ཀྲུང་གོ་བོད་ཀྱི་དྲ་བ།

རྩེད་དགའི་གཏམ་རྒྱུད་ཐུང་ངུ་།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2016-05-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཅིང་ཉེ·ལའོ་ཏ་ལེ་ཡིས་བརྩམས། སངས་རྒྱས་མཚོས་བསྒྱུར།

ཁྲོག་ལེའི་རྒྱ་ལམ།

ཐེངས་ཤིག་ལ།པ་ལི་མཆོད་རྟེན་ཞེས་པའི་ས་དེ་རུ་ཕུ་ནུ་གསུམ་མཉམ་དུ་གྲོང་གསེབ་ལ་འགྲོ་སྐབས།

གློ་བུར་དུ།ཁོ་ཚོས་མདོག་ཁམ་ནག་ཡིན་པ་དང་ངོས་འཇམ་པའི་ཡ་མཚན་ཅན་གྱི་རྒྱ་ལམ་ཞིག་མཐོང་།

ཕུ་བོས“ངོ་མ་ཡ་མཚན་ཆེ་བ་ལ།འདི་ནི་ཅི་ཞིག་གིས་བཟོས་པ་ཡིན་ནམ”ཞེས་དྲིས།

ཕུ་བོ་ཆུང་བས“འདི་ཤིང་ཆས་བཟོས་པ་མ་རེད”ཅེས་བཤད།

ནུ་བོས་ཀྱང་ཁ་ཚོན་བཅད་དེ“རྡོ་སོལ་གྱིས་བཟོས་པ་ཡང་མ་རེད”ཅེས་བཤད།

རྒྱ་ལམ་དེ་ཅི་ཞིག་གིས་བཟོས་པ་གསལ་པོར་ཤེས་ཆེད་ཁོ་ཚོས་པུས་མོ་སར་བཙུགས་ཏེ་ས་ལ་ལྕེ་ལྡག་བྱས།

“ཧེ།ཁྲོག་ལེ་ཡིས་བཟོས་པ་རེད།”

མ་གཞི་ཁྲོག་ལེ་ཡི་རྒྱ་ལམ་ཞིག་རེད་ལ། དེ་ནས་ཕུ་ནུ་གསུམ་པོས་རང་རང་སར་ཁྲོག་ལེ་ཟ་མགོ་བརྩམས།ས་རུབ་སོང་ལ་ཕུ་ནུ་གསུམ་པོས་ད་དུང་ཁྲོག་ལེ་ཟ་བཞིན་འདུག རྒྱ་ལམ་ཧྲིལ་པོའི་ཁྲོག་ལེ་ཟོས་ཚར་རྗེས་ད་གཟོད་ཡར་ལངས།འོན་ཀྱང་།ཁོ་ཚོས་གསལ་པོར་བལྟས་ཚེ་ཁྲོག་ལེ་ཟོས་ཚར་བར་མ་ཟད་རྒྱ་ལམ་ཡང་མིད་པར་གྱུར།

ཕུ་བོས“གནམ་རྒན་མ།འུ་ཚོ་ད་ལྟ་གང་དུ་ཡོད་པ་རེད”ཅེས་དྲིས།

ཕུ་བོ་ཆུང་བས“པ་ལི་མིན་པ་འདྲ”ཞེས་བཤད།

ནུ་བོས་ཁ་ཚོན་བཅད་དེ“མཱོར་ཧྥེ་ཐ་ཡང་མིན་པ་འདྲ”ཞེས་བཤད།

དེ་ན་འདི་གང་རེད།ཁོ་ཚོས་ཁ་ཚོན་གཅོད་མ་ཐུབ་པར་ཅི་བྱེད་འདི་བྱེད་མིད་པར་གྱུར།འོན་ཀྱང་སྟབས་ལེགས་པ་ཞིག་ལ།སྐབས་དེར་ཐག་རིང་ནས་ཤིང་རྟ་འདྲུད་པའི་ཞིང་པ་ཞིག་ཐོན་བྱུང་།ཞིང་པ་དེས་ཁོ་ཚོ་ཅི་བྱ་གཏོལ་མིད་དུ་གྱུར་པའི་བཟོ་ལྟ་ལ་ལྟ་བཞིན་དུ“ཁྱེད་ཚོར་ཅི་ཞིག་གི་རོགས་བྱེད་དགོས་སམ”ཞེས་དྲིས།

“རོགས་བྱེད་དགོས།ཁྱེད་ཀྱིས་ང་ཚོ་ཡུལ་ལ་བསྐྱལ་རོགས།”

དེ་ནས།ཞིང་པ་དེས་ཁོ་ཚོ་ཤིང་རྟས་དྲུད་དེ་ཡུལ་ལ་བསྐྱལ།

ཡིན་ཡང་ཁོ་ཚོ་ཤིང་རྟ་ལས་མར་འབབ་སྐབས་གློ་བུར་དུ་ཤིང་རྟ་དེ་ཀ་ར་གོར་སྲབ་ཀྱིས་བཟོས་པ་ཤེས་པས་འཛེམ་དོགས་ཅི་ཡང་མིད་པར་འཕྲོག་རེས་བྱས་ཏེ་ཟོས།མཐའ་མཇུག་ཤིང་རྟ་ཧྲིལ་པོ་ཟོས་ཚར་ནས་འཁོར་ལོ་གཅིག་གམ་ཐེར་གེའི་མདའ་མ་ཞིག་ཀྱང་ལྷག་མིད།

མི་རྣམས་ཀྱིས་བཤད་པ་ལྟར་ན།འདི་ལྟ་བུའི་ཕུ་ནུ་ལས་བཟང་པོ་ཞིག་པ་ལི་མཆོད་རྟེན་ཞེས་པའི་ས་ཆ་འདི་རུ་ད་བར་དུ་བྱུང་མ་མྱོང་།རྗེས་ཕྱོགས་ད་དུང་འདི་ལྟ་བུ་འབྱུང་མིན་སུས་ཀྱང་མི་ཤེས་ཟེར།

འཁྱགས་ཞོའི་ཐོག་ཁང་།

ཁྱེད་ཀྱིས་འཇིག་རྟེན་ཐོག་ད་དུང“འཁྱགས་ཞོའི་ཐོག་ཁང”ཡོད་ཟེར་བ་ཞིག་གོ་ཐོས་ཡོད་དམ།

ཐེངས་ཤིག་ལ།པོ་ལོ་ཉི་ཡ་ཞེས་པའི་ས་དེ་རུ་མི་རྣམས་ཀྱིས་ཐང་ཆེན་གྱི་དཀྱིལ་དུ་འཁྱགས་ཞོའི་ཐོག་ཁང་ཞིག་བསྐྲུན་པ་རེད།དེ་ནས་བྱིས་པ་རྣམས་ཕྱོགས་བཞི་མཚམས་བརྒྱད་ནས་བརྒྱུགས་ཡོང་སྟེ་འཕྲོག་རེས་རྒྱག་བཞིན་ཐོག་ཁང་ལྡག་པར་བྱས།

ཐོག་ཁང་གི་རྩེ་ཐམས་ཅད་ཞོ་ཡིས་གྲུབ་པ་ཡིན་ལ་དུ་ཁུང་གི་དུ་བའི་བྲོ་བ་མངར་མོ་ཡིན།རྒྱུ་མཚན་ནི་དུ་ཁུང་གི་གྲུབ་ཆ་ཐམས་ཅད་ཀ་རའི་ནང་དུ་བསྙལ་བའི་སིལ་ཏོག་ཡིན་པས་རེད།ཐོག་ཁང་གི་གྲུབ་ཆ་གཞན་མཐའ་དག་འཁྱགས་ཞོ་ལས་གྲུབ་པ་ཡིན་ལ་འཁྱགས་ཞོའི་སྒོ་དང་དཀར་ཁུང་།འཁྱགས་ཞོའི་རྩིག་པ།འཁྱགས་ཞོའི་ཁྱིམ་ཆས།ད་དུང་འཁྱགས་ཞོའི་ཐེམ་སྐས་སོགས་ཡོད།

སྐབས་དེར།བྱིས་པ་ཆུང་ཆུང་ཞིག་ཅོག་ཙེ་ཡི་མདུན་དུ་སོང་སྟེ་ཅོག་ཙེའི་སུག་པར་ལྕེ་ལྡག་བྱས་ཏེ་སྐོར་བ་བརྒྱབ་ནས་མཐའ་མཇུག་ཅོག་ཙེའི་སུག་པ་ཡང་ལྡག་ཚར་བས་ཅོག་ཙེའི་སྟེང་གི་སྡེར་མ་ཐམས་ཅད་ཁོའི་ཐོག་ཏུ་ལྷུང་།སྡེར་མ་དེ་ཚང་མ་ཁྲོག་ལེའི་འཁྱགས་ཞོས་བཟོས་པ་ཡིན་པས་ཁ་ལ་ཧ་ཅང་ཞིམ།

གཞུང་དྲང་གི་བདེ་སྲུང་པ་ཞིག་ཡོད་པ་དེས་གློ་བུར་དུ་དཀར་ཁུང་ཞིག་ཞུ་བཞིན་པ་མཐོང་བས།སྐད་མཐོན་པོས“མྱུར་དུ་མི་ཤོག་དང་།མྱུར་དུ་མི་ཤོག་དང”ཞེས་སྐད་བརྒྱབ།རྒྱུ་མཚན་ནི་དཀར་ཁུང་དེ་དག་གི་ཤེལ་སྒོ་ཐམས་ཅད་འབྲི་ཏ་ས་འཛིན་གྱི་འཁྱགས་ཞོས་བཟོས་པ་ཡིན་ལ་ཞུས་ནས་རྒྱ་སེའི་མདོག་གི་ཁུ་བར་གྱུར་འདུག་པས་རེད།

བྱིས་པ་རྣམས་ཀྱིས་ཐོས་རྗེས།ཁོ་ཚོ་མི་སྐྱོབ་རུ་ཁག་དང་འདྲ་བར་བརྒྱུགས་ཡོང་སྟེ་མགྱོགས་པོར་ལྕེ་ལྡག་བྱས་ནས་ཐིགས་པ་གཅིག་ཀྱང་ལྷག་མིད་དུ་བཟོས།

“འོ།ང་ལ་སྤྲོ་བདེའི་རྐུབ་སྟེགས་ཤིག་དགོས།”

སྐབས་དེར་ཨ་ནེ་རྒན་མོ་ཞིག་མི་མང་གི་དཀྱིལ་ནས་འཚངས་ཡོང་སྟེ“ང་ལ་སྤྲོ་བདེའི་རྐུབ་སྟེགས་ཤིག་སྦྱིན་རོགས།ལག་སྐྱོར་ཡོད་ན་ལྷག་ཏུ་བཟང་།སུ་ཡིས་རོགས་བྱེད་ཐུབ་བམ”ཟེར།

སེམས་རྒྱུད་བཟང་པོའི་བདེ་སྲུང་པ་ཞིག་བརྒྱུགས་ཡོང་སྟེ་ཨ་ནེ་རྒན་མོ་ལ་འོ་སྤྲི་དང་བ་དམ་གྱི་ནང་སྙིང་གིས་གྲུབ་པའི་སྤྲོ་བདེའི་རྐུབ་སྟེགས་ཤིག་བྱིན་པས།ཨ་ནེ་རྒན་མོ་དེ་དགའ་སྤྲོ་ཆེན་པོ་སྐྱེས་ཏེ་སྤྲོ་བདེའི་རྐུབ་སྟེགས་ཀྱི་ལག་སྐྱོར་ནས་ལྡག་མགོ་བརྩམས།

དེ་ནི་ཅི་འདྲའི་རླབས་ཆེན་དང་དགའ་འོས་པའི་ཉིན་མོ་ཞིག་རེད་ཨང་།

སྨན་ཁང་གི་སྨན་པས་ཀྱང་ཉིན་དེར་མི་སུ་ཞིག་གིས་འཁྱགས་ཞོ་ཅི་འདྲ་མང་པོ་ཟོས་ཀྱང་ཁོག་པ་ན་རུ་འཇུག་མི་ཆོག་ཅེས་བཀའ་གནང་ཡོད།

དོན་དེར་ད་ལྟའི་བར་དུ་བསྟོད་བསྔགས་བྱས་ཡོད་པས།ད་ལྟ་ཡང་བྱིས་པ་ཚོས་འཁྱགས་ཞོ་བཟའ་འདོད་སྐབས་ཕ་མ་ཚོས་ཀྱང་དབུགས་རིང་གཏོང་བཞིན“ཁྱོད་ལ་པོ་ལོ་ཉི་ཡ་ཐོག་ཁང་ཐོབ་ན་ད་གཟོད་ཡིད་ཚིམ་པ་ཡིན་ནམ”ཟེར།

སྒྱུར་རྩིས་ལྕམ་མོ།

ཉིན་ཞིག་ལ།གྲངས་ཀ10རྒྱུག་ཞོར་དང་སྐད་མཐོན་པོས“ང་སྐྱོབས་དང་།ང་སྐྱོབས་དང”འཕྲི་རྩིས་ཀྱིས་ངའི་རྗེས་འདེད་བཞིན་འདུག གལ་ཏེ་ཁོ་ངའི་རྗེས་ཆོད་ཚེ་དངོས་གནས་བཟང་པོ་མི་འདུག

ཁོར་བལྟས་ཚོད་དུ་དེ་འདྲའི་ཉམ་ང་བ་དང་ཐབས་ཟད་པའི་སྣང་བ་ཞིག་སྟེར།མི་ལེགས་པ་ཞིག་ལ་འཕྲི་རྩིས་ཀྱིས་ཁོའི་རྗེས་ཆོད་ལ་རལ་གྲི་རྣོན་པོ་ཞིག་གིས“ཧྲག་ཧྲག”ཅེས་ཁོའི་ལུས་ནས2གཙབས་ཏེ་ཁོ8དུ་བཏང་།

སྟབས་ལེགས་པ་ཞིག་ལ་སྐབས་དེར།ཕྱི་རྒྱལ་གྱི་རླངས་འཁོར་རིང་པོ་ཞིག་ལམ་དེར་བརྒྱུད་ཡོང་བས།ཡ་མཚན་སྐྱེས་པའི་འཕྲི་རྩིས་ཀྱིས་མྱུར་དུ་མགོ་བོ་དེར་འཁོར་ནས་ལྟད་མོར་ལྟ་འདོད།གྲངས་ཀ10ཡིས།འོ།མ་རེད།གྲངས་ཀ8ཀྱིས་གོ་སྐབས་དེ་བཟུང་ནས་མྱུར་དུ་བྲོས་ཏེ་འཚབ་འཚུབ་ངང་སྒོ་ཆེན་ཞིག་གི་ནང་དུ་གཡོལ་ནས་བསྡད།

བགོ་རྩིས་ཀྱིས“ངའི་སྙིང་ལ་རྗེ་བོ།འདི་འདྲའི་ཐབས་ཟད་འུ་ཐུག་གི་གནས་སུ་ཇི་ལྟར་ལྷུང་བ་ཡིན།ཁྱོད་ཀྱིས་གྲོགས་པོ་དང་རྒྱག་རེས་བྱས་པ་ཡིན་ནམ”ཞེས་དྲིས།

གནམ་རྒན་མ།སུས་ཁོ་སྐྱོབ་ཐུབ།བགོ་རྩིས་ཀྱིས་ཁ་ནས་བཤད་པ་ཡག་ལ་བལྟས་ཚོད་དུ་ཁོ་རང་གྲངས་ཀ8ལ་སྙིང་རྗེ་སྐྱེས་པ་དང་འདྲ།ཡིན་ཡང་ཁོས་ཇི་ལྟར་བྱས་ཀྱང་བགོད་རྩིས་བྱེད་འདུག

དངངས་སྐྲག་སྐྱེས་ནས་ག་བྱེད་འདི་བྱེད་མིད་པར་གྱུར་པའི8ཀྱིས་སྐད་དམའ་མོས“དགོང་དྲོ།དགོང་དྲོ།དགོང་དྲོ་བདེ་ལེགས”ཟེར་ཞོར་དུ་ཕྱིར་འབྲོ་རྩིས་བྱས།

འོན་ཀྱང་།བགོ་རྩིས་ཀྱི་ཚོར་སྣང་ཧ་ཅང་མགྱོགས་པས“སག་སག”ཅེས་ཇེམ་ཙེ་གཅིག་གིས8དུམ་བུ་གཉིས་སུ་བཏང་སྟེ།4གཅིག་ཁོའི་ཁུག་མའི་ནང་དུ་བཅུག་ལ4གཅིག་དབུགས་ཐེངས་གཅིག་གིས་ལམ་ཁར་བྲོས་ཏེ་བྲེལ་འཚུབ་ངང་གློག་འཁོར་ཞིག་གི་ནང་དུ་བུད།

ལྷག་མའི4དེས་སེམས་སྡུག་གི་མིག་ཆུ་གཏོར་བཞིན“ང་ད་ཅི10ཡིན་ལ་ད་ལྟ4རུ་གྱུར”ཅེས་བཤད་བཞིན་འདུག

སྐབས་དེར།མ་གཞིར་སྡུག་ལན་ཆགས་ཅན་གྱི4དེ་ཡང་བསྐྱར་སྐྱོན་དུ་ཐོགས་ཏེ་ཁོ་མི་གཞན་ཞིག་གི་རྐང་པའི་ཐོག་ཏུ་སྤོས་སོང་།

“ལྕམ་མོ་དགོངས་པ་མ་ཚོམ།དངོས་གནས་དགོངས་པ་མ་ཚོམ།ང་ཁྱེད་ཀྱི་རྐང་པའི་སྟེང་ལ་སྤོས་སོང་།”

ལྕམ་མོ་དེ་ཁོང་ཁྲོ་མ་ལངས་པར་མ་ཟད་གདོང་ལ་འཛུམ་གྱིས་ཁེངས་ཏེ་ཁོ་ལ་བལྟས་འདུག མ་གཞི་ལྕམ་མོ་དེ་ནི་སྒྱུར་རྩིས་རེད།མོ་ནི་ཧ་ཅང་བྱམས་དང་སྙིང་རྗེ་ལྡན་པ་ཞིག་ཡིན་ལ་མོས་སེམས་ཅན་གྱི་དཀའ་སྡུག་སྣང་མིད་དུ་འཇོག་མི་བཟོད་པས་གནས་ཚུལ་ངོ་མ་ཤེས་རྗེས4དེ3ལ་བསྒྱུར་ཏེ་མཇུག་མཐར་ཁོ12སུ་གྱུར།

“ལྕམ་མོ་ཁྲི་ལོར་བརྟན་པར་ཤོག”

12དགའ་སྤྲོ་ཆེན་པོ་སྐྱེས་ཏེ“ང་རིམ་པ་སྤར་སོང་།ང་བསྟུད་མར་རིམ་པ་གཉིས་སྤར་སོང”ཞེས་དགའ་འབོད་བྱེད་ཀྱིན་འདུག།

སྒྱུར་པ་པོ་ནི་མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པ་སློབ་གླིང་གི2012ལོའི་ལོ་ཙཱ་འཛིན་གྲྭའི་ཡིན།

རྩོམ་སྒྲིག་པ། : དོ་རྒྱ་དོན་གྲུབ་ཚེ་བརྟན།