པའི་ནང་དུ་བསྐྱལ་ཡོང་སྟེ། མི་དྲག་དེས་གྱོན་ནས་མུ་མཐུད་དུ་ཡུལ་སྐོར་ལ་བུད་སོང་རུང་།སྒོར་ཟུར་ཤུལ་དུ་ལུས་འདུག་པས། ཁོ་གཞན་གྱིས་རྙེད་དེ་ཡང་བསྐྱར་མི་རྣམས་ལ་ཞབས་འདེགས་མི་ཞུ་ཐབས་མེད་དུ་གྱུར། ཁོ་སྒོར་ཟུར་གཞན་པ་གསུམ་དང་མཉམ་དུ་བཀོལ་སྤྱོད་བྱས་སོང་།

སྒོར་ཟུར་གྱི་སེམས་སུ“ཉེ་འཁོར་གྱི་བྱ་དངོས་མང་པོ་མཐོང་ཐུབ་པ་ནི་དགའ་འོས་པ་ཞིག་ཡིན་ལ།མི་མང་པོ་ཞིག་ངོ་ཤེས་པ་དང་ཡུལ་སྲོལ་གོམས་གཤིས་མང་པོ་རྟོགས་པ་དེ་ཡང་སྤྲོ་འོས་པ་ཞིག་ཡིན”པར་སྙམ།

སྐབས་དེར་མི་ཞིག་གིས“འདི་ནི་ཅི་འདྲའི་སྒོར་ཟུར་ཞིག་རེད།འདི་རྒྱལ་ཁབ་འདིའི་སྒོར་ཟུར་མ་རེད།གོ་ཅི་ཡང་མི་ཆོད་པའི་སྒོར་ཟུར་རྫུན་མ་ཞིག་རེད”ཅེས་བཤད།

སྒོར་ཟུར་གྱི་གཏམ་རྒྱུད་ནི་དེ་ལྟར་མགོ་བརྩམས་པ་ཡིན།

སྒོར་ཟུར་གྱིས“གོ་ཅི་ཡང་མི་ཆོད་པའི་སྒོར་རྫུན་མ་ཞེས་པའི་ཚིག་དེ་ཐོས་དུས་དངོས་གནས་ཡིད་སྐྱོ་བྱུང་། ངས་རང་ཉིད་ནི་དངུལ་ཡག་ཤོས་ཀྱིས་བཟོས་པ་ཤེས་ཡོད་དེ། རྡུང་དུས་དངུལ་གྱི་སྒྲ་གྲགས་ལ་ལུས་ཐོག་གི་ཐམ་ཀ་ཡང་ངོ་མ་ཡིན། མི་འདི་ཚོ་འཕྱུག་སོང་བ་ཡིན་ངེས། ཁོ་ཚོས་བཤད་པ་དེ་ང་ཡིན་རྒྱུ་མ་རེད། འོན་ཀྱང་ཁོ་ཚོས་ང་ལ་བཤད་པ་མིན་ན། ང་ལ་རྫུན་མ་རེད་ཅེས་བཤད་ཅིང་།གོ་ཅི་ཡང་མི་ཆོད་པར་ལབ། ངའི་བདག་པོས“ངས་ལྐོག་ནས་མགྱོགས་མྱུར་གྱིས་སྒོར་འདི་བེད་སྤྱོད་དགོས”ཞེས་བཤད་རྗེས་ང་མཚན་མོར་བརྒྱུད་འཚོང་བྱེད་པ་དང་ཉིན་དཀར་མི་གཞན་གྱིས“སྒོར་རྫུན་མ་འདིས་གོ་ཅི་ཡང་མི་ཆོད།ངས་མགྱོགས་པོར་བེད་སྤྱོད་བྱ་དགོས”ཞེས་དམོད་པ་བྱས།

སྐབས་རེར་སྒོར་ཟུར་དེ་ལྐོག་ནས་རང་རྒྱལ་གྱི་དངུལ་སྒོར་ཞིག་ཏུ་བརྩིས་ཏེ་བརྒྱུད་འཚོང་བྱེད་དུས། ཁོ་མི་གཞན་གྱི་ལག་ནས་འདར་ཡོམ་ཡོམ་བྱེད།

ང་ནི་ཅི་འདྲའི་ཉམ་ང་བའི་སྒོར་ཟུར་ཞིག་རེད་ཨང་།གལ་སྲིད་ངའི་ལུས་ཀྱི་དངུལ་དང་ངའི་རིན་ཐང་།ད་དུང་ལུས་ཐོག་གི་ཐམ་ཀ་དག་ལ་ཕན་ནུས་ཅི་ཡང་མེད་ན།ཁོ་ཚོ་ང་ལ་མཚོན་ན་དོན་སྙིང་ཅི་ཡོད་དམ།འཇིག་རྟེན་པའི་མིག་ལམ་དུ་མི་རྣམས་ཀྱིས་ཁྱོད་རང་རིན་ཐང་ལྡན་པར་ངོས་འཛིན་བྱས་ན་ད་གཟོད་ཁྱོད་ལ་རིན་ཐང་ཡོད།མ་གཞི་ང་ལ་ཉེས་པ་མེད་ཀྱང་།ཕྱི་ཚུལ་གྱི་རྣམ་པས་རང་ཉིད་ལ་གནོད་པས་ཉེས་པ་ཡོད་པར་མངོན།དེ་ནས་ང་རང་སྡིག་ཉེས་ཀྱི་ལམ་བུའི་ཐོག་ནས་ལྐོག་ལྐོག་སུད་སུད་ཀྱིས་ཡར་ནུར་མར་ནུར་མི་བྱེད་ཐབས་མེད་བྱུང་།དེར་བརྟེན་ང་རང་ཡིད་མི་བདེ་བ་བྱུང་།འདི་ནི་དངོས་གནས་འཇིགས་སུ་རུང་བ་ཞིག་ཡིན་འདུག ནམ་རྒྱུན་ང་ཕྱིར་འདོན་པའི་སྐབས་སུ།འཇིག་རྟེན་པས་ང་ལ་ལྟ་བའི་མིག་དེ་དག་དྲན་མ་ཐག་འདར་སིག་སིག་ཏུ་འགྱུར། རྒྱུ་མཚན་ནི་ང་ཁྲམ་པ་དང་རྫུན་མ་ཞིག་ཏུ་ངོས་བཟུང་ནས་ཅོག་ཙེའི་ཐོག་ཏུ་གཡུག་ངེས་པས་རེད།

ཐེངས་ཤིག་ང་རང་དབུལ་ཕོངས་ཀྱི་རྒན་མོ་ཞིག་གི་ཉིན་གཅིག་ལ་དཀའ་སྤྱད་ངལ་རྩོལ་བྱས་པའི་གླ་ཕོགས་སུ་གྱུར་ཚེ། མོས་ང་རང་བཀོལ་སྤྱོད་བྱེད་ཐབས་རྩ་བ་ནས་མ་རྙེད། སུས་ཀྱང་ང་རང་ལེན་རོགས་མ་བྱས་པས། མཇུག་མཐར་ང་ནི་ཁོ་མོའི་སེམས་ནད་ཅིག་ཏུ་གྱུར་སོང་།

མོས“ངས་སྒོར་ཟུར་འདིས་མི་ཞིག་ལ་མགོ་སྐོར་མི་གཏོང་ཐབས་མེད་ཡིན།རྒྱུ་མཚན་ནི་ང་ལ་སྒོར་ཟུར་རྫུན་མ་འདི་ཉར་ཚགས་བྱེད་པའི་ནུས་པ་མེད།ཕྱུག་པོ་བག་སོབ་ལས་མཁན་དེར་ཕལ་ཆེར་མཁོ་རྒྱུ་རེད།ཁོ་ལ་གྱོང་འདི་འཁུར་བའི་ནུས་པ་ཡོད་རྒྱུ་རེད།དེ་ལྟར་ན་ཡང་ངས་འདི་ལྟར་བསྒྲུབ་པ་ནི་ངོ་མ་ནོར་འཁྲུལ་ཞིག་ཡིན”ཞེས་བཤད།

སྒོར་ཟུར་གྱིས་དབུགས་རིང་ཞིག་བཏོན་ནས“དེ་ལྟར་ཡིན་ན་ང་རྒན་མོ་འདིའི་སེམས་ཀྱི་ཁུར་པོ་མི་བྱེད་ཀ་མེད་རེད། ང་ཚེ་སྨད་ལ་སླེབས་དུས་ཀྱང་དངོས་གནས་འདི་འདྲའི་ཉམ་ཐག་པ་ཞིག་ཏུ་འགྱུར་དགོས་སམ”ཞེས་བཤད།

དེ་ནས་རྒན་མོ་དེ་བག་སོབ་ལས་མཁན་གྱི་སར་སོང་མོད། ཁོ་ནི་ཁྲོམ་རར་དར་ཁྱབ་ཆེ་བའི་སྒོར་ཟུར་ལ་རྒྱུས་མངའ་ཆེ་བས། ང་དང་ལེན་མ་བྱས། དེ་བས་ཁོས་ཐད་ཀར་ང་རང་རྒན་མོའི་ལག་ཏུ་གཡུགས་པས། རྒན་མོས་ང་སྤྱད་ནས་བག་སོབ་ཉོ་མ་ཐུབ། དེ་དུས་ང་རང་ཡིད་རབ་ཏུ་སྐྱོ་ལ། རང་ཉིད་གཞན་གྱི་སྡུག་བསྔལ་གྱི་འབྱུང་གཞི་རུ་གྱུར་སོང་སྙམ། ཡིན་ན་ཡང་ང་གཞོན་དུས་སུ་ཅི་འདྲའི་སྤྲོ་སྐྱིད་ལྡན་པ་དང་ཅི་འདྲའི་སྤོབས་པ་ཆེ་བ་ཞིག་ཡིན་ཨང་། དེ་དུས་ངས་རང་གི་རིན་ཐང་དང་ལུས་ཐོག་གི་ཐམ་ཀ་རྟོགས་ཀྱིན་ཡོད། ངོ་མ་ཡིད་སྐྱོ་བ་ཞིག་རེད། མི་གཞན་ལ་མི་མཁོ་བའི་སྒོར་ཟུར་ཞིག་ལ་ཡོད་པའི་སྡུག་བསྔལ་ཡོད་ཚད་ང་ལའང་མཆིས། འོན་ཀྱང་རྒན་མོ་དེས་སླར་ཡང་ང་རང་ཁྱིམ་ལ་ཁྱེར་ཏེ། བྱམས་བརྩེ་དང་ལྷོད་འཇམ་གྱིས་ང་ལ་ལྟ་བཞིན“མིན། ངས་ཁྱོད་བེད་སྤྱད་ནས་སུ་ལའང་མགོ་སྐོར་གཏོང་རྒྱུ་མིན། ངས་ཁྱོད་ཀྱི་ལུས་ཐོག་ཏུ་ཁུང་བུ་ཞིག་ཕུག་ནས་མི་རྣམས་ཀྱིས་བལྟས་མ་ཐག་ཁྱོད་རང་རྫུན་མ་ཞིག་ཡིན་པ་ཤེས་སུ་འཇུག་འདོད་མོད། ངས་ད་སོ་མར་ཁྱོད་ནི་ཕལ་ཆེར་བཀྲ་ཤིས་པའི་སྒོར་ཟུར་ཞིག་ཡིན་པར་སྙམ་བྱུང་།ངས་འདི་ནི་བདེན་པ་ཡིན་པར་ཡིད་ཆེས། ངས་སྒོར་ཟུར་འདིའི་ཐོག་ཏུ་ཁུང་བུ་ཞིག་ཕུག་སྟེ་སྐུད་པ་གཅིག་དྲངས་རྗེས་སྒོར་ཟུར་འདི་ཉིད་བཀྲ་ཤིས་པའི་སྒོར་ཟུར་ཞིག་ཏུ་བརྩིས་ནས་ཁྱིམ་མཚེས་བྱིས་པ་ཞིག་གི་སྐེ་ལ་འདོགས་རྒྱུ་ཡིན”ཞེས་བཤད།

དེ་བས་ཁོ་མོས་ངའི་ལུས་ཐོག་ཏུ་ཁུང་བུ་ཞིག་ཕུག་བྱུང་། མི་གཞན་གྱིས་ལུས་ཐོག་ཏུ་ཁུང་བུ་འབིགས་པ་ནི་དགའ་འོས་པའི་དོན་ཞིག་མིན་པ་ལོས་ཤེས། འོན་ཀྱང་མི་རྣམས་ཀྱིས་དེ་ལྟར་བྱེད་པའི་དམིགས་ཡུལ་ནི་ཡག་པོ་ཞིག་ཡིན་ན། སྡུག་བསྔལ་ཆེན་པོ་ཡོད་ཀྱང་བཟོད་སྒོམ་བྱེད་ཐུབ། ངའི་ལུས་ཐོག་ཏུ་སྐུད་པ་ཞིག་དྲངས་རྗེས། ང་རང་མཚན་རྟགས་ཤིག་ཏུ་གྱུར་ནས་བྱིས་པ་ཞིག་གི་སྐེ་ལ་བཏགས། བྱིས་པ་དེས་ང་ལ་འཛུམ་མདངས་སྟོན་ཞིང་འོ་བྱེད། ང་རང་མཚན་གང་བོར་ཁོའི་དྲོད་འཇམ་དང་ལྷད་མེད་ཀྱི་བྲང་ཁ་རུ་ཉལ་བ་ཡིན།

ཞོགས་པའི་དུས་སུ་བྱིས་པའི་ཨ་མས་ང་རང་ལག་ཏུ་བཟུང་ནས་ཞིབ་དཔྱོད་བྱས་བྱུང་། ཁོ་མོར་བསམ་ཚུལ་ཞིག་ཡོད་པ་དེ་ངས་མྱུར་དུ་ཚོར། དེ་ནས་མོས་ཁེ་གྲི་ཞིག་ཁྱེར་ཡོང་ནས་སྐུད་པ་དེ་བྲེགས་སོང་།

ཁོ་མོས“བཀྲ་ཤིས་པའི་སྒོར་ཟུར་ཞིག་ཡིན་མིན་ང་ཚོས་མྱུར་བར་ཤེས་ཡོང”ཟེར།

ཁོ་མོས་ང་སྐྱུར་ཆུའི་ནང་དུ་བཞག་ནས་ངའི་ལུས་ཡོངས་རྫོགས་ལྗང་ཁུར་བསྒྱུར། དེ་ནས་ངའི་ལུས་ཀྱི་ཁུང་བུ་གསོས་རྗེས་ང་ཅུང་ཙམ་ཕྱིས་བྱུང་། ཉི་མ་ནུབ་ཁར་ང་རྒྱན་ཤོག་བཙོང་མཁན་ཞིག་གི་གམ་དུ་ཁྱེར་ཅིང་། ང་བཙོངས་ཏེ་མོ་རང་ཕྱུག་པོར་འགྱུར་བྱེད་ཀྱི་རྒྱན་ཤོག་གཅིག་ཉོས།

ང་ནི་ཅི་འདྲའི་སྐྱོ་བ་ལ་ཨང་། ངའི་སེམས་ལ་ཟུག་རྔུ་སྐྱེད་པའི་ཚོར་བ་ཞིག་བྱུང་སྟེ། ཕལ་ཆེར་གས་འགྲོ་བ་ཞིག་དང་མཚུངས། ངས་མི་རྣམས་ཀྱིས་ང་རང་ལ་སླར་ཡང་དངུལ་སྒོར་རྫུན་མ་ཟེར་ནས་གནས་གཞན་ལ་གཡུག་འགྲོ་བ་ཤེས་པར་མ་ཟད་སྒོར་ཟུར་དང་དངུལ་སྒོར་མང་པོའི་མདུན་ནས་གཡུག་རྒྱུ་ཡིན་པ་ཤེས། ཁོ་ཚོའི་གདོང་ལ་ཡི་གེ་དང་འདྲ་བརྙན་བརྐོས་ཡོད་པས་ང་རྒྱལ་སྐྱེ་ཆོག ཡིན་ན་ཡང་ང་བྲོས་སོང་།རྒྱན་ཤོག་བཙོང་མཁན་གྱི་ཁང་པའི་ནང་དུ་མི་མང་པོ་ཡོད་དེ། ཁོ་བྲེལ་བ་ཆེ་བས་ང་སིལ་སིལ་ཀྱི་སྒྲ་ཞིག་གྲགས་པ་དང་བསྟུན་ནས་དངུལ་སྒོར་གཞན་དང་མཉམ་དུ་སྒམ་ཆུང་ནང་དུ་འགྲིལ་སོང་། ངའི་རྒྱན་ཤོག་དེས་དོན་དུ་རྒྱན་ཐོབ་ཡོད་མེད་ངས་ཅི་ཡང་མི་ཤེས། རེད་དེ། ངས་དོན་དག་གཅིག་ཤེས་པ་དེ་ནི་ཕྱི་ཉིན་གྱི་ཞོགས་པར་མི་རྣམས་ཀྱིས་ང་ནི་སྒོར་རྫུན་མ་ཞིག་ཡིན་པ་ཤེས་ནས་ཡང་བསྐྱར་ཁྱེར་ཏེ་མུ་མཐུད་དུ་གཞན་ལ་མགོ་སྐོར་གཏོང་བཞིན་འདུག དེ་ནི་ཡིད་མུག་པའི་དོན་ཞིག་རེད།

དུས་ཡུན་རིང་པོ་ཞིག་ལ། ང་ནི་ལག་པ་ཞིག་ནས་ལག་པ་གཞན་ཞིག་ཏུ་སྤྲོད་པ་དང་། འདི་ཚང་ནས་དེ་ཚང་དུ་འགྲོ། རྒྱུན་དུ་གཞན་གྱིས་དམོད་པ་དང་མཐོང་ཆུང་བྱས། སུས་ཀྱང་ང་ལ་ཡིད་ཆེས་མི་བྱེད་པས། ང་ནི་རང་ཉིད་དང་མི་རྣམས་ལའང་ཡིད་མི་ཆེས་པར་གྱུར་སོང་། དེ་ནི་དངོས་གནས་དཀའ་ཁག་ཆེ་བའི་འཚོ་བ་ཞིག་རེད་ཨང་།

མཐར་ཉིན་ཞིག་ལ་ཡུལ་སྐོར་པ་ཞིག་སླེབས་བྱུང་། ད་ནི་ང་ཁོའི་ལག་ཏུ་སྤྲོད་རྒྱུ་ལོས་ཡིན། མི་དེ་ཡང་དྲང་མོ་ཞིག་ཡིན་པས་ང་རང་དང་ལེན་བྱས་ནས་ཀུན་གྱིས་སྤྱོད་པའི་དངུལ་སྒོར་ཞིག་ཏུ་བརྩིས་མོད།ཡིན་ན་ཡང་ཁོས་ཀྱང་ང་བེད་སྤྱོད་བསམ་བཞིན་འདུག་པས་ངས་སླར་ཡང“གོ་ཅི་ཡང་མི་ཆོད་པའི་སྒོར་རྫུན་མ”ཟེར་བ་ཐོས།

མི་དེས“ངས་ཁོ་རང་རྒྱུ་དངོས་མ་ཞིག་ལ་བརྩིས་ནས་བླངས་པ་ཡིན”ཞེས་བཤད། དེ་ནས་ཁོས་ང་ལ་ཞིབ་ཏུ་བལྟས་རྗེས་གློ་བུར་དུ་གདོང་ལ་འཛུམ་མདངས་ཤིག་མངོན་བྱུང་། ཁོས“ཧེ། འདི་ཅི་རེད། འདི་མ་གཞི་རང་རྒྱལ་གྱི་དངུལ་སྒོར་ཞིག་རེད། ངའི་ཕ་ཡུལ་ནས་ཁྱེར་ཡོང་བའི་གཞུང་དྲང་ཞིང་ཆེས་བཟང་བའི་སྒོར་ཟུར་ཞིག་ཡིན་མོད།ཡིན་ན་ཡང་མི་རྣམས་ཀྱིས་ཁོར་ཁུང་བུ་ཕུག་ནས་ད་དུང་སྒོར་རྫུན་མ་ཞིག་ཏུ་བརྩིས། འོ་རེད། འདི་དངོས་གནས་དོན་ཡ་མཚན་ཞིག་རེད། ངས་འདི་ཉར་ཚགས་བྱས་ནས་ཁྱིམ་དུ་འཁྱེར་དགོས”ཞེས་བཤད།

གཞན་གྱིས་ང་ནི་གཞུང་དྲང་ཞིང་ཆེས་བཟང་བའི་སྒོར་ཟུར་ཞིག་རེད་ཟེར་བ་ཐོས་མ་ཐག ངའི་ཡིད་ལ་སྤྲོ་སྣང་རབ་ཏུ་སྐྱེས། ད་ལྟ་ང་ནི་ཁྱིམ་ལ་འཁྲིད་རྒྱུ་རེད། གནས་དེ་ནས་མི་ཚང་མས་ངའི་ངོ་ཤེས་པ་དང་ང་ནི་དངུལ་དག་མས་བཟོས་པ་དང་ཐམ་ཀ་བརྒྱབ་ཡོད་པ་ཤེས་ངེས། ང་ལ་དགའ་སྣང་དྲག་པོ་སྐྱེས། ལུས་ནས་མེ་སྟག་འཚུབ་ལ་ཉེ། ཡིན་ན་ཡང་ང་ལ་དོན་དུ་ལུས་ནས་མེ་སྟག་འཚུབ་པའི་ནུས་པ་མེད། དེ་ནི་ལྕགས་ཀྱི་རང་བཞིན་ཡིན་པ་ལས་དངུལ་སྒོར་གྱི་རང་བཞིན་མིན།

སྒོར་མོ་གཞན་དང་མཉམ་དུ་མི་བསྲེས་པའི་ཆེད་དུ་ང་རང་དྭངས་ཤིང་གཙང་བའི་ཤོག་བུ་ཞིག་གི་ནང་དུ་བཏུམས། དགའ་སྟོན་དང་རང་རྒྱལ་གྱི་མི་མང་པོ་འཛོམས་དུས་ད་གཟོད་ང་ཕྱིར་བླངས་ནས་ཚང་མར་སྟོན་པ་ཡིན། ཚང་མས་ང་ལ་བསྟོད་བསྔགས་བྱེད། ཁོ་ཚོས་ང་ནི་ཡ་མཚན་ཞིག་རེད་ཟེར། མི་ཞིག་གིས་ཚིག་གཅིག་ཀྱང་མ་བཤད་ན་ཡང་ཡ་མཚན་ཞིག་ཏུ་བརྩི་བ་དེ་ཡང་ངོ་མ་ཡ་མཚན་རེད།

“མཐར་ང་ཁྱིམ་དུ་སླེབས། ངའི་སེམས་ཀྱི་སྡུག་ཡོད་ཚད་དུས་དེ་ནས་བཟུང་མཇུག་རྫོགས་པ་དང་། ངའི་སྐྱིད་ཀྱི་ཉི་མ་ཡང་བསྐྱར་ཤར་བྱུང་། རྒྱུ་མཚན་ང་ནི་དངུལ་ཡག་པོས་བཟོས་པ་དང་ཐམ་ཀ་ངོ་མ་བརྒྱབ་ཡོད། ད་ནས་བཟུང་ངས་ཅི་ལ་ཡང་སེམས་ཁུར་བྱ་མི་དགོས། མ་གཞི་ངའི་ལུས་སྟེང་ལ་ཁུང་བུ་ཞིག་ཕུག་སྟེ་དངུལ་སྒོར་རྫུན་མ་ཞིག་དང་འདྲ་ན་ཡང་། གལ་ཏེ་མ་གཞི་ནས་རྫུན་མ་ཞིག་མིན་ན་སྐྱོན་ཅི་ཡོད་དམ། མི་ཞིག་ལ་མ་ཉེས་ཁག་གཡོག་ཅི་འདྲ་ཐེབས་ཀྱང་མཐའ་མཇུག་དཀར་འདོན་བྱེད་ཐུབ། དེ་ནི་ངའི་དད་མོས་ཡིན”ཞེས་སྒོར་ཟུར་གྱིས་དེ་ལྟར་བཤད། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།