ཀྲུང་གོ་བོད་ཀྱི་དྲ་བ།

སེམས་གསོ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར།   རྩོམ་པ་པོ། : ཤེས་གོ་མ།   སྤེལ་དུས། : 2025-09-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཚེ་སྲོག་ནི་སྡེ་བའི་གཡས་ལོག་ན་བཞུར་བའི་རྔ་ཆུ་དང་འདྲ་བར།སོས་ཀའི་ཉི་འོད་ཀྱི་དྲོད་ཁོལ་འོག་ཏུ།  བསིལ་རླུང་འཇམ་པོ་ཞིག་གི་གོམས་འགྲོས་དང་ལྷན་དུ་བཞུར་སོང་།

ཐེངས་ཤིག འུ་གཉིས་ཀྱིས་སྡེ་བའི་ནང་གི་བྱིས་པ་འགའ་ཁྲིད་དེ་ཁྱོད་ཚང་ལ་རྩེ་རུ་སོང་།ང་ཚོ་བརྙན་འཕྲིན་ཟློས་གར《ལྷ་མོ་སྤུན་བདུན》ལ་ལད་མོ་བྱེད་པར་གྲོས་མཐུན་ནས།ཁྱོད་ཚང་གི་ཨ་མས་སྒམ་ནང་དུ་ཉར་བའི་གོས་ཀྱི་སྐ་རགས་གོང་ཆེན་མདོག་ཆེན་ཞིག་ཡོད་པ་དེ་ཁྱེར་ཡོང་སྟེ།རྡོ་སོ་ཁ་མ་ཞིག་གིས་ས་གཤག་གནམ་གཤག་བྱས་ནས།ཕྲ་ལ་རིང་བའི་ཐ་གུ་མང་པོར་བཏང་རྗེས་དེར་འདུས་ཀྱི་བྱིས་པ་ཚང་མར་བགོས།ང་ཚོས་ཐ་གུ་དེ་དག་སོ་སོའི་མཛུབ་མོ་རེ་རེར་བཏགས་ཏེ་གཤོག་པར་བརྫིས་ཤིང་།ལྷ་མོ་དེ་དག་གི་འཕུར་ཉམས་ལ་ལད་མོ་བྱས་ཏེ།མཐོ་ཚད་ལ་སྨི་གཉིས་ཙམ་ཡོད་པའི་ལུད་སྤུངས་སྒང་ནས་ཡར་ལྡིང་མར་ལྡིང་བྱས།ཁྱོད་ཚང་གི་ཨ་མས་ཕྱིས་ཀྱི་ལོ་མང་པོར་སྐ་རགས་དེ་གར་སོང་མ་ཤེས་པར་ཡར་འདྲི་མར་འདྲི་བྱེད་བཞིན་ཡོད་སྐད།

ཡང་ཐེངས་ཤིག་ཁྱོད་ངེད་ཚང་ལ་ཞག་སྡོད་དུ་ཡོང་།ལུས་ནི་མཐེབ་མགོ་ཙམ་ལས་མེད་ཀྱང་ཡག་ལ་ཤི་འཐམས་རོ་འཐམས་བྱ་དགོས་པར་འདོད་པའི་འུ་གཉིས་ཀྱིས་ཞོགས་པར་ཁ་ལག་བཀྲུས་རྗེས། ཁ་རོག་གེར་སོང་ནས་ངེད་ཚང་གི་འཐེན་སྒམ་མང་པོའི་ཆ་སྒམ་རྙིང་བ་དེ་ལས།ངའི་ཨ་ཅེ་ཆེ་བའི་སྐག་ཚོས་འདྲེས་པའི་ངོ་འཕུར་བཏོན་ནས་སོ་སོའི་གདོང་ལ་བྱུགས།   ཉམས་མྱོང་མེད་པའི་འུ་གཉིས་ཀྱིས་གདོང་དང་སྐེ་དབྱེར་མེད་དུ་ཡར་ཕུར་མར་ཕུར་བྱས་མཐར།ཕལ་ཆེར་ངོ་འཕུར་ཕྱེད་ཀ་འཕྲོ་བརླག་ཏུ་བཏང་སོང་། གུང་ཇ་འཐུང་སྐབས་ངེད་ཚང་གི་ནང་མི་ཚོས་འུ་གཉིས་ཀྱི་བཟོ་ལྟ་མཐོང་ནས་ཧབ་ཆ་དི་རི་རི་བརྒྱབ།

དེ་རིང་།ང་རང་ཆུང་དུས་འུ་གཉིས་ནམ་རྒྱུན་ཨོང་བ་འཐུ་རུ་འགྲོ་སའི་དུང་ལུང་རི་བོའི་སྒང་ལ་འགོས་ཏེ་ཕྱོགས་བཞིར་རྒྱང་ལྟ་བྱས་པ་ན།མིག་གིས་ཟིན་ཚད་ཐམས་ཅད་ཕ་ཡུལ་ཡིན་པའི་སྣང་བ་ཞིག་སྟེར།

བར་སྐབས་ཤིག་ལ།ངས་ནུབ་ཀྱི་སྟག་ལུང་རི་རྒན་གྱི་རྩེ་མོ་ནམ་མཁར་འདྲེས་མཚམས་སུ་བྱ་རྒོད་ཁྱུ་ཞིག་གིས་རྒོད་འཚུབ་བྱེད་བཞིན་པ་མཐོང་བྱུང་།དེ་ནི་ཁྱོད་ཀྱི་སྐར་མའི་ཉིན་ལ་ལྡིང་སྐོར་བརྒྱབ་མྱོང་བའི་བྱ་ཚོགས་དེ་ཡིན་ཤས་ཆེ།ངེད་ཚང་གི་ཨ་ཕས་ཉིན་དེར་བྱ་སྦྱིན་གྱི་ཆོ་ག་མགོ་བརྩམས་མ་ཐག དུས་ཡུན་ཐུང་ངུ་ཞིག་གི་ནང་ལ་བྱ་རྒོད་མང་པོ་འཁོར་སོང་བར་བཤད།

སྡེ་མི་ཚོས་དེ་ནི་ལྟས་ཡག་པ་ཞིག་ཡིན་པར་བཤད།སྐད་ཆ་དེས་ང་ལའང་སེམས་གསོ་ཕྲན་ཙམ་ཐོབ། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།