ཀྲུང་གོ་བོད་ཀྱི་དྲ་བ།

ཨ་གར་གྱི་མེ་ཏོག

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་།   སྤེལ་དུས། : 2025-08-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

དཔྱིད་རླུང་དལ་གྱིས་ལྡང་སྟེ་སྔོ་ཡི་མགོ་བོ་ས་ཁར་འབུད་མགོ་རྩོམ་དུས། ཨ་གར་གྱི་རིགས་ཀྱང་དབུགས་རྒྱས་ཏེ་མེ་ཏོག་གི་གང་བུ་ཐོན། གང་བུ་དེ་དག་ཉིན་རེ་ལས་ཉིན་རེར་ཆེ་རུ་རྒྱས་ཤིང་རིལ་རིལ་གྱི་སྦུབས་སུ་ཆགས། དཔྱིད་ཟླ་ཐ་མར་ཉེ་སྐབས་སྦུབས་རྒྱ་དེ་དག་བྱིའུ་ཡི་སྒོ་ང་བཞིན་གྲོལ་ཏེ་ཡུན་གྱིས་འདབ་མ་བཞི་དང་ལྔ་ཅན་དང་། ཁ་དོག་དཀར་དམར་ཁྲ་གསུམ་དུ་རེ་ལྕག་པ་བཞིན་ལྗོན་པའི་རྩེ་ན་ཚོམ་བུ་དང་ཚོམ་བུར་བཞད། ཁྱོད་ཀྱིས་ཨ་གར་འདི་འབྲོག་གི་སྤང་ཁུད་དང་། རོང་གི་ཞིང་བར། རྒྱ་གྲོང་གི་སྲང་ལམ་གང་དུའང་མཐོང་ཡོད་སྲིད་ལ། དེ་ལྟར་གནམ་གཤིས་ཀྱི་དྲོ་འཁྱག་དང་། ས་ཡི་རྩུབ་འཇམ་དང་མཐོ་དམའི་ཁྱད་མེད་པར་གཞི་ཚུགས་ཤིང་སྐྱེ་ཐུབ་པས། རང་གཅེས་ཆུང་བའི་ཀུན་མཐུན་གྱི་ལྗོན་པ་མཆོག་གྱུར་འདི་ཁྱོད་ལ་ཆུང་ནས་རྒྱུས་མངའ་ཞིང་། སྙིང་ལ་ཉེ་བ་ཞིག་ཡིན་པ་སྨོས་ཅི་དགོས།དེའི་མེ་ཏོག་གི་བཀྲག་མདངས་ལྟ་ན་སྡུག་པ་དང་། དེ་ལས་མནམ་པའི་དྲི་བསུང་ཞིམ་པས་སའི་རྩི་ཤིང་སྨན་སྣའི་ཁྲོད་ན་གྲལ་མི་དམན་པ་ཞིག་ཟིན་ཡོད།

ཙོང་ཆུ་རིང་མོའི་རྒྱུད་དུ་ཆགས་པའི་གྱི་ཐང་མཁར་འདིའི་ག་ས་གར་ཨ་གར་བཙུགས་པ་ལེགས་ཤིང་སྐྱེ་ཡང་ལེགས་པས། མཐོ་སྒང་གི་གྲོང་ཁྱེར་འདི་ཁྲ་ལམ་མེར་བརྒྱན་ཏེ་མི་རྣམས་ཀྱི་མིག་གི་དབང་བོ་གསོ་ཞིང་ཡིད་ཀྱི་བརྟན་པ་འཕྲོག་པར་བྱེད། གྲོང་མི་ཚོས་མིག་ཞགས་དབང་མེད་དུ་དེ་རུ་འཕངས་ཤིང་། རྩི་བཅུད་ལེན་པའི་ཕྱེ་མ་ལེབ་དང་སྦྲང་མ་བཞིན་ཨ་གར་གྱི་ཕྱོགས་སུ་འཁོར་ཏེ། དྲི་བསུང་སྣ་བས་སྣོམ་ཞིང་། མཛེས་སྡུག་ལྟ་བས་མ་ངོམས་པར་པར་དུ་ལེན། ཨ་གར་འདིས་གནའ་མཁར་འདིར་ཐུན་མིན་ཡན་གར་བའི་ཁྱད་ཆོས་ཤིག་བསྣན་པས། ཚ་བ་ཆེ་བའི་སྨད་རྒྱ་ནག་ནས་སྤྲིན་བཞིན་འདུ་བའི་ཕྱོགས་ཀྱི་མགྲོན་པོ་ཚོ་ཡང་། བསིལ་ལྡན་གྲོང་ཁྱེར་འདི་རུ་བསིལ་བར་བསྟེན་པའི་བདེ་བ་མྱོང་བ་འབའ་ཞིག་གི་སླད་དུ་ག་ལ་ཡིན། དཔྱིད་དུས་ཀྱི་གནའ་མཁར་འདིའི་ག་ས་གར་དུ་བཞད་པའི་ཨ་གར་མེ་ཏོག་སོགས་ཀྱིས་ཁོ་ཚོའི་ཡིད་དྲངས་པས་ཀྱང་ཡིན་ཏེ། ཨ་གར་གྱི་མེ་ཏོག་ཁོ་ཚོར་ཡིད་དུ་ཉར་རིན་ཆེ་བའི་དཔྱིད་ཀྱི་ལེགས་སྐྱེས་རྨ་མེད་པ་ཞིག་ཏུ་ཤར་ཡོད།

གནའ་མཁར་འདིར་གཞིས་ཆགས་པའི་བདག་ཀྱང་། རེག་བྱ་འཇམ་པའི་རླུང་བུ་ལྡང་བའི་དཔྱིད་སླེབས་ཐེངས་རེར། ཞོགས་པར་འཆར་ཅན་དང་འཆར་ཅན་མིན་པར་གཞིས་ཁུལ་ལས་བུད་དེ། ཉེ་འཁོར་དུ་འཆམ་གཡེང་བྱ་རུ་འགྲོ་བཞིན་ཡོད། དཔྱིད་དུས་ཀྱི་ཞོགས་པ་ནི་མཁའ་དབུགས་ཆུས་བྲན་པ་ལྟར་དྭངས་པས་གོམ་པའི་གདེགས་འཇོག་དལ་གྱིས་སྒྱུར་བཞིན་ཁམས་གསེང་བྱེད་པར་ཤིན་ཏུ་འཚམ། འདི་ལྟར་གཟས་ཏེ་ལུས་ཕུང་སྦྱོང་བརྡར་མིན་པར་མིག་གང་སར་གཡེང་སྟེ་བག་ཡངས་ཀྱིས་འཆམ་ཚེ། དཔྱིད་ཀྱི་རང་མདངས་མཐོང་ཆོས་སུ་སྨིན་ཞིང་། དཔྱིད་ཀྱི་དབུགས་རྒྱུན་དབང་བོས་ཚོར་ཐུབ།འཆམ་འཆམ་བྱེད་པའི་བར་ནས་གཞུང་ལམ་ཁ་རུ་ཕོན་པོ་དང་ཕོན་པོར་བསྟར་བའི་ཨ་གར་གྱི་ཡལ་གའི་རྩེ་ན་ལོ་མ་འབུ་བ་དང་། མེ་ཏོག་གི་གང་བུ་ཐོན་པ།མེ་ཏོག་གི་འཛུམ་རིས་གྲོལ་བའི་བརྒྱུད་རིམ་ཡོངས་མིག་གིས་ཟིན་ཐུབ། ལྷག་ཏུ་སྨི་དྲུག་བརྒྱ་ཡི་མཚམས་སུ་སོང་ན་མི་བགྲོད་ལམ་ཁ་རྒྱ་ཆེ་བ་དང་། དེའི་གཡོན་འགྲམ་དུ་ཨ་གར་ལྗོན་པའི་རྫོང་ཅུང་སྟུག་པ་མ་ཟད། ཚར་དུ་དངར་བས་ལྷུག་ལྷུག་བཞད་པའི་དཀར་དམར་ཁྲ་གསུམ་གྱི་མེ་ཏོག་གི་ཚོགས་ནི་དངོས་བཤམས་ཀྱི་མཆོད་པར་ཡིད་སྤྲུལ་བྱ་ཆོག་ལ། འཛུམ་མདངས་རྒྱས་པའི་བསུ་འཕྲེང་ཞིག་ལའང་རྟོག་གཟོ་བྱ་ཆོག དེ་བས་ཀྱང་ཉི་འོད་ལམ་མེར་འཚེར་པའི་ལྗོན་པའི་གསེང་དུ་བྱིའུ་རྒྱ་རིལ་གྱིས་གྲེ་འགྱུར་སྒྲོག མེ་ཏོག་གི་ཚོམ་བུ་བསེར་བུས་བསྒུལ་ཏེ་ཀྲོག་ཀྲོག་གཡོ་བ་མཐོང་བའི་མོད་ལ། དངོས་གནས་དགའ་ཚལ་ཞིག་ཏུ་ཉུལ་བ་ལྟར་སེམས་ཁོང་རིལ་བོ་དྭངས་ས་ལེར་འགྱུར་འགྲོ། སྐབས་འདིར་མདུན་རོལ་གྱི་གཞུང་ལམ་དུ་རླངས་འཁོར་གྱི་རྒྱུན་གྱིས་ཆུ་གཞུང་ལྟ་བུའི་ཤང་སྒྲ་ཤུགས་ཀྱིས་འཐེན་ན་ཡང་། དེས་སྡུག་གུར་བཀྲ་བའི་འདབ་ལྡན་དག་ལ་ཉམས་སུ་རོལ་བའི་སྤྲོ་བ་འགྲིབ་པར་བྱ་མི་ཐུབ་ལ།མེ་ཏོག་གི་འདབ་མར་རྩེན་པའི་མིག་གི་བུང་བ་དེ་ཡང་ཕྱོགས་གཞན་དུ་འགུག་མ་ཐུབ། ཡང་ཆར་བ་ཟམ་ཟིམ་འབབ་པའི་ཞོགས་པར། མེ་ཏོག་གི་འདབ་མའི་ཁུད་དུ་ཆུ་ཟིལ་འཁྱིལ་ཞིང་། འདབ་རྩེ་རུ་ཆུ་ཟིལ་དཔྱངས་པ་ནི་འོད་ཀྱི་གོང་བུ་སྐོར་ཞིག་དང་ཉེ་བར་མཚུངས་ལ། དེ་རླུང་གིས་གཡོ་ཙམ་བྱས་ཚེ་འོད་ལམ་ལམ་གྱི་མུ་ཏིག་ལྟར་ཐང་དུ་འཐོར་འགྲོ། ཨ་གར་གྱི་མེ་ཏོག་གིས་དེ་ལྟར་བསུང་ངད་ཆི་ལི་ལིར་བསྐྱུགས་ཏེ། རླངས་འཁོར་གྱིས་བཏང་བའི་རྫབ་རྫོབ་དང་མི་ཚོགས་ཀྱིས་ལུད་པའི་དྲི་མ་དག་བསང་བར་བྱས་པས། ཞོགས་པར་དེའི་ཉེ་གམ་དུ་འཆམ་འཆམ་བྱེད་པ་ནི་གཅིག་ན་ལུས་ཕུང་ལ་སྨན་པའི་སྦྱོང་བརྡར་ཞིག་ཡིན་ལ། གཉིས་ན་སེམས་ཀྱི་ར་རི་བགྲུངས་པའི་སྦྱོང་བ་ཞིག་ཀྱང་ཅི་ལ་མིན། བདག་ནི་སྐབས་སྐབས་སུ་དེ་ལྟར་བཏབ་པའི་དུས་ལ་ཆས་པ་བཞིན་ཨ་གར་མེ་ཏོག་གི་འཁྲིས་སུ་འཁོར་ཞིང་། དེ་ནི་ཆག་མི་རུང་བའི་སྤྲོ་བའི་ལས་ཀ་ལྟ་བུ་ཞིག་ཏུ་གྱུར་ཡོད། འོན་ཏེ་ཨ་གར་མེ་ཏོག་གི་བཞད་ཡུན་ཟླ་གཅིག་ཙམ་ལས་མིན་པས་ཐུང་སོང་ཞེས་ཡིད་ཕངས་ཤིང་། བཀྲག་མདངས་རྣམ་པར་བཀྲ་བ་དེ་རྨི་ལམ་བཞིན་ཟད་པར་གྱུར་བས་ཧང་སངས་མོད། ཞིབ་ཏུ་བསམས་ཚེ་འདུས་བྱས་ཆོས་ཐམས་ཅད་རང་བཞིན་གྱིས་གྲུབ་པ་གཅིག་ཀྱང་མེད་པས་བློ་རུ་མི་འཁོར་བ་ཅི་ཞིག་ཡོད། ཟླ་བའི་འཕེལ་འགྲིབ་དང་སྤྲིན་ཕུང་གི་འདུ་གྱེས་བཞིན་སྣང་ངོར་ཁྲ་ལམ་མེར་བཀྲ་བའི་སྣང་སྲིད་ཡོད་དོ་ཅོག་མཐའ་མར་འཇིག་སྟེ་མི་སྣང་བར་ཡལ་གྱིན་ཡོད་དེ། དར་ཅིག་ལ་བཞད་ཅིང་དར་ཅིག་ལ་བྲུལ་བའི་ཨ་གར་མེ་ཏོག་གིས་ཀྱང་ཆོས་ཉིད་དེ་བདག་ཅག་ལ་གཅེར་མཐོང་དུ་སྟོན་གྱིན་གདའ། འོན་ཏེ་ཨ་གར་གྱི་མེ་ཏོག་གི་འདབ་ལོ་བྲུལ་ཏེ་འབྱུང་བ་ས་ལ་ཐིམ་ཡང་། དེའི་མ་བཅོས་ལྷུན་གྲུབ་ཀྱི་མཛེས་པ་དང་སྦྱར་མིན་ལྷན་སྐྱེས་ཀྱི་བསུང་ངད་དག་མི་རྣམས་ཀྱི་དྲན་པའི་ཟབ་སར་སྔར་མུས་མ་འཇིག་པར་གནས་ཡོད། དེ་ནི་འཇོན་ཐང་ཆེ་ཞིང་རྒྱུད་དུལ་བའི་སྐྱེས་བུ་ཞིག་གི་ཚེ་སྲོག་གི་འདབ་མ་དུས་མིན་གློ་བུར་དུ་ཟུམ་པར་གྱུར་པ་ན། མི་རྣམས་གདུང་བས་མནར་ཞིང་ཕངས་པས་གཟིར་ཏེ། སྐྱེས་བུ་གང་གིས་བསྐྲུན་པའི་བྱས་རྗེས་ངག་ནས་རྗོད་ཅིང་བཞུད་པའི་ལམ་བུར་ཕྱི་མིག་འཕེན། གང་དེ་ད་དུང་ཡང་འཇིག་རྟེན་འདི་ན་འཚོ་ཡོད་པ་བཞིན་སེམས་ནས་དད་གུས་ཀྱི་ཐལ་མོ་སྦྱོར་བ་བཞིན་རེད། སྒོ་གསུམ་དྲང་བོར་སྲོང་བའི་ཚུལ་ལྡན་གྱི་སྐྱེས་བུ་དམ་པ་དེ་ལ་གང་གི་རྗེས་འཇུག་པ་ཚོས་ཙན་དན་གྱི་ལྗོན་པ་ཞེས་བསྔགས་པ་རྗོད་ཀྱིན་ཡོད་པ་བཞིན། བདག་གིས་ཀྱང་མི་གཞི་བཟང་པོའི་དྲི་ངད་འཐུལ་བ་དང་། མི་ཚེ་ཐུང་ཐུང་དོན་གྱིས་ལྕི་བ་དང་འཚོ་སྟངས་རིན་ཐང་གིས་ཕྱུག་པའི་རིགས་ཞེན་ཆེ་བའི་ཨ་མའི་བུ་དེ་དག་ལ། སྨན་དང་སྤོས་ཀྱི་རྒྱུ་རུ་འགྲོ་བའི་ཨ་གར་ཞེས་འབོད་འདོད་སྐྱེ་ལ། ཁོ་ཚོའི་ལུས་ངག་གི་སྤྱོད་པ་ཞི་ཞིང་དུལ་བ་དེ་ལ་ཨ་གར་གྱི་མེ་ཏོག་གི་བསུང་ཞིམ་ཞེས་བརྗོད་འདོད་དེ། ཁོ་ཚོ་ནི་བསྐལ་བརྒྱར་འཚོ་ཡང་གྲིབ་བསིལ་ཙམ་ཡང་གཞན་ལ་སྟེར་མི་ཐུབ་པའི་ཤིང་རུལ་དག་ལས་བླ་ལྷག་གིས་འཕགས་པས་སོ། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།