ཀྲུང་གོ་བོད་ཀྱི་དྲ་བ།

མཚར་སྡུག་གི་མཛད་རྗེས་གསེར་དངུལ་ཐང་དུ་ཐིམ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : དབང་ལྡན་ཚེ་རིང་།   སྤེལ་དུས། : 2025-08-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མཚོ་སྔོན་པོའི་ཉེ་འགྲམ་དུ་རྩྭ་ཐང་ཡངས་པོ་ཞིག་ཡོད་པ་དེ་ལ་གསེར་དངུལ་ཐང་དུ་འབོད།དེ་ནི་གསེར་སྐུད་དང་དངུལ་སྐུད་ཀྱིས་མཐའ་རྒྱན་སྤྲས་པའི་ལྗང་མདོག་གི་ས་གདན་ཞིག་གནམ་སའི་མཚམས་སུ་བཏིང་བ་དང་ཀུན་ནས་མཚུངས།

དབྱར་གྱི་དགའ་སྟོན་ཉེ་བར་སླེབས་ཚེ།གསེར་དངུལ་གྱི་མདངས་དང་ལྡན་པའི་སྤེན་མའི་མེ་ཏོག་དག་གཅིག་ལ་གཅིག་འགྲན་གྱི་ཚུལ་དུ་མཛེས་པར་བཞད་ཅིང་། འབྲོག་པ་རྣམས་ཀྱིས་ཡུལ་གྲུ་འདིར་མི་རབས་ནས་མི་རབས་སུ་གངས་རི་དང་མཚོ་མོ།ལུག་ཁྱུའི་འབའ་སྒྲ་དང་མཉམ་དུ་རྫི་གླུ་ལེན་བཞིན་ཕྱུགས་ཟོག་འཚོ་སྐྱོང་གི་ལས་ལ་འབད་བཞིན་ཡོད།

ཡུལ་གྲུ་འདིས་ལོ་རྒྱུས་ཀྱི་བཞུར་རྒྱུན་རིང་མོའི་ཁྲོད་རླབས་ཆེ་བའི་བྱ་གཞག་ཆེན་པོ་གཉིས་ལེགས་འགྲུབ་བྱུང་བ་བདེན་དཔང་བྱས་ཡོད་དེ།1939ལོར་རོལ་མོ་པ་གྲགས་ཅན་ཝང་ལུའོ་པིན་གྱིས་རྟ་ཕོའི་ཆིབས་ཁ་སྒྱུར་བཞིན་གསེར་དངུལ་ཐང་དུ་སླེབས་ཤིང་།བུ་མོ་སྒྲོལ་མས་འུར་ཆ་བསྐོར་བའི་སྣང་བརྙན་དང་།ནུབ་ཁའི་མཚམས་སྤྲིན་གྱིས་གངས་རིའི་ཁ་དོག་ལི་ཁྲིའི་མདངས་སུ་བསྒྱུར་པའི་རྣམ་པ་དེ།《རྒྱང་ཐག་རིང་བའི་ས་ཆ》ཡི་ཡལ་བ་མེད་པའི་རོལ་དབྱངས་སུ་བསྒྱུར།གླུ་གཞས་འདིས་གསེར་དངུལ་ཐང་གི་དགོང་དྲོའི་བསིལ་རླུང་ལ་དབྱངས་འགྲོས་བསྣན་ཅིང་།རྩྭ་ཐང་གི་མཚན་མོའི་མཁའ་དབྱིངས་སུ་འཛུམ་པའི་རྒྱུ་སྐར་གྱི་ཚོགས་ལ་སྙན་འགྱུར་གྱི་རྒྱན་ཚིག་སྤྲོས།ཝང་ལུའོ་པིན་གྱིས་རྒྱུད་སྐུད་ལ་བརྟེན་ནས་བརྩེ་དུང་བརྗོད་པ་ཁོ་ན་ཙམ་མ་ཡིན་པར།མཐོ་སྒང་གི་བུ་དང་བུ་མོའི་བདེ་སྐྱིད་ཀྱི་འཚོ་བར་སྙེག་པའི་ཕུགས་འདུན་དབྱངས་སུ་ཕབ་སྟེ།ཀྲུང་གོའི་ནུབ་རྒྱུད་ཀྱི་དམངས་གཞས་ཐེངས་དང་པོར་འཛམ་གླིང་གི་སྒྱུ་རྩལ་གར་སྟེགས་སུ་གཟི་འོད་འཕྲོ་རུ་བཅུག

གླུ་སྐད་དེའི་དབྱངས་རྟ་སྔར་བཞིན་རྩྭ་ཐང་དུ་མཆེད་བཞིན་པའི་སྐབས་དེར། 221རྟེན་གཞིའི་ར་སྐོར་ནང་དུ་ཏེང་ཅ་ཞན་དང་ཝང་ཀན་ཁྲང་སོགས་ཚན་རིག་པ་རྣམས་ཀྱིས་སྦས་པའི་བརྟུལ་ཞུགས་བཟུང་ནས།དབྱང་དབུགས་དཀོན་པའི་མཐོ་སྒང་དུ་ཉིན་མཚན་དབྱེར་མེད་དུ་ལས་ཀར་བརྩོན་བཞིན་ཡོད།དེ་དུས་སྔོན་ཆད་ཀྱི་ཕྱུགས་འཚོ་སའི་རྩྭ་ཐང་དུ་གསང་བའི་སྒྲིག་ཆས་བཙུགས་ཡོད་པ་དང་།མཚན་མོར་མཁའ་དབྱིངས་སུ་རྟག་ཏུ་ངོ་མཚར་བའི་འོད་འཚེར་བཞིན་ཡོད། 1964ལོར་ཀྲུང་གོའི་མ་རྡུལ་འབར་མདེལ་དང་པོ་ཡུལ་དེ་གར་མཇུག་མཐའི་སྒྲིག་སྦྱོར་ལེགས་འགྲུབ་བྱུང་བ་དང་།1967ལོར་ཆིང་འབར་མདེལ་གྱི་ལྷུ་ལག་གཙོ་བོ་ཡང་རྩྭ་ཐང་འདི་ནས་ལམ་ལ་ཆས།གསེར་དངུལ་ཐང་གི་སྐལ་བཟང་མེ་ཏོག་རེ་རེས་རྩིས་ཕྲེང་དང་རྩིས་འཁོར་གྱིས་རྩིས་རྒྱག་པའི་སྒྲ་དེ་ཉམས་སུ་མྱངས་ཡོད།

བལྟས་ཚོད་ཀྱིས་ངོ་མཚར་བའི་བྱ་གཞག་དེ་གཉིས་མི་འདྲ་བ་ཞིག་ཡིན་མོད། དོན་དངོས་སུ་གསེར་དངུལ་ཐང་གིས་དེ་གཉིས་ལ་ཐུན་མོང་གི་སྙིང་སྟོབས་ཤིག་བསྩལ་ཡོད་དེ། ཝང་ལུའོ་པིན་གྱིས་དབྱངས་འགྲོས་ལ་བརྟེན་ནས་རྩྭ་ཐང་གི་གཞི་རྒྱའི་ཚད་འཇལ་བ་དང་།ཚན་རིག་པས་སྤྱི་འགྲོས་ལ་བརྟེན་ནས་སྐར་མའི་བར་ཐག་བརྩི་བ་རེད།དེས་མིའི་རིགས་ཀྱིས་མཛེས་སྡུག་གི་འཚོ་བར་འཚོལ་སྙེག་བྱེད་པ་མཚོན་ཡོད།འབྲོག་པའི་སྦྲ་ནག་ལས་མཆེད་པའི་ཏམ་བུ་རའི་དབྱངས་རྟ་དང་།དངོས་བཤེར་ཁང་གི་མཚན་མོར་གཟིམ་པ་མེད་པའི་གློག་འོད་དེས།ཁོང་ཚོའི་བརྟན་བརླིང་དང་ཞུམ་མེད་ཀྱི་སྙིང་སྟོབས་མཚོན་ཡོད་པས།འདི་ལས་ང་ཚོར་སྒྱུ་རྩལ་གྱི་འཆར་ཡན་དང་ཚན་རིག་གི་བདེན་འཚོལ་དེ་གསེར་དངུལ་གྱི་མེ་ཏོག་དང་འདྲ་བར།མ་ཡུམ་མེས་རྒྱལ་གྱི་གཤིན་ས་རུ་བཞད་ཡོད་པ་གསལ་བཤད་བྱས་ཡོད།

ད་ལྟའི་གསེར་དངུལ་ཐང་དུ།མ་རྡུལ་དྲན་གསོ་ཁང་གི་གཡའ་ཆགས་པའི་དཔྱད་ཆས་དག་རྩྭ་ཐང་གི་དམངས་གཞས་དུས་སྟོན་གྱི་དགའ་སྤྲོ་རུ་ཐིམ་ཡོད།221རྟེན་གཞི་ཕྱིར་འཐེན་བྱེད་སྐབས་ཆེད་དུ་སྔར་གྱི་རྩྭ་ཐང་གི་རྣམ་པ་སོར་བཞག་བྱས་ནས།རྩྭ་སར་གནོད་པ་ཅི་ཡང་བཏང་མེད་པ་དེས།ཀྲུང་གོའི་ཚན་རྩལ་ལས་བྱེད་པས་རང་བྱུང་ཁམས་ལ་བརྩི་མཐོང་བྱས་པ་མངོན་ཐུབ་ལ།ཝང་ལུའོ་པིན་གྱི་གླུ་གཞས་ངག་ནས་ངག་བརྒྱུད་དེ་ལེན་པ་དེས།ལྷད་མེད་ཀྱི་བརྩེ་བ་སྔར་བཞིན་དྲོད་མ་ཡལ་བ་མཚོན།འདི་ལས་མི་རིགས་ཤིག་སྟོབས་ལྡན་དུ་འགྱུར་དགོས་ན།འཇིག་རྟེན་གྱི་གསང་རྒྱ་འགྲོལ་བའི་ཚན་རིག་དར་དགོས་པར་མ་ཟད།མི་སེམས་གསོ་བའི་བརྩེ་བ་ངེས་པར་མཁོ་བ་བསྟན་ཡོད་པས།འདི་ནི་གསེར་དངུལ་ཐང་གིས་ཆེད་དུ་མ་ཡུམ་མེས་རྒྱལ་ལ་ཕུལ་བའི་ལེགས་སྐྱེས་རིན་ཐང་བྲལ་བ་དེ་ཡིན་ནོ། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།