ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་མོ་ཞེ་གནག་མ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2016-04-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཨའེ་ཁོ·ཧྥེ་ཨེར་སིན་གྱིས་བརྩམས། དབང་ཆེན་འཚོས་བསྒྱུར།

གནའ་སྔ་མོར།རོ་མ་གྲོང་ཁྱེར་ན་རྒན་པོ་ལོ་ལོན་ཞིག་གིས་རང་གི་བུ་གསུམ་དང་མཉམ་དུ་འཚོ་བ་རོལ་བཞིན་ཡོད།ཉིན་ཞིག་ལ།རྒན་པོས་བུ་གསུམ་པོ་རང་གི་མལ་ཁྲིའི་གམ་དུ་བོས་ཏེ“ང་ནི་ཚེ་ཕྱི་མར་འགྲོ་ལ་ཉེ་བས། མ་ཤི་བའི་སྔོན་དུ་རིན་པོ་ཆེ་སྣ་གསུམ་ཁྱོད་ཚོར་སྤྲོད་དགོས”ཞེས་བཤད།བུ་གསུམ་པོས་ཡ་མཚན་དང་བཅས་ཏེ་མཉམ་དུ“ཨ་ཕ་ལགས།ཁྱེད་ཀྱིས་རིན་པོ་ཆེ་དེ་དག་གང་དུ་ཉར་ཡོད།ང་ཚོས་མཐོང་མ་མྱོང་བའི་རྒྱུ་མཚན་ཅི་ཡིན”ཞེས་དྲིས་པར།རྒན་པོ་ན་རེ།“མལ་ཁྲིའི་འོག་ཏུ་ཤིང་སྒམ་ཞིག་ཡོད་པ་དེ་ཡིན།ལྡེ་མིག་འདི་ཡིན”ཞེས་བུ་གསུམ་པོར་བཤད།བུ་གསུམ་པོས་ཤིང་སྒམ་ཕྱི་ལ་བླངས་ཏེ་ཁ་ཕྱེས་པ་ན།ནང་དུ་ཉར་ཡོད་པ་ནི་ཞྭ་མོ་རལ་པོ་ཞིག་དང་སྒོར་ཁུག་ཪྙིང་པ་ཞིག དུང་ཆག་རོ་ཞིག་བཅས་ཡིན།“འདི་རིན་པོ་ཆེ་ག་ལ་ཡིན”ཞེས་བུ་གསུམ་པོ་ཟང་ཟིང་དུ་གྱུར།རྒན་པོས་ཞྭ་མོ་ཪྙིང་པ་དེ་བུ་ཆེ་བ་ལེ་མོ་ལ་བྱིན།ལེ་མོ་ན་རེ།“ཞྭ་མོ་ཪྙིང་པ་འདི་ཡིས་ཅི་ཡང་སྒྲུབ་མི་ཐུབ།འདི་གྱོན་ནས་ཞིང་ནང་དུ་སོང་ཚེ།ཐ་ན་བྱ་བྱེའུ་རྣམས་ལའང་འཇིགས་སྐུལ་མི་ཐུབ།”

རྒན་པས་མགོ་བོ་གཡུག་བཞིན་དངན་པ་འཐེན་ནས་བཤད་རྒྱུར“བུ་ཕྲུགཁྱོད་ཀྱིས་ཤེས་ནི་མ་རེད།ཞྭ་མོ་འདིའི་ནུས་པ་ནི་ཞྭ་མོ་གོན་པ་ན་གཞན་གྱིས་ཁྱོད་ཀྱི་གཟུགས་མཐོང་མི་ཐུབ”ཅེས་བཤད།

དེའི་རྗེས་ནས་ཁོས་དངུལ་ཁུག་ཪྙིང་པ་དེ་བུ་འབྲིང་བ་ཧན་སཱི་ལ་བྱིན།ཧན་སཱིས་སྒོར་ཁུག་འདིའི་ནང་ཐ་ན་སྒོར་རྡོག་འགའ་ཡང་མི་ཆུད་པས། འདི་ཡིས་ང་ལ་ཅི་ཕན་ཟེར།རྒན་པོ་ན་རེ།“ཁྱོད་ཀྱིས་མི་ཤེས།འདི་ནི་རྫུ་འཕྲུལ་ལྡན་པའི་དངུལ་ཁུག་ཅིག་ཡིན།ཁྱོད་ཀྱིས་དངུལ་ཁུག་གི་ཁ་ཕྱེས་ཐེངས་རེར་དུང་ཙེ་གཅིག་རེ་ལོན་ངེས་ཡིན།”

མཇུག་མཐར།རྒན་པོས་ཪྙིང་ཧྲུལ་དུ་གྱུར་པའི་རྭ་དུང་ཞིག་བླངས་ནས་བུ་ཆུང་བ་མའེ་ཁའོ་ལ་སྤྲད།མའེ་ཁའོ་ཡིས།“ང་ལ་རྭ་དུང་ཆག་རོ་འདིས་ཅི་བྱ།འདི་ལས་ཐ་ན་དབྱངས་སྙན་མོ་ཞིག་ཀྱང་འབྱིན་མི་ཐུབ”ཟེར།

རྒན་པོ་དགོད་ཞོར་དུ་བཤད་རྒྱུར།“གླེན་ཕྲུགའདི་ནི་རྫུ་འཕྲུལ་ལྡན་པའི་རྭ་དུང་ཞིག་ཡིན།ཡུལ་དུས་གང་ཡིན་ཡང་ཁྱོད་ཀྱིས་རྭ་དུང་འདི་བུས་ཚེ་ཁྱོད་ཀྱི་རེ་སྨོན་ཡོད་ཚད་མངོན་འགྱུར་བྱ་ཐུབ”ཟེར།

“གལ་ཏེ་དེ་ལྟར་ཡིན་ན། འདི་དག་ནི་ངོ་མ་རིན་ཐང་ཆེ་བའི་ནོར་བུ་གསུམ་རེད”བུ་གསུམ་པོས་བཤད་ཞོར་དུ་དགའ་དགའ་སྤྲོ་སྤྲོའི་ངང་ནས་རང་རང་གི་དངོས་པོ་ཁྱེར་ནས་བུད་སོང་།

ཉིན་འགའི་རྗེས་སུ།བུ་འབྲིང་བ་གོང་མའི་ཕོ་བྲང་གི་སྒོ་ཆེན་བརྒྱུད་ནས་འགྲོ་སྐབས།ཏག་ཏག་རྒྱལ་མོའི་གཡོག་མོས་མི་ལོང་ཆེན་པོ་ཞིག་ཁྱེར་ནས་ཡོང་བཞིན་པར་འཕྲད།མོས་ཧན་སཱི་ལ“ང་ལ་རོགས་རམ་ཞིག་བྱས་ན་ཨེ་ཆོག མི་ལོང་འདི་ཧ་ཅང་ལྕི་བས་ངས་འཁྱེར་ཚེ་ས་ལ་ལྷུང་ནས་ཆག་ཨེ་འགྲོ་བསམ།ཁྱོད་ཀྱིས་འདི་ནང་དུ་འཁྱེར་རོགས་བྱེད་ཆོག་གམ”ཞེས་དྲིས།

ཧན་སཱིས་མི་ལོང་ཚུར་བླངས་ཏེ་ཕོ་བྲང་ནང་དུ་སོང་།ཁོ་ཚོ་རྒྱལ་མོའི་གཟིམས་ཁང་གི་སྒོ་ཁར་ཐོན་ནས་གཡོག་མོས་སྒོ་ཕྱེ་མ་ཐག རྒྱལ་མོའི་ཞི་ལ་ཕྱིར་བརྒྱུགས་ཡོང་བ་དང་ཧན་སཱི་དེ་ལ་ཁེལ་ནས་སར་འགྱེལ།མི་ལོང་ཡང་ལག་ནས་ཤོར་ཏེ་སིལ་བུར་ཆག་སོང་།

རྒྱལ་མོ་ཁོང་ཁྲོ་རབ་ཏུ་ལངས་ནས་ཞེ་སྡང་དང་བཅས་ཏེ“གླེན་རྒན་ཁྱོད།མི་ལོང་འདིར་དངུལ་སྲང50དགོས་པ་རེད།ངས་ཡང་བསྐྱར་སྒོར་མོ་བརླགས་ནས་ཉོ་དགོས”ཞེས་ལེ་བདའ་བྱས།

ཧན་སཱི་ན་རེ།“ཁྱེད་རང་སེམས་འཚབ་མ་སྐྱེས།ངས་ཁྱེད་ལ་དངུལ་སྲང100སྟེར།ཁྱེད་ཀྱིས་འདི་ལས་བཟང་བའི་མི་ལོང་ཞིག་ཉོས་དང་།”“གནམ་རྒན་མ།ཁྱོད་ངོ་མས་གླེན་པ་ཁ་ནག་ཅིག་རེད”ཅེས་རྒྱལ་མོས་ཁྲེལ་དགོད་དང་བཅས“ཁྱོད་འདྲ་བའི་སྤྲང་ཕྲུག་ཅིག་གིས་དངུལ་སྲང100གང་ནས་ཁྱེར་ཡོང་རྒྱུ་ཡིན་ནམ”ཞེས་བཤད། ཧན་སཱི་དགོད་ཞོར་དུ“ཁྱེད་ཀྱིས་ལྟད་མོ་ཐེངས་ཤིག་ལྟོས”ཟེར།

ཁོ་རང་བྱ་འཕུར་བ་ལྟར་རང་ཁྱིམ་དུ་ལོག་སྟེ།དངུལ་ཁུག་དེ་ཕྱིར་བླངས་ནས་བསྟུད་མར་དངུལ་ཁུག་གི་ཁ་ལན་བརྒྱར་ཕྱེས་པ་ན།ཐེངས་རེ་རེར་དུང་ཙེ་གཅིག་རེ་ཐོན་ཡོང་།

ཧན་སཱི་དངུལ་ཁུག་དང་དུང་ཙེ་བརྒྱར་ལོངས་པ་ཙམ་ཁྱེར་ནས་ཕྱིར་ཕོ་བྲང་དུ་འབྱོར་བ་ན་རྒྱལ་མོ་ཡ་མཚན་སྐྱེས་ཤིང་།ཁོ་མོ་ན་རེ།“སྤྲང་ཕྲུག་ཁྱོད།འདི་འདྲའི་དུང་ཙེ་མང་པོ་ཞིག་གང་ནས་ཁྱེར་ཡོང་བ་ཡིན”ཞེས་དྲིས།ཧན་སཱི་ན་རེ།“དེ་ནི་ལས་སླ་མོ་ཞིག་རེད།”“ང་རང་ལ་དངུལ་ཁུག་མཚར་པོ་ཞིག་ཡོད།དེའི་ཁ་འབྱེད་ཐེངས་རེར་དུང་ཙེ་གཅིག་རེ་ཐོན་ཡོང”ཞེས་ལན་བཏབ།

རྒྱལ་མོས་གཡོ་སྒྱུ་དང་བཅས་ཏེ།“གལ་ཏེ་ང་རང་གིས་དངོས་སུ་མཐོང་ན་མ་གཏོགས།ཁྱེད་ཀྱིས་བཤད་པའི་སྐད་ཆ་དེ་བདེན་པ་ཡིན་པར་ཡིད་ཆེས་བྱེད་དཀའ”ཟེར།

དེ་བས།ཧན་སཱིས་དངུལ་ཁུག་ཕྱིར་བླངས་ནས་རྒྱལ་མོའི་གམ་དུ་གསལ་སྟོན་ཞིག་བྱས།

ད་ནི་རྒྱལ་མོས་དངུལ་ཁུག་གི་གསང་བ་རྟོགས་པས།ལག་བསྙལ་ཐེངས་གཅིག་གིས་ཧན་སཱིའི་ལག་གི་དངུལ་ཁུག་ཕྲོགས་ཏེ། སྐད་ཆེན་པོས“མི་ཤོག སྤྲང་ཕྲུག་འདིས་ང་ལ་འཕྲོག་བཅོམ་བྱེད་རྩིས་འདུག མྱུར་དུ་ཁོ་རང་ཕྱིར་བདའ་རོགས”ཞེས་འུར་བརྒྱབ།

སྲུང་དམག་གློ་བུར་དུ་ནང་དུ་མཆོངས་ཡོང་ནས།གདུག་རྩུབ་དང་བཅས་ཧན་སཱིར་གཅར་རྡུང་དྲག་པོ་ཞིག་བྱས་རྗེས།ཁོ་རང་ཕོ་བྲང་ལས་ཕྱིར་ཕུད་དོ།།

ཧན་སཱི་ཞེ་སྡང་ཆེན་པོ་ལངས་ཤིང་།ཁོ་རང་ཕུ་བོའི་གམ་དུ་སོང་ནས།“ཁྱེད་ཀྱི་གཟུགས་སྒྲིབ་ཞྭ་མོ་དེ་ང་ལ་ཉིན་གཅིག་ལ་གཡོར་རོགས”ཞེས་ཞུས། ཕུ་བོས་ཞྭ་མོ་ཧན་སཱིར་སྤྲད་རྗེས།“གཟབ་གཟབ་ཆེན་པོ་བྱོས།བོར་བརླག་ཏུ་གཏོང་མི་རུང”ཞེས་བཅོལ་གདམས་གནང་།

ཧན་སཱི་ཕྱིར་ཕོ་བྲང་གི་སྒོ་ཆེན་ཁར་སླེབས་པ་དང་ཞྭ་མོ་གྱོན་པས།སྲུང་དམག་གིས་ཁོ་རང་མི་མཐོང་བར་གྱུར།དེ་བས་ཁོ་རང་རྫིག་རྫིག་རྔམ་རྔམ་གྱིས་རྒྱལ་མོའི་ནང་ཆེན་དུ་འཛུལ།

རྒྱལ་མོས་གསོལ་ཚིགས་བཞེས་གྲབས་བྱེད་དུས།ཧན་སཱི་མོའི་རྐུབ་སྟེགས་འགྲམ་དུ་འགྲེངས་པ་དང་།གཡོག་མོས་བཟའ་བཅའ་འདྲེན་སྐབས།ཁོས་སྡེར་མའི་ནང་གི་བཟའ་ཆས་ཡོད་ཚད་ཚུར་བླངས་ཏེ་ཟོས།གཡོག་མོས་མུ་མཐུད་དུ་ཐེངས་དྲུག་ཙམ་ལ་དྲངས་ཀྱང་རྒྱལ་མོས་ཟས་ཁམ་གང་ཡང་བཟའ་མ་ཐུབ་པས།རྒྱལ་མོ་ཡང་ཧ་ཅང་ཡ་མཚན་པར་གྱུར།སྐབས་དེར།ཧན་སཱིས་སྐད་ཆེན་པོའི་སྒོ་ནས།“ངའི་དངུལ་ཁུག་ཕྱིར་སྤྲོད་རོགས།དེ་ལྟར་མ་བྱས་ན་ཁྱེད་ལ་ཉིན་འགར་ཟས་ཁམ་གང་ཡང་བཟའ་རུ་མི་འཇུག”ཅེས་འུར་བརྒྱབ།

རྒྱལ་མོ་ཞེ་གནག་མ་དེ་ན་རེ།“ངས་ཁྱེད་རང་མི་མཐོང་བས་དངུལ་ཁུག་ཇི་ལྟར་ཕྱིར་སྤྲོད་དམ”ཞེས་བཤད་པ་ན།

ཧན་སཱིས་མགོ་ནས་ཞྭ་མོ་མར་ཕུད་པས་རྒྱལ་མོས་གློ་བུར་དུ་ཁོ་བོ་མཐོང་བར་གྱུར་རོ།།

“གཞན་གྱིས་ཁྱོད་རང་མཐོང་མི་ཐུབ་པ་ཅིའི་ཕྱིར་ཡིན”ཞེས་གཡོ་སྒྱུ་ཅན་གྱི་རྒྱལ་མོས་དྲིས་པ་ན།

གཞུང་དྲང་ལྡན་པའི་ཧན་སཱི་ན་རེ།“ང་ལ་གཞན་གྱིས་མཐོང་མི་ཐུབ་པའི་ཞྭ་མོ་ཞིག་ཡོད།དེ་གྱོན་ཚེ་གཞན་གྱིས་ང་མཐོང་མི་ཐུབ”ཅེས་ཞུས།

རྒྱལ་མོས་ཡིད་མི་ཆེས་པའི་ཚུལ་གྱིས“ངས་དངོས་སུ་མ་མཐོང་ཚེ་ཡིད་མི་ཆེས”ཟེར།ཧན་སཱིས་ཞྭ་མོ་མོའི་ལག་ཏུ་བཞག མོས་མྱུར་བར་མགོ་ལ་གྱོན་པ་ན།ཧན་སཱིས་མོ་མཐོང་མི་ཐུབ་པར་གྱུར།སྐབས་དེ་དང་བསྟུན་ནས་ཁང་པའི་ཕྱི་ལ་སོང་ནས་ཞྭ་མོ་ཕུད་དེ“སྐུ་སྲུང་པ།བྱིས་པ་དབུལ་པོ་འདིས་ངའི་དངོས་པོ་འཕྲོག་རྩིས་འདུག”ཅེས་སྐད་གསང་མཐོན་པོས་བཤད་པ་ན། སྐུ་སྲུང་པས་ཧན་སཱི་ལ་གཅར་རྡུང་བྱས་ཏེ་སྒོ་ཕྱིར་ཕུད། ཧན་སཱི་སྡུག་བསྔལ་གྱིས་ཁེངས་ནས་རང་གི་ནུ་བོ་ལ“ཁྱེད་ཀྱི་རྭ་དུང་དེ་ང་ལ་གཡོར་དང”ཞེས་བཤད་པ་ན།ནུ་བོས་རྭ་དུང་དེ་ཁོ་ལ་བྱིན་ནས་ནན་ཏན་གྱིས“བདག་ཡག་པོ་གྱིས།འབོར་དུ་མ་འཇུག”ཅེས་བཤད།

ཧན་སཱིས་རྭ་དུང་ཁྱེར་ནས་ཕོ་བྲང་གི་སྒོར་ཐོན་ཏེ་སྐད་དམའ་མོས“ང་ལ་སྒྱོགས་དམག་རུ་ཁག་ཅིག་དགོས་ཤིང་།དེས་ཕོ་བྲང་སྐོར་ཅིག”ཅེས་སྨྲས་པ་དང་།དེར་མཐུད་ནས་ཁོས་རྭ་དུང་བུས་པ་ན།སྐད་ཅིག་ཙམ་ལ་ཧན་སཱི་ཡི་རེ་སྨོན་མངོན་འགྱུར་བྱུང་བ་རེད།

རྒྱལ་མོས་ཤེལ་གྱི་སྒེའུ་ཁུང་ནས་དེ་དག་མཐོང་རྗེས།སྐད་ཆེན་པོས་ཧན་སཱི་ལ“ཁྱོད་ཀྱིས་ངའི་ཕོ་བྲང་བསྐོར་དགོས་དོན་ཅི་ཡིན”ཟེར་བ་ན། ཧན་སཱི་ན་རེ།“རྒྱུ་མཚན་ཁྱོད་ཀྱིས་ངའི་རྒྱུ་ནོར་ཚང་མ་གཡོ་ལེན་བྱས་པ་དང་།གལ་ཏེ་ཚང་མ་ཕྱིར་ང་ལ་སྤྲད་ན་དམག་ཕྱིར་འཐེན་བྱེད་ངེས་ཡིན”ཟེར།

རྒྱལ་མོ་ན་རེ།ཁྱོད་ནང་དུ་ཤོག་དང་།“ང་ལ་ཁྱོད་ཀྱི་དངོས་པོ་དགོས་པ་མིན”ཞེས་བཤད།ཧན་སཱི་ཕོ་བྲང་དུ་སོང་བ་ན་རྒྱལ་མོ་མལ་ཁྲིའི་སྟེང་གན་རྐྱལ་དུ་བསྡད་ཡོད་ཅིང་།ལུས་ཤུགས་ཟད་པའི་སྒོ་ནས“ང་ལ་འཇིགས་སྐྲག་ཆེན་པོ་སྐྱེས་པས་དངོས་པོ་གང་ལ་བཞག་པ་ཡིད་ལ་གསལ་པོར་མི་དྲན།ཁྱོད་ཀྱིས་སྔོན་ལ་དམག་ཕྱིར་འཐེན་གྱིས་དང་།ངས་མྱུར་དུ་ཁྱོད་ལ་བཙལ་ངེས”ཟེར།ཧན་སཱི་མོའི་སྐད་ཆར་ཡིད་ཆེས་ཏེ་རྭ་དུང་བུས་པ་ན།དམག་དཔུང་དེ་སྐད་ཅིག་ཙམ་ལ་གར་སོང་ཆ་མིད་དུ་གྱུར།རྒྱལ་མོས་དངུལ་ཁུག་དང་ཞྭ་མོ་བཙལ་ཁུལ་བྱེད་ཞོར་བཤད་རྒྱུར།“ཁྱོད་ལྟ་བུའི་བྱིས་པ་དབུལ་པོ་ཞིག་གིས་དམག་དཔུང་ཞིག་ཇི་ལྟར་བསྡུས་ཡོང་བ་ཡིན”ཞེས་དྲིས།

གཤིས་བཟང་ཅན་གྱི་ཧན་སཱིས་རྭ་དུང་གི་མཐུ་ནུས་ཁོ་མོར་བཤད་པ་ལ།རྒྱལ་མོ་ཞེ་གནག་ཅན་དེ་ཡིས་རྭ་དུང་གི་གསང་བ་རྟོགས་རྗེས།ཧན་སཱིའི་ལག་ནས་རྭ་དུང་འཕྲོག་ལེན་བྱས་ཏེ།“དེ་མ་ཐག་ཏུ་དམག་མིར་སྤྲང་ཕྲུག་དེར་གཅར་རྡུང་དྲག་པོ་བྱས་ཏེ།ཕོ་བྲང་ལས་ཕྱིར་སྐྲོད་རོགས”ཞེས་གདུག་རྩུབ་དང་བཅས་རྭ་དུང་བུས་པས།གློ་བུར་དུ་དམག་མི་ཕྱིར་མངོན་ཡོང་ནས་ཧན་སཱིར་གཅར་རྡུང་ཐེངས་ཤིག་བྱས་རྗེས་ཕོ་བྲང་གི་ཕྱི་རོལ་ཏུ་གཡུགས།

ཧན་སཱིའི་ནོར་བུ་གསུམ་པོ་ཕྲོགས་སོང་བས།ཧན་སཱིར་སྐྱོ་གདུང་གིས་མནར་ཏེ་མཆི་མ་ཤར་ཤུར་དུ་བཞུར།ཁོས་ཅི་བྱེད་འདི་བྱེད་མ་ཤེས་པར་དམིགས་ས་ཅི་ཡང་མིད་པའི་སྒོ་ནས་མདུན་ཕྱོགས་སུ་སོང་སོང་མཐར་ཁོ་རང་རྒུན་འབྲུམ་གྱི་ར་བ་ཞིག་ཏུ་སླེབས་ཟིན།དེ་རུ་བསེ་ཡབ་ཀྱི་སྡོང་པོ་བདུན་འདུག་ཅིང་།སྡོང་པོ་དྲུག་གི་སྟེང་དུ་ཤིང་ཏོག་མི་འདུག་ལ།ཤིང་སྡོང་བདུན་པའི་སྟེང་དུ་ད་གཟོད་ཆེ་ལ་སྨིན་ཐག་ཆོད་པའི་ཤིང་ཏོག་གིས་ཁེངས་འདུག

ཧན་སཱི་ནི་ལྟོགས་སྐོམ་གྱིས་མནར་བས་སིལ་སྡོང་གི་བསིལ་གྲིབ་འོག་ཏུ་བསྡད་ནས་ཤིང་ཏོག་ཟ་མགོ་བརྩམས།ཁོས་ཤིང་ཏོག་དང་པོ་ཟོས་རྗེས་དེ་འཕྲལ་རང་ཉིད་ཀྱི་ཁོ་ལག་ཡོངས་སུ་རྫོགས་པའི་ཚོར་སྣང་ཞིག་སྐྱེས་ཡོང་ལ།ཤིང་ཏོག་གཉིས་པ་ཟོས་རྗེས།གཟུགས་ཆེན་པོར་གྱུར་ནས་ཤིང་སྡོང་དང་མཉམ་པར་གྱུར།དེ་བཞིན་ཤིང་ཏོག་དྲུག་པ་ཟོས་རྗེས།ཧན་སཱི་ནི་དེ་ལས་ལྷག་པའི་མི་ཆེན་ཞིག་ཏུ་གྱུར་འདུག་པས།“ང་ལ་ཅི་འདྲ་བྱས་སོང”ཞེས་སྙིང་རྗེ་བའི་ཧན་སཱི་ཡིས་འུར་བརྒྱབ།ཁོ་རང་རྒུན་འབྲུམ་གྱི་ར་བ་ལས་ཕྱིར་ཐོན་ལ།ཇི་ལྟར་བྱས་ན་ད་གཟོད་སྔར་ཚུགས་སླར་གསོ་བྱེད་ཐུབ་པ་མ་ཤེས།

ཧན་སཱི་མདུན་ཕྱོགས་སུ་ཡུད་ཙམ་སོང་བར།རྒུན་འབྲུམ་གྱི་ར་བ་གཞན་ཞིག་དང་འཕྲད།དེར་སེའུ་སྡོང་བདུན་ཙམ་འདུག་ལ།ཡིན་ཡང་སེའུ་སྡོང་གཅིག་གི་སྟེང་དུ་ད་གཟོད་དམར་ལ་སྨིན་ཐག་ཆོད་པའི་སེའུ་འབྲས་ཐོགས་ཡོད།ཧན་སཱིས“ངས་རོ་ཞིག་མྱང་དགོས།ངའི་ཁ་ལྕེ་ཚང་མ་སྐམ་འདུག”ཅེས་ཁེར་ལབ་བརྒྱབ་པ་དང་།དེ་ནས་ཁོ་རང་གིས་སེའུ་འབྲས་ཟ་མགོ་བརྩམས།ཁོས་སེའུ་འབྲས་དང་པོ་ཟོས་རྗེས་གཟུགས་ཅུང་ཟད་ཆུང་ངུར་གྱུར་ལ།སེའུ་འབྲས་གཉིས་པ་ཟོས་རྗེས་སེའུ་སྡོང་དང་མཉམ་པར་གྱུར།དེ་ནས་སེའུ་འབྲས་དྲུག་པ་ཟོས་ཚར་རྗེས་ཧན་སཱིའི་སྔོན་གྱི་ཚུགས་ཀ་སླར་གསོ་བྱེད་ཐུབ་སོང་།

ཧན་སཱི་དགའ་སྤྲོ་ཚད་མིད་སྐྱེས་བྱུང་།གློ་བུར་དུ།ཁོས་ཤིང་སྡོང་ཆེན་མོ་ཞིག་གི་འོག་ཏུ་རྫ་སྣོད་ཅིག་དང་ལག་གཟེབ་ཅིག་གསར་ཪྙེད་བྱུང་བ་དང་།“ཀོན།ད་ནི་ངས་ཅི་ཞིག་བྱེད་དགོས་པ་ཤེས་སོང”ཞེས་ཁེར་ལབ་བརྒྱབ།དེའི་ཞོར་དུ་སེའུ་འབྲས་འགའ་བཙིར་ནས་གཤེར་ཁུར་བཏང་རྗེས་རྫ་སྣོད་ནང་དུ་བླུགས།དེའི་འཕྲོར།ཁོ་རང་བསྐྱར་དུ་རྒུན་འབྲུམ་ར་བ་གོང་མ་དེར་སོང་ནས།བསེ་ཡབ་མང་པོ་ཞིག་བཏོགས་ཏེ་ལག་གཟེབ་ནང་དུ་བཞག ཧན་སཱི་ཕྱིར་རང་ཁྱིམ་དུ་ལོག་ནས།མཛེས་ཆས་སྤྲས་ཏེ་སིལ་ཏོག་འཚོང་བའི་བྱིས་པ་ཞིག་གི་གཟུགས་སུ་བཅོས་ཤིང་།ལག་གཟེབ་བཏེགས་ནས་ཕོ་བྲང་གི་གསོལ་ཐབ་ཀྱི་སྒོ་མདུན་དུ་འབྱོར།

བུ་ཆུང་ཧན་སཱིས་སྒོ་རྡུང་ཞོར་སྐད་གདངས་མཐོ་རུ་བཏེགས་ནས“སུ་ཞིག་ལ་མངར་ཆ་དང་སྨིན་ཐག་ཆོད་པའི་བསེ་ཡབ་དགོས་སམ”ཞེས་དྲིས།

ཕོ་བྲང་ནང་གི་ཇ་མ་ལྔ་མྱུར་མོར་ཕྱིར་ཐོན་ནས་བསེ་ཡབ་ཡོངས་རྫོགས་ཉོས།ཇ་མ་དག་གིས་བསེ་ཡབ་ལས་རྩེ་གྲས་སུ་གྱུར་པ་རྒྱལ་མོའི་ཁང་པར་བསྐྱལ་རྗེས།ལྷག་མ་དག་ཁོ་ཚོའི་ལོངས་སྤྱོད་དུ་གྱུར།རིམ་བཞིན་ཁོ་ཚོ་གཟུགས་སྟོབས་རྒྱས་ཤིང་།ཇ་མ་དག་གིས་ཆེས་མཇུག་མའི་བསེ་ཡབ་ཟོས་རྗེས་རེ་རེའི་སྤྱི་གཙུག་གནམ་རྒྱན་དང་མཉམ་པར་གྱུར།

རྒྱལ་མོས་བསེ་ཡབ་དེ་ལོངས་སུ་སྤྱད་རྗེས་ཁོ་མོའི་གཟུགས་བོངས་ནི་ཇེ་མཐོ་ནས་ཇེ་མཐོར་གྱུར།ཁོ་མོས་ཟོས་པ་ཆེས་མང་བས་གནམ་རྒྱན་ལས་ཀྱང་མཐོ་བར་གྱུར།མཐར་རྒྱལ་མོའི་མགོ་བོ་དང་ཁོག་སྟོད་ཀྱི་ཆ་དེ་ཉིས་ཐོག་གི་སྒེའུ་ཁུང་ལས་ཕྱིར་ལ་མི་འབུད་ཀ་མིད་བྱུང་།

སྐབས་དེར་བུ་ཆུང་ཧན་སཱིས་སེའུ་ཁུ་བླུགས་ཡོད་པའི་སྣོད་ཅིག་ལག་ལ་བཟུང་ནས་ཕོ་བྲང་གི་སྒོ་མདུན་ནས་སྐད་མཐོན་པོས“ངའི་སྨན་ཆུ་འདིས་ནད་རིགས་བཞི་བརྒྱ་རྩ་བཞི་བཟློག་ཐུབ་པས་སུ་ཞིག་གིས་ངའི་ལྷ་ཆབ་སྔོན་མོ་འདི་ཉོ་རྒྱུ”ཞེས་བསྒྲགས།

ཇ་མ་དག་སྒུར་སྒུར་གྱིས་གསོལ་ཐབ་ནས་བརྒྱུགས་ཡོང་སྟེ“ང་རང་ཚོ་གཟུགས་བོངས་མཐོ་དྲགས་པས་ཁྱེད་ཀྱི་བདུད་རྩི་ཉོས་ནས་ནད་བཅོ་བར་འདོད”ཅེས་བཤད།བུ་ཆུང་ཧན་སཱིས་སེའུ་ཁུ་བླུགས་ནས་ཇ་མ་དག་ལ་བྱིན།ཁོ་ཚོས་འཐུངས་རྗེས་མྱུར་བ་མྱུར་དུ་ཁོ་ཚོའི་སྔར་གྱི་རྣམ་པ་རང་སོར་གནས་ཐུབ་པ་བྱུང་།

རྒྱལ་མོས་སྒེའུ་ཁུང་འགྲམ་ནས་ཧུར་ཐག་གིས་གདངས་མཐོན་པོས“ང་ལ་སྨན་ཆུ་ཞིག་གནང་རོགས”ཞེས་བོས།

“ཁྱོད་ཀྱིས་དངོས་པོ་གང་ཞིག་ལ་བརྗེ་རྒྱུ་ཡིན་ནམ”ཞེས་བུ་ཆུང་ཧན་སཱིས་དེ་ལྟར་དྲིས།

“ངས་ཁྱོད་ལ་དངུལ་སྲང50སྟེར།”

“མི་ཆོག”

“ངས་ཁྱོད་ལ་དངུལ་སྲང100སྟེར།”

“དེའང་མི་ཆོགབུ་ཆུང་ཧན་སཱི་ན་རེ།ང་ལ་ནམ་ཡང་སྟོང་པ་མིན་པའི་དངུལ་ཁུག་ཅིག་དང་གཟུགས་སྒྲིབ་ཐུབ་པའི་ཞྭ་མོ། རེ་འདོད་ཀུན་འབྱུང་གི་དུང་ཆུང་ཞིག་དགོས།རྒྱལ་མོའི་གདོང་ལ་བཅོས་འཛུམ་ཞིག་མངོན་ནས་ཁྱེད་རང་སྒེའུ་ཁུང་གི་མདུན་ལ་ཤོག་དང་ངས་ཁྱོད་ལ་ཚང་མ་སྟེར་ངེས་ཡིན་ཟེར།”

བུ་ཆུང་ཧན་སཱི་སྒེའུ་ཁུང་མདུན་ལ་ཐོན་བྱུང་།གཡོ་སྒྱུ་ཅན་གྱི་རྒྱལ་མོས་ཁོའི་ལག་ནས་སྣོད་འཕྲོག་པར་འདོད་མོད།འོན་ཀྱང་ཐེངས་འདིར་བྱིས་པ་ཁོ་མོ་ལས་མགྱོགས་པའི་སྟབས་ཀྱིས་མྱུར་དུ་གཡོལ་བར་བྱས།

“ཁྱོད་ལ་མི་སྟེར།རིན་པོ་ཆེ་གསུམ་པོ་དེ་ངའི་ལག་ཏུ་འཐོབ་ཚེ་ད་གཟོད་ཁྱོད་ལ་བདུད་རྩི་འདི་སྟེར།”

ཐེངས་འདིར་གདུག་རྩུབ་ཅན་གྱི་རྒྱལ་མོས་བུ་ཆུང་ཧན་སཱི་ལ་མགོ་སྐོར་གཏོང་མི་ཐུབ་པ་ཤེས་ནས་རྣམ་འགྱུར་ལེགས་པོའི་སྒོ་ནས་ཞྭ་མོ་དང་དངུལ་ཁུག རྭ་དུང་བཅས་ཕྱིར་སྤྲད་སོང་།

ཧན་སཱིས་ཞྭ་མོ་གྱོན་རྗེས་རྒྱལ་མོས་ཁོ་རང་རིག་མ་སོང་།དེའི་རྗེས་ནས་ཧན་སཱིས་སེའུ་ཁུའི་ཤེལ་དམ་དེ་སྒེའུ་ཁུང་གི་སྒེའུ་སྟེགས་སྟེང་དུ་བཞག རྒྱལ་མོ་རྒྱུན་ལྡན་གྱི་རྣམ་པར་གྱུར་རྗེས།ཁོས་རིན་པོ་ཆེ་ཁྱེར་ནས་ཡུལ་ལ་བྲོས་སོང་།དེ་ནས་བཟུང་།ཧན་སཱི་དང་ཁོའི་སྤུན་ཟླ་ཚོས་སྤྲོ་སྐྱིད་ལྡན་པའི་འཚོ་བར་རོལ་བ་རེད།།

སྒྱུར་པ་པོ་ནི་མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པ་སློབ་གླིང་གི2012ལོའི་ལོ་ཙཱ་འཛིན་གྲྭའི་ཡིན།

རྩོམ་སྒྲིག་པ། : དོ་རྒྱ་དོན་གྲུབ་ཚེ་བརྟན།