1
ལང་ཚོའི་ཆོས་ཉིད་ཞེ་རྩ་རུ་འཁྲུངས་པའི་དབང་གིས། བརྩེ་དུང་གི་མེ་ཏོག་ཁྱེད་ཕྱོགས་སུ་བཞད་པ་ནས་བཟུང་། གཡུ་སྦྲང་གི་གཤོག་རྩེ་འཁོར་ཕྱོགས་ཁྱེད་ཀྱི་ཞིང་ཁམས་ཡིན་ཞིང་། བཅུད་ལྡན་སྦྲང་རྩི་ཡི་རོ་མངར་དག་ཀྱང་། ཁྱེད་ཀྱི་འདབ་བརྒྱ་གྲོལ་བའི་གེ་སར་ལས་རྙེད།
ཉིན་དེ་ནས་བཟུང་སྟེ། རྨི་ལམ་གྱི་ཞིང་ཁམས་ཉུལ་བའི་གངས་དཀར་གྱི་ལྷ་མོ་དེ་ཁྱེད་ཡིན་འདུག་ལ། དྲན་སྣང་གི་སྤྲིན་ཕུང་ལང་ལོང་དུ་གཡོ་བའི་འུར་འུར་གྱི་ཆར་རླུང་དེ་ཡང་ཁྱེད་ཡིན་འདུག
དུས་དེ་ནས་བཟུང་སྟེ། སེམས་པ་རྒྱང་ལ་ག་ཚོད་ཅིག་ཕྱོགས་ཀྱང་མཐར་ཐུག་སླེབས་ས་ཁྱེད་རང་ལས་མེད་ཅིང་། རེ་བའི་མེ་ཏོག་སྙིང་ཁོངས་སུ་བཞད་པར་སྦྲར་ཆར་འཇོ་མཁན་ཁྱེད་རང་ལས་མི་འདུག
སྐབས་དེ་ནས་བཟུང་སྟེ། བདག་གི་འཇིག་རྟེན་གྱི་མཛེས་སྡུག་ཡོད་ཚད་ཁྱེད་ཁོ་ནར་དབང་ཞིང་། དུངས་སེམས་ཀྱི་ཉ་མོ་འགུག་པའི་བརྩེ་ལྡན་གྱི་ལྕགས་ཀྱུ་དེ་ཁྱེད་ཁོ་ནས་དྲངས་སོང་།
ཁྱེད་དེ། བདག་གི་བླ་ཚེ་སྲོག་གསུམ་ལ་འཁོར་བའི་ཁྲ་ཁྲ་ཡི་རྣམ་ཤེས།
2
སྔོན་ཆད་ནས་ཉིན་མཚན་མེད་པར་ཁྱེད་དང་གླེང་མོལ་མང་དུ་ཡོད་ཀྱང་། ཉ་གང་ཟླ་བའི་སྒེག་གཟུགས་ཡོངས་སུ་སྨིན་པའི་མཚན་མོ་ཞིག་ལ། བདག་གིས་འཛེམ་བག་ངང་རང་ཉིད་ཀྱི་བློ་རྒྱ་བསྐྱེད་ནས། གལ་ཏེ་ཉིན་ཞིག་མི་རྟག་སྒྱུ་མའི་ཟླ་གཞོན་དེ་འཇིག་ཚེ། ཁྱེད་རང་བདག་ཁོ་ནའི་ནང་སེམས་ཀྱི་ཟླ་གཞོན་བྱས་ན་ཨེ་ཆོག་ལབ་དུས། ཁྱེད་ཀྱིས་ཀུ་མུད་གཞོན་ནུའི་སེམས་སུ་ཡོད་ན་ཉ་རྒྱས་ཟླ་བ་གཏན་དུ་འཆར་བར་བྱས་ཆོག་གསུངས།
3
འོན་ཀྱང་།འོན་ཀྱང་། དུངས་སེམས་ཀྱི་ཆུ་རྒྱུན་རིང་ཙམ་ཞིག་བསྲིངས་རྗེས། ཁྱེད་ཀྱི་མིག་འོག་ཏུ་རང་ཉིད་ལ་དབང་བའི་འཇིག་རྟེན་མེད་པར། གཞན་གྱི་མིག་འོག་ཏུ་འཛེམ་བག་ཁོ་ནས་འཚོ་ཞིང་། ནག་ཉེས་མེད་ཀྱང་མི་ཁའི་འཆིང་སྒྲོག་ལ་སྐྲག་སྟེ། ཁྱེད་ཀྱི་བློ་ངོར་རང་ཉིད་ལ“རང་དབང་མེད”སོང་དུས། ཁྱེད་རང་ནང་སེམས་ཀྱི“བཙོན་ཁང”དེ་ལས་ཐར་འདོད་ཆེ་བས། ཁྱེད་ནི་ཁེར་རྐྱང་དགའ་ལ་ཞིང་ཁེར་རྐྱང་ལ་མོས།
དེས་ན། ཁྱེད་ཀྱིས་འདས་སོང་གི་དམ་བཅའ་དང་ཁ་ཆད་དག་རྣ་རྒྱབ་ཀྱི་རླུང་ལ་བསྐུར་ཏེ། ཉམ་ཐག་གི་རེ་ཞུ་དེ་དག་བདག་གི་རྣ་བར་ཨག་སྐད་བཞིན་འཛེར་འཛེར་དུ་ཐོས་དུས།དེ་ནི་བདག་ལ་མཁོ་བ་ཞིག་གཏན་ནས་མིན་ཀྱང་། ཁྱེད་ལ་མཁོ་བའི“རང་དབང་གི་བདེ་སྐྱིད”ཅིག་ཡིན་དུས། བདག་གིས་མི་འདོད་བཞིན་དུ་ཨུ་ཚུགས་ཀྱིས་ཁྱེད་ལ“རང་དབང”བྱིན། བལྟ་བར་མི་བཟོད་པའི་མིག་ཟུང་བཙུམས་ནས་ཁྱེད་ཀྱི་ལག་པ་གློད།
དེ་ལྟར་བདག་གི་ལྷད་མེད་ཀྱི་བརྩེ་དུང་ལ་གས་ཁ་ཤོར་ནས། ནང་སེམས་ཀྱི་སྙིང་ཆུང་ཚལ་བར་གཤགས་པ་ཅི་འདྲའི་སྐྱོ་ཨང་།
དུས་དེར། ཉལ་བའི་གཉིད་དང་ཟས་ཀྱི་བཅུད་མེད། སྣང་བ་ཡོད་ཀྱང་མཐོང་བ་ནི་མུན་པ་རེད་ལ། སྨྲ་ལྕེ་ཡོད་ཀྱང་བདག་ནི་ལྐུགས་པ་ཡིན།
ཉིན་མཚན་མེད་པར། རང་ཉིད་ཀྱི་ཡོད་ཚད་བོར་སོང་བ་དང་འདྲ་བའི་ཚོར་སྣང་གི་ཁྲོད། ནང་སེམས་ཀྱི་མཚོ་མོ་དྲག་ཏུ་སྐྱོམ་ནས་སྡུག་བསྔལ་གྱི་རྦ་རླབས་ཆལ་ཆིལ་དུ་འཕྱུར་དུས། ད་གཟོད“བརྩེ་གདུང”ཞེས་པའི་ཐ་སྙད་དེར་ངེས་ཤེས་འདྲོངས།ལྷད་མེད་སེམས་ཀྱི་རང་མདངས་བསྟན་ཀྱང་། བདེན་པའི་ལས་བསྐལ་ཤོར་བའི་བརྩེ་དུང་གི་ཕམ་ཁ་དེ་བདག་གིས་ཐེག་པར་བཟོད་དམ།
གང་ལྟར་ཡང་། བདག་གི་ཁོག་ཏུ་ཚ་འུར་འུར་གྱི་མེ་ལྕེ་འབར་ན་ཡང་། ཁ་ནས་སྔོ་ལྷོག་ལྷོག་གི་དུ་བ་ཁྱེད་ཕྱོགས་སུ་གཏན་ནས་གཏོང་མི་འདོད། གཏན་ནས་······
4
ཆེས་མཐའ་མཇུག་གི་དུས་དེར། བདག་གིས་ཁྱེད་ལ“བཀའ་དྲིན་ཆེ”ཞེས་པའི་ཚིག་གསུམ་བརྗོད་རྒྱུ་བརྗེད་མེད་དེ།གང་ཡིན་ཟེར་ན། ཁྱེད་ཡོད་པའི་ལོ་ཟླའི་ནང་བདག་གི་འཇིག་རྟེན་ལ་མཚར་སྡུག་གི་འཇའ་ཚོན་བཀྲ་མྱོང་བའི་དྲིན་གཟོ་ཞིག་དང་།ཁྱེད་ཡོད་པའི་དབང་གིས་བདག་གི་སྙན་ངག་ལ་བརྩེ་དུང་གི་བྱིན་རླབས་ཐོབ་མྱོང་བ་ཡང་ཉུང་ཉུང་ག་ལ་ཡིན།
ད་དུང་ཡང་དྲིན་ཆེ་སྙིང་ཉེ་བའི་ཁྱེད།ལམ་མཇུག་དེར་བདག་ཕམ་ཡང་། ལམ་བར་ལ་སྐྱིད་དུ་བྱུང་།
5
ཁྱེད་ཀྱི་མངར་ལ་སྐྱུར་བའི་བརྩེ་དུང་དེས། བདག་གི་ནང་སེམས་ལ་རྨ་ཁ་བཟོས་མྱོང་བ་ལན་གཅིག་མིན་ནའང་། བདག་གིས་ཁྱེད་ལ་འཁང་ར་དང་ལེ་བདའ་ཅི་ཡང་མེད།ཐ་ན། ཞེ་ལ་འདྲིས་ཤིང་ཡིད་ལ་བབས་པའི་ཁྱེད་ནི། ཧ་ཅང་གིས་ངོ་ཚ་སྨིན་པའམ་འཛེམ་བག་ཆེ་བའི་དབང་གིས། བདག་གིས་བརྩི་འཇོག་ཕྲ་མོ་ཞིག་གི་ཚུལ་དུ། རྩོམ་ཡིག་ཐོག་ཏུ་ཁྱེད་ཀྱི་མིང་ཙམ་ཡང་འབྲི་བར་མ་སྤོབས།
6
བརྩེ་སེམས་ཀྱི་དབང་གིས། ཁྱེད་དང་འབྲེལ་འདྲིས་མེད་པའི་དུས་ཡུན་དེ་དག་གི་རིང་། དམར་ཆུང་སེམས་པ་ཞིག་གིས་འཁྲེང་ཞེན་དང་སྟོང་བསམ་རུམ་གང་འཁྱེར་ནས། རྒྱང་རིང་གི་ཁྱེད་དང་འཕྲད་ཅིང་། ཁྱེད་ཉིད་ཁོ་ན་བདག་ལ་དབང་འདོད་ཀྱི་རེ་སྨོན་སྔར་བཞིན་ཅི་འདྲའི་ཆེ་ཨང་། འོན་ཀྱང་དེ་དག་ནི་མངོན་འགྱུར་ཡོང་ཐབས་མེད་པར།ཉིན་མོའི་སྐར་ཙམ་གྱི་དཔེ་རུ་སོང་བ་བདག་གིས་སྔར་ནས་ཚོར་ཡང་། བདག་ནི་སྔར་བཞིན་ཨུ་ཚུགས་བྱེད་འདོད།སྔར་བཞིན······
7
ངེད་གཉིས་དབར་ལ་གྱེས་བྲལ་གྱི་ཁ་ཚིག་ཤོར་ནའང་། བདག་གིས་སེམས་བྲལ་གྱི་བརྩེ་བ་ཤོར་མེད་པས།དུས་གཏན་དུ་ཁྱེད་ཀྱི་ཕྱོགས་སུ་མ་བཅོས་ཤིང་མ་བསླད་པའི་བརྩེ་བ་དྭངས་མ་ཞིག་བཅངས་ནས་ཡོད་ཅིང་། ཡིད་ལ་དྲན་པར་སླ་ཞིང་བརྗེད་པར་དཀའ་བའི་ཁྱེད་རང་། དྲན་པ་རབ་རིབ་ཀྱི་ཞིང་ཁམས་ཤིག་ནས་མཚན་ལ་ཡང་ཡང་རྨིས་འོང་།
འཕྲིན་ཕྲན་ལ་ལྷིང་འཇགས་ཀྱི་འཚོ་བ་དྲངས་པ་ནས་བཟུང་། ཁྱེད་དང་ཁ་བྲལ་ནས་ལོ་ཕྱེད་ལྷག་ཙམ་ཞིག་སོང་ནའང་། འདས་སོང་གི་དགའ་སྐྱོ་འདྲེས་མའི་སེམས་གཏམ་དང་འདྲ་པར་དག ད་དུང་ཡང་དྲན་པའི་མེ་ལོང་ངོས་སུ་གསལ་ལེར་ཉར་ཞིང་། བརྩེ་བ་ལྷད་མེད་ཅིག་གིས་འཁྲེན་ནས་ཡོད།
མཁྱེན་ནམ།བདག་གི་སྙིང་ཉེ་བའི་བརྩེ་བ་ལགས།
8
སྐད་ཆ་མང་པོ་ཞིག་ཁྱོད་ལ་བརྗོད་འདོད་ཀྱང་། གང་ནས་མགོ་བརྩམ་དགོས་མིན་མི་ཤེས་ཤིང་། གལ་ཏེ་ཁྱེད་ལ་བརྗོད་ཚེ། སླར་ཡང་འདས་སོང་དང་འདྲ་བར་རང་ཉིད་གཅིག་པུས་སྐྱོ་གར་འཁྲབ་ཀྱིན། ཚོར་བ་སྐྱུར་མོ་ཞིག་དང་འཕྲད་ཡོང་སྙམ་ནས་ཁྱོད་ལ་བརྗོད་འདོད་ཀྱི་སྙིང་སྟོབས་ཉམས་པར་གྱུར་ལ། བརྗོད་ཀྱང་ཆགས་ཞེན་གྱི་སྡུག་བསྔལ་ཁོ་ན་ལས། བློ་ཡིད་ཚིམ་པའི་མཇུག་འབྲས་ཅི་ཡང་མེད་ངེས་པས། ཡོད་ཚད་ལ་བཟོད་བསྲན་ཁོ་ན་བྱ་རྒྱུ་ལས་བདག་ལ་ཐབས་གཞན་ཅི་ཞིག་ཡོད་ཨང་།
དུས་དེ་དག་ལ་བདག་གིས“གདུང་བའི་ཟུར་བག་དང་འགྲོགས་པ། །ན་ཆུང་རྗེས་ཆགས་ཀྱི་བདེ་བ། །ཅུང་ཟད་སྐྱུར་ཁ་དང་ལྡན་པ། །བོད་པའི་ནས་ཆང་གི་རོ་མངར”ཞེས་པའི་སྙན་ངག་དེ་ཡང་དྲན་ཡོང་།
ཁྱེད་ཀྱི་མངར་ལ་སྐྱུར་བའི་བརྩེ་དུང་དེས། བདག་གི་ནང་སེམས་ལ་རྨ་ཁ་བཟོས་མྱོང་བ་ལན་གཅིག་མིན་ནའང······
ཐ་ན། མིག་ལ་མཛེས་ཤིང་བློ་ལ་བབས་པའི་ཁྱེད་ནི་ཧ་ཅང་གིས་ངོ་ཚ་སྨིན་པའམ་འཛེམ་བག་ཆེ་བའི་དབང་གིས······
9
དྲན་སྣང་ཀློང་གི་འདས་སོང་ལ་ཕྱིར་འདང་རེ་བརྒྱབ་དུས། ངེད་གཉིས་པོས་མཚན་གྱི་རྨི་ལམ་ཡང་མཐའ་གཅིག་ཏུ་བསྐྱུར་ཏེ། ལྷིང་འཇགས་ཁུ་སིམ་གྱི་མཚན་མོར་འཕྲིན་ཕྲན་བརྒྱུད་ནས། སྙིང་གཏམ་གྱི་མེ་ཏོག་གྲངས་མེད་ཅིག་ནང་སེམས་ཀྱི་ཞིང་ཁམས་སུ་ཁྲ་ལམ་མེར་བཞད་མྱོང་བ་དག དུས་ད་ཆ་བསམ་ན་ཅི་འདྲའི་སྤྲོ་ཞིང་སྐྱིད་ལ་ཅི་འདྲའི་མཛེས་ཤིང་མཚར།ངེད་གཉིས་ཀྱིས་མཚན་མང་པོར་འཆད་འདོད་པའི་སྐད་ཆ་དག་བཤད་ཟིན་ནས་ཡོངས་སུ་རྫོགས་ནའང་། ད་དུང་ཨུ་ཚུགས་ཀྱིས“དེ་རྗེས་དང་དེ་རྗེས”ཁོ་ནས། ཕན་ཚུན་དབར་ལ་འབྲལ་གླགས་མི་བཟོད།
དེ་དག་ཁྱེད་ཀྱིས་དྲན་ནམ། གཅེས་ལོ་མ།གཞན་ད་དུང་ང་གཉིས་ཀྱིས་སེམས་བསམ་པའི་གཏིང་གི་ཚིག་འབྲུ་དག འབུར་ལ་བརྐོས་ནས་དམ་བཅའ་ཡི་རྡོ་རིང་ཡང་བཞེངས་མྱོང་ཨང་།
དེ་དག་ཁྱེད་ཀྱིས་དྲན་ནམ། དགའ་ལོ་མ།དེ་ཙམ་དུ་མ་ཟད། ངེད་གཉིས་ཁོ་ནར་དབང་བའི་ཉིན་གཅིག་གི་འགྲུལ་བཞུད་དེ། བདག་གིས་དྲན་པའི་གཏིང་རིམ་ནས་མི་དྲན་ཅི་ལ་སྲིད།
གང་ཡིན་བརྗོད་ན། ཁྱེད་ནི་གཏན་དུ་འགྲོགས་ཐབས་མེད་པའི་ཁ་པར་ནང་གི་བྱམས་པ་དེ་ཡིན་པས་སོ། །
10
རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་གསུང་གི་མགུར་གླུ་མཐོང་དུས། དབང་མེད་དྲན་པའི་ཀློང་དུ་ཁྱེད་རང་ཡང་ཡང་འཆར་འོང་། བརྩེ་དུང་དབྱངས་ལ་བཀུག་པའི་གླུ་ཚིག་གི་གྲེ་འགྱུར་ཐོས་དུས། འབྲལ་མེད་ཡིད་ལ་བརྣགས་པའི་ཁྱེད་ཀྱི་བཞིན་རས་དྲན་འོང་།དེ་བས་ཀྱང་།ཡིད་ལ་ལྷག་ཏུ་བཟོད་པར་དཀའ་བ་ནི། ངེད་གཉིས་པོ་ཁོར་ཡུག་ཅིག་ཏུ་རྒྱུན་དུ་མིག་གིས་རིག་རྒྱུ་ཡོད་དུས། བདག་གིས“བརྩེ་དུང”ཞེས་པའི་ཐ་སྙད་དེ་ཡང་སྙིང་ཇི་ལྟར་བྱས་ཏེ་བསྐྱུར་ཐུབ་བམ།
ད་ནི་བདག་ལ་འཆད་འདོད་པའི་སྐད་ཆ་གཞན་ཅི་ཡང་མེད་དེ། འགྲུལ་བཞུད་ཀྱི་ལམ་བར་རིང་མོར་ཁྱེད་ཉིད་སྐྱིད་ཅིང་ཁྱེད་ཉིད་བདེ་བར་སྨོན། ཀྱེ་ཀྱེ།སྙིང་ཉེ་མ།ཀྱེ་ཧུད། ང་གཉིས་ཀྱི་ལས་དབང་། །