ཀྲུང་གོ་བོད་ཀྱི་དྲ་བ།

བླུན་པོ་ཧན་སི།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : ཨན་ཐུའུ་ཧྲེང་གིས་བརྩམས།ལྷ་མོ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2018-01-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གྲོང་གསེབ་ཏུ་གནའ་བོའི་ཁང་པ་ཞིག་ཡོད་པ་དང་དེའི་ནང་དུ་ལོ་ན་བགྲེས་པའི་སྐུ་དྲག་ཅིག་བསྡད་ཡོད། ཁོ་ལ་སྤྱང་གྲུང་ལྡན་པའི་བུ་གཉིས་ཡོད་དེ། ཁོ་ཚོས་རང་ཉིད་ཀྱི་རིག་པ་དེའི་ཕྱེད་ཙམ་བཀོལ་བས་ཆོག་སྟེ། ཕྱེད་ཙམ་ནི་ལྷག་མ་ཡིན། ཁོ་ཚོས་རྒྱལ་པོའི་སྲས་མོ་ལ་གཉེན་སློང་འདོད་ཡོད་པར་མ་ཟད་དེ་ལྟར་བྱེད་ཀྱང་ཕོད། རྒྱུ་མཚན་ནི་རྒྱལ་པོའི་སྲས་མོས་སུས་རང་ཉིད་ཀྱི་ནུས་པ་མངོན་ཐུབ་ཚེ་དེ་ནི་ངའི་ཁྱོ་ག་བྱ་རྒྱུ་ཡིན་ཞེས་ཁྱབ་སྒྲོག་བྱས་ཡོད།

མི་དེ་གཉིས་ཀྱིས་གཟའ་འཁོར་ཧྲིལ་པོ་གཅིག་ལ་གྲ་སྒྲིག་བྱས་ཡོད་པ་དང་དེ་ནི་ཁོ་ཚོ་འགོར་ཡུན་ཆེས་རིང་བའི་དུས་ཚོད་ཡིན། འོན་ཀྱང་། དེ་ཡང་མང་དྲགས་སོང་། རྒྱུ་མཚན་ནི་ཁོ་ཚོར་ཡོན་ཏན་གྱིས་བྱུར་བུར་གཏམས་པ་དེས་ཀྱང་ཕན་ཐོགས་ཡོད། མི་གཅིག་གིས་ལ་ཏིང་ཡི་གེའི་ཚིག་མཛོད་ཧྲིལ་པོ་དང་གྲོང་ཁྱེར་དེའི་ལོ་གསུམ་གྱི་ཚགས་པར་ལ་མགོ་མཇུག་བར་གསུམ་ནས་ངག་ཐོག་ཏུ་ཆུ་བཞིན་རྒྱུག་པར་བྱས་པ་རེད། མི་ཅིག་ཤོས་ཀྱིས་ཀུང་སིའི་སྐོར་གྱི་བཅའ་ཁྲིམས་དང་གྲོང་ཁྱེར་སྲིད་གཞུང་གི་གྲོས་མི་རེ་རེས་ཤེས་དགོས་པའི་རིགས་བྱང་ཆུབ་པར་བྱས། དེའི་རྐྱེན་གྱིས་ཁོས་རྒྱལ་ཁབ་ཀྱི་དོན་ཆེན་ཡང་གླེང་ཐུབ་སྙམ། གཞན་ཡང་ཁོས་ད་དུང་དོར་མའི་སྐ་རགས་ཀྱི་ངོས་ལ་མེ་ཏོག་གཙགས་ཤེས་ཤིང་། དེ་ནི་ཁོ་རང་ལག་རྩལ་འཛོམས་པའི་བབ་ཆགས་ཀྱི་མི་ཞིག་ཡིན་པའི་ཕྱིར་རོ། །

“ང་ལ་སྲས་མོ་འདི་ཐོབ་དགོས” ཁོ་གཉིས་ཀྱིས་མགྲིན་གཅིག་ཏུ་བཤད།

དེར་བརྟེན་ཨ་ཕས་ཁོ་གཉིས་ལ་རྟ་མཆོག་རེ་གནང་། ཚིག་མཛོད་ཧྲིལ་པོ་དང་ལོ་གསུམ་གྱི་ཚགས་པར་བློར་འཛིན་ཐུབ་པའི་སྤུན་དེ་ལ་རྟ་ནག་པོ་ཞིག་ཐོབ་པ་དང་། རྒྱལ་ཁབ་ཀྱི་དོན་ཆེན་དང་མེ་ཏོག་འཚེམ་ཤེས་པའི་སྤུན་དེ་ལ་གཡུ་མདོག་གི་རྟ་མཆོག་ཅིག་ཐོབ། གཏམ་ཁ་ལ་བྱང་བའི་སླད་དུ་ཁོ་ཚོས་རང་ཉིད་ཀྱི་མཆུ་སྒྲོས་ལ་ཉ་མཆིན་གྱི་སྣུམ་བྱུགས། གཡོག་པོ་ཚང་མ་ར་བའི་ནང་དུ་ལངས་ཏེ་ཁོ་གཉིས་རྟ་ལ་ཞོན་པར་བལྟས། སྐབས་དེར་གློ་བུར་དུ་སྐུ་སྲས་གསུམ་པ་ཐོན་བྱུང་། ཁོ་ཚོ་སྤུན་མཆེད་གསུམ་ཡོད་ནའང་སུ་ཞིག་གིས་ཀྱང་ཁོ་རང་སྤུན་ཟླ་ཞིག་ལ་བརྩིས་མེད། རྒྱུ་མཚན་ནི་ཁོ་ལ་ཕུ་བོ་གཉིས་དང་འདྲ་བའི་ཤེས་ཡོན་མེད་པས། མི་ཕལ་ཆེ་བས་ཁོ་ལ“བླུན་པོ་ཧན་སི”ཟེར།

“ཁྱོད་ཚོས་དེ་འདྲའི་ཤོམ་སྤྲས་ནས་གང་དུ་འགྲོ་རྒྱུ་ཡིན་ནམ” ཁོས་དེ་ལྟར་དྲིས།

“ཕོ་བྲང་དུ་རྒྱལ་པོའི་སྲས་མོར་གཉེན་སློང་དུ་འགྲོ་དགོས། ཁྱོད་ཀྱིས་རྒྱལ་ཡོངས་ཀྱི་ས་གནས་ཁག་གི་རྔ་སྒྲ་མ་ཐོས་སམ།”

དེ་ནས་ཁོ་གཉིས་ཀྱིས་དོན་དག་ཚང་མ་ཇི་མ་ཇི་བཞིན་དུ་ཁོ་ལ་བཤད།

“གནམ་རྒན་མ། ང་ཡང་འགྲོ་དགོས” བླུན་པོ་ཧན་སིས་དེ་ལྟར་བཤད་པ་ན། སྤུན་གཉིས་ཀྱིས་ཁོ་ལ་ཧབ་ཆ་བརྒྱབ་རྗེས་རྟར་བཞོན་ནས་བུད་སོང་།

“ཨ་ཕ། ང་ལ་ཡང་རྟ་ཞིག་དགོས” བླུན་པོ་ཧན་སིས་སྐད་གསང་མཐོན་པོའི་ངང་ནས“ང་ལ་ད་ལྟ་གཉེན་སྒྲིག་འདོད་ཤིན་ཏུ་ཆེ། གལ་ཏེ་ཁོ་མོར་ང་དགོས་ན་མོ་ལ་རང་དབང་ཡོད་པ་རེད། ཁོ་མོར་ང་མ་དགོས་ན་ཡང་ང་ལ་སྔར་བཞིན་ཁོ་མོ་དགོས”ཞེས་བཤད།

“དངོས་གནས་མི་བཤད་དགུ་བཤད་རང་རེད།”ཨ་ཕས་བཤད་རྒྱུར། “ངས་ཁྱོད་ལ་རྟ་གང་ཡང་མི་སྟེར། ཁྱེད་ཀྱིས་སྐད་ཆ་ཡག་པོ་ཞིག་ཀྱང་བཤད་མི་ཤེས། ཝེ། ཁྱོད་ཀྱི་གཅེན་པོ་གཉིས་ལ་ད་གཟོད་རིག་རྒོད་ཟེར་བ་ཡིན།”

“གལ་ཏེ་ང་ལ་རྟ་ཞིག་ཀྱང་མི་རན་ན།” བླུན་པོ་ཧན་སིས“འོ་ན་ང་ལ་ར་ཞིག་གནང་རོགས། དེ་མ་གཞི་ནས་ང་ལ་དབང་ཞིང་དེས་ང་རང་ཐེག་ཀྱང་ཐུབ”ཅེས་བཤད།

དེ་ནས་ཁོ་ར་ལ་བཞོན་པ་དང་གཞུང་ལམ་སྟེང་བརྒྱུགས་སོང་།

“ཧའེ། ཧོ། ཞོན་པ་ཤིན་ཏུ་ལེགས། ང་རང་སླེབས་ཡོང”བླུན་པོ་ཧན་སིས་དེ་ལྟར་བཤད་ཞོར་གླུ་བླངས་པ་དང་། ཁོའི་སྐད་ལས་བྲག་ཅ་མཆེད་ཡོང་།

འོན་ཀྱང་ཁོའི་ཕུ་བོ་གཉིས་ནི་ཁོའི་སྔོན་ན་ཧ་ཅང་ཞི་དུལ་གྱི་ངང་ནས་རྟ་ལ་བཅིབས་ཤིང་། སྐད་ཆ་ཚིག་གཅིག་ཀྱང་མི་བཤད་པར་ཡོད། ཁོ་གཉིས་ཀྱིས་རྣ་བར་སྙན་པའི་ཚིག་སྦྱོར་དེ་དག་ཇི་ལྟར་བཤད་པར་བསམ་བློ་གཏོང་བཞིན་ཡོད། དེའི་རྒྱུ་མཚན་ནི་ཚིག་སྦྱོར་དེ་དག་ནི་སྔོན་ལ་བསམ་བློ་ཡག་པོ་ཞིག་གཏོང་དགོས་པས་ཡིན།

“ཝེ།”བླུན་པོ་ཧན་སིས་བཤད་རྒྱུར“ང་སླེབས་བྱུང་། ངས་ལམ་བར་ནས་རྙེད་པའི་དངོས་པོ་འདིར་ལྟོས་དང”དེ་ནས་ཁོས་ཁྭ་ཏ་ཤི་བོ་ཕུ་བོ་གཉིས་ལ་བསྟན།

“གླེན་པ་ཁྱོད།” ཁོ་ཚོས “ཁྱོད་ཀྱིས་དེ་བཟུང་སྟེ་ཅི་ཞིག་བྱེད”ཅེས་དྲིས།

“ངས་འདི་སྲས་མོ་ལ་དབུལ་རྒྱུ་ཡིན།”

“འོ། ཁྱོད་ཀྱིས་དེ་ལྟར་སྒྲུབས” ཁོ་ཚོས་གད་མོ་ཆེར་དགོད་བཞིན་རྟར་བཞོན་ནས་བུད་སོང་།ཅུང་ཙམ་འགོར་རྗེས་བླུན་པོ་ཧན་སིས་རྗེས་བསྙེགས་འོངས་ནས“ཝེ། ང་སླེབས་བྱུང་། ངས་ད་ལྟ་དངོས་པོ་ཅི་ཞིག་རྙེད་ཡོད་པར་ལྟོས་དང་། འདི་ཁྱོད་ཚོས་ཉིན་ལྟར་གཞུང་ལམ་ནས་རྙེད་ཐུབ་པ་ཞིག་མིན”ཞེས་སྨྲས།

ཕུ་བོ་གཉིས་ཀྱིས་ཁ་ཕྱིར་འཁོར་ནས་ཁོས་ཅི་ཞིག་རྙེད་ཡོད་པར་བལྟས།“བླུན་པོ།”ཁོ་ཚོས“འདི་ནི་ཤིང་ལྷམ་རྙིང་པ་ཞིག་ཡིན་པར་མ་ཟད། ཆ་ཤས་མེད་པར་གྱུར་འདུག ཁྱོད་ཀྱིས་འདི་ཡང་སྲས་མོར་དབུལ་རྒྱུ་ཡིན་ནམ”ཞེས་བཤད།

“དེ་མོ་ལ་ལོས་འབུལ”བླུན་པོ་ཧན་སིས་དེ་ལྟར་བཤད་པ་དང་། སྤུན་གཉིས་ཀྱིས་སླར་ཡང་གད་མོ་ཆེར་བགད་དེ་མུ་མཐུད་དུ་རྟར་བཞོན་ནས་ལམ་ཐག་རིང་པོ་ཞིག་ཏུ་བུད་སོང་།

“ཝེ། ང་རང་སླེབས་བྱུང་།” བླུན་པོ་ཧན་སིས་ཡང་སྐད་ཆེན་པོས “ཧའེ། དོན་དག་ཇེ་བཟང་ནས་ཇེ་བཟང་རེད། བཟང་གི། ངོ་མ་བཟང་གི་ཡ”ཞེས་བཤད།

“ཁྱེད་ཀྱིས་ཡང་ཅི་ཞིག་རྙེད་བྱུང” སྤུན་གཉིས་ཀྱིས་དྲིས།

“ཨ།”བླུན་པོ་ཧན་སིས“འདི་བཤད་དཀའ་མོ་ཞིག་རེད། སྲས་མོ་དགའ་པོ་ཡོང་ངོ”ཞེས་བཤད།

“ཕེ”སྤུན་གཉིས་ཀྱིས“དེ་ནི་གྲོག་མོའི་ནང་གི་འདམ་བག་ཙམ་ཞིག་རེད”ཅེས་བཤད།

“རེད། ངོ་མ་རེད།”བླུན་པོ་ཧན་སིས་“འཇིམ་པ་ཆེས་བཟང་པོ་ཞིག་ཡིན་པར་མ་ཟད། ཐ་ན་ཁྱོད་ཀྱིས་བཙིར་ཡང་བཙིར་མི་ཐུབ་པ་ཞིག་རེད” ཅེས་བཤད་པ་དང་། དེ་ནས་ཁོས་ཁུག་མའི་ནང་དུ་འདམ་བག་གང་བཅུག་བྱུང་།

སྤུན་དེ་གཉིས་ད་ལྟ་གང་མགྱོགས་ཀྱིས་མདུན་ཕྱོགས་སུ་བང་གིས་བརྒྱུགས་པས་གྲོང་ཁྱེར་གྱི་སྒོ་འགྲམ་དུ་ཕྱིན་སྐབས་ཧན་སི་ལས་དུས་ཚོད་གཅིག་གིས་སྔ་བ་རེད། ཁོ་ཚོ་སླེབས་མ་ཐག་མྱུར་དུ་གཉེན་སློང་མཁན་གྱི་ཐོ་འགོད་ཨང་གྲངས་ཤིག་ཐོབ། ཚང་མས་གྲལ་འགའ་རེ་བསྒྲིགས་ཡོད་པ་དང་གྲལ་རེར་མི་དྲུག་རེ་ཡོད། ཁོ་ཚོ་འཚང་ཁ་ཤིག་ཤིག་ངང་ཡོད་པས་ཐ་ན་ལག་པ་ཡང་འགུལ་དཀའ། དེ་ཡང་མི་བཟང་བ་མི་འདུག་སྟེ། དེ་ལྟར་མ་བྱས་ན་ཁོ་ཚོས་ཁྱོད་རང་ངའི་མདུན་དུ་ལངས་པའི་རྐྱེན་གྱིས་ཕན་ཚུན་གྱི་རྒྱབ་གཤགས་ནས་འདའ་རེ་འདུར་རེར་གཏོང་སྲིད།

གྲོང་ཁྱེར་ནང་གི་གྲོང་མི་ཚང་མ་ཕོ་བྲང་གི་མཐའ་སྐོར་དུ་འཚངས་པ་དང་ཁོ་ཚོས་སྒེའུ་ཁུང་ནས་སྲས་མོས་ཁོ་མོའི་གཉེན་སློང་མཁན་ལ་སྣེ་ལེན་ཇི་ལྟར་བྱེད་པར་བལྟས། མི་རེ་རེ་ཁང་པའི་ནང་དུ་སོང་བ་ན་ངག་ལྐུགས་འགྲོ།

“སྤྱོད་གོ་གཅིག་ཀྱང་མི་ཆོད་པ་ཁྱོད།”སྲས་མོས “མར་སོང” ཞེས་བཤད།དེ་ནས་ཁོ་རང་བྱ་ཐབས་ཟད་ནས་བུད་སོང་བ་དང་སྤུན་གཉིས་པ་ནང་ལ་སོང་།

“གནས་འདིའི་ཚ་བ་ཧ་ཅང་འཇིགས་སུ་རུང་བ་ཞིག་རེད”ཁོས་བཤད།

“རེད། དེ་རིང་ང་ཚོས་བྱ་འགའ་བསྲེག་རྒྱུ་ཡིན།”སྲས་མོས་བཤད།

“ཅི་ཞིག ཅི་ཞིག”ཁོས་དེ་ལྟར་བཤད་ཅིང་། དུས་མཚུངས་སུ་དྲུང་ཡིག་དེ་དག་གིས་མཉམ་དུ“ཅི་ཞིག ཅི་ཞིག”ཅེས་བྲིས།

“སྤྱོད་གོ་གཅིག་ཀྱང་མི་ཆོད་པ།”སྲས་མོས “མར་སོང” ཞེས་བཤད།

ད་ལྟ་བླུན་པོ་ཧན་སི་ར་ལ་བཞོན་ནས་ཁང་པའི་ནང་དུ་ཡོང་།

“གནས་འདིར་ངོ་མ་ཚ་བ་ཆེ་དྲགས་སོང”ཁོས་དེ་ལྟར་བཤད།

སྲས་མོས“བདེན་པ་རེད། རྒྱུ་མཚན་ནི་ངས་བྱ་སྲེག་བཞིན་ཡོད་ཡ”ཞེས་བཤད་པ་ན།

བླུན་པོ་ཧན་སིས“ཨ། ངོ་མ་བཟང་གི། དེ་ན་ངས་ཀྱང་ཁ་ཏྭ་ཞིག་སྲེག་དགོས” ཞེས་བཤད།

“དགའ་བསུ་ཞུ།”སྲས་མོས“འོན་ཀྱང་ཁྱོད་ཀྱིས་ཅ་ལག་ཅི་ཞིག་གིས་བསྲེག་རྒྱུ་ཡིན། ང་ལ་རྫ་སྣོད་མེད་ལ་སླ་ང་ཡང་མེད་དོ”ཞེས་སྨྲས།“ང་ལ་ཡོད། འདིར་སླ་ང་ཞིག་ཡོད་ལ་དེར་ལྕགས་ཀྱི་ཡུ་བ་ཡང་ཡོད།”བླུན་པོ་ཧན་སིས་དེ་ལྟར་བཤད།དེ་ནས་ཁོས་ཤིང་གི་ལྷམ་རྙིང་པ་ཞིག་བླངས་ཏེ་ཁྭ་ཏ་དེའི་ནང་དུ་བཞག

“འདི་ཟས་ཐུན་གཅིག་ལ་བཟའ་རྒྱུ་ཡོད།”སྲས་མོས“འོན་ཀྱང་ང་ཚོ་ཅང་ཡིའུ་འཚོལ་དུ་གང་ལ་འགྲོ་དགོས་སམ” ཞེས་བཤད་པ་ན།

“ངའི་ཁུག་མའི་ནང་དུ་ཡོད།”བླུན་པོ་ཧན་སིས“ང་ལ་དེ་འདྲ་མང་པོ་ཞིག་ཡོད་པས་ངས་ད་དུང་ཁ་ཤས་ཤིག་གཡུག་ཆོག”ཅེས་བཤད་པ་དང་། དེ་མ་ཐག་ཁོས་ཁུག་མའི་ནང་གི་འདམ་བག་ཕྱིར་བླུགས།

“ང་ངོ་མ་དགའ་དྲགས་སོང་། ཁྱོད་ཀྱིས་ངའི་འདྲི་ཚིག་ལ་ལན་འདེབས་ཐུབ་ལ་སྐད་ཆ་ཡང་བཤད་ཤེས། ཁྱོད་རང་ང་ཡི་ཁྱོ་ག་བྱེད་པར་ང་རང་འཐད་པ་ཡིན། འོན་ཀྱང་། ཁྱོད་ཀྱིས་ཤེས་སམ། ཁྱོད་ཀྱིས་བཤད་པའི་སྐད་ཆ་ཚང་མ་བརྗེད་ཐོ་བཀོད་ནས་སང་ཉིན་ཚགས་པར་སྟེང་འགོད་རྒྱུ་ཡིན། ཁྱོད་ཀྱིས་ལྟོས་དང་། སྒེའུ་ཁུང་རེ་རེའི་འགྲམ་དུ་དྲུང་ཡིག་གསུམ་དང་སྤྱི་གྲོས་པ་རྒན་པ་ཞིག་ལངས་ཡོད། སྤྱི་གྲོས་པ་རྒན་པ་དེ་ནི་མི་ཆེས་རྡུགས་ཐུག་ཅིག་སྟེ། ཁོས་ཅི་ཡང་མི་ཤེས།”སྲས་མོས་དེ་ལྟར་བཤད།

སྲས་མོས་སྐད་ཆ་འདི་འདྲ་བཤད་པའི་དམིགས་ཡུལ་ནི་ཁོ་ལ་སྐྲག་སྐུལ་འདོད་པས་ཡིན། དྲུང་ཡིག་དེ་དག་ཚང་མས་གླེན་དགོད་བྱས་ནས་ད་དུང་སྣག་ཚ་ཐིགས་གཅིག་མཐིལ་ཤིང་ཐོག་ཏུ་གཏོར།

“ཨ། འདི་ནི་མི་དྲག་ཟེར་བ་རེད། དེས་ན་ངས་ཆེས་བཟང་བའི་དངོས་པོ་སྤྱི་གྲོས་པ་ཁོ་ལ་སྟེར་དགོས།”བླུན་པོ་ཧན་སིས་དེ་ལྟར་བཤད་ཞོར། ཁུག་མ་ནས་འཇིམ་པ་སྤར་གང་སྤྱི་གྲོས་པའི་གདོང་ལ་གཏོར།

“འདི་བསྒྲུབས་པ་ངོ་མ་བཟང་གི།”སྲས་མོས“ངས་འདི་ལྟར་སྒྲུབ་མི་ཕོད་ཀྱང་། མི་རིང་བར་ངས་ཀྱང་ཤེས་ཐུབ”ཅེས་སྨྲས།

བླུན་པོ་ཧན་སི་དེ་ལྟར་རྒྱལ་པོར་གྱུར་སོང་། ཁོ་ལ་ཆུང་མ་ཞིག་དང་རྒྱལ་པོའི་ཅོད་པན་ཞིག་ཐོབ་སྟེ་རྒྱལ་པོའི་གོ་གནས་སུ་མཐོན་པོར་བཞུགས། གཏམ་རྒྱུད་འདི་ནི་ང་ཚོས་སྤྱི་གྲོས་པས་སྤེལ་བའི་ཚགས་པར་སྟེང་ནས་བཀླགས་པ་ཡིན། ཡིན་ནའང་འདི་རྦད་དེ་ཁུངས་ལྡན་མིན་ནོ། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།