འཁོར་བའི་ལས་ལམ་སྙེག་པའི་རེ་ལྟོས་ཀྱི་ལས་འཕྲོ་ཟད་ཀྱང་རུང་། འཇིག་རྟེན་དཀར་ངོགས་འགྲིམ་པའི་བདེ་སྡུག་གི་ཁ་མིག་གསལ་ཀྱང་ལེགས། འཆི་འཕོའི་རྣམ་ཤེས་ལ་གཟུར་མེད་ཀྱི་བཀའ་བགོས་མི་འདྲ་བ་དང་། ལུས་ཀྱི་བདེ་གཟེར་འཇགས་པའི་སྐབས་ནི་ནམ་ཡང་མ་མཆིས་པས། རྟག་མི་རྟག་གི་སོ་མཚམས་ནས་དེ་རིང་གི་ལུས་རྟེན་ཉོབ་པོ་སྲུང་བ་ལ་དོན་གོ་ཡོད་པ་བཤད་དཀའ་ནའང་། སྣང་བ་དྲོས་ཤིང་རེ་ལྟོས་ཆེ་བའི་མིག་ཟུང་འདི་དག་མཐོང་ན། རྫོབ་རྫོབ་འདྲ་བའི་འཇིག་རྟེན་ཡང་སྙིང་དུ་སྡུག་པ་ཞིག་ཅི་ལ་མིན།
ཕྱི་དྲོ་དེར། སེར་ལམ་ལམ་གྱི་མཁའ་མཐའི་ཉི་མ་རི་ཆེན་གྱི་ཕག་ཏུ་ག་ལེར་བཞུད་ཅིང་། ས་འཛིན་གྱི་གྲིབ་སོ་ནག་པོ་ས་ཆེན་པོའི་ཡོལ་བའི་ཚུལ་གྱིས་ས་སྒང་འདིའི་ཁ་མིག་རིམ་གྱིས་བཏུམས་མགོ་བརྩམས་བྱུང་། སྨག་ནག་པོའི་མཚན་མོ་དེ་ནས་བཟུང་། ངའི་འཇིག་རྟེན་ནས་སྲ་ཞིང་འཐས་པའི་ཤ་རུས་ཀྱི་འཇུ་ཐག་ཅིག་ལྷོད་སོང་། བརྟན་ཞིང་བརྗིད་ལ་གཡོ་བ་མེད་པའི་བློ་ཕུགས་ཀྱི་རྟེན་ས་ཞིག་འཇིག་སོང་། ཁུ་བོའི་ནད་གཞི་འདི་ངོས་བཟུང་བ་ནས། ངའི་ནམ་མཁའ་ནས་སྡུག་ཡུས་ཀྱི་སྨུག་སྤྲིན་དྭངས་མྱོངས་མེད།
ངའི་ཁུ་བོ་ནི་ངའི་ཨ་ཕའི་ནུ་བོ་ཡིན་ལ། ཁོང་མིང་སྲིང་དག་ལས་ལོ་ཡི་གྲལ་རིམ་ལྟར་དབྱེ་ཚེ་གཉིས་པ་ཡིན། ཁོ་ཚོར་མིང་སྲིང་བདུན་ཡོད་ཅིང་། ཕལ་བའི་འབྲོག་ཁྱིམ་ནས་འཚར་བའི་ཁུ་བོ་ཁོང་ནི་བློ་བཀོད་པ་དང་ཐབས་ཤེས་རབ། གཏམ་ཁ་ལྕེ་ཡིས་ཀུན་ལ་གྲགས་པ་ཞིག་མིན་ཡང་། འབྲོག་མི་སྤྱིའི་གཤིས་སྤྱོད་ཀྱི་ཁྱད་ཆོས་མངོན་པར་གསལ་ཏེ། ཁ་བཤད་དོན་ལ་གནས་ཤིང་ལས་དང་རྒྱུ་འབྲས་སྲུང་བ། གཟབ་ནན་དང་ཞིབ་ཚགས་ཀྱི་གཤིས་ཀ་མངའ་བའི་མི་རྡོ་འདྲ་བ་ཞིག་ཡིན། རུ་བ་ཁྱིམ་མཚེས་ལྟ་ཅི། རུ་སྡེ་གཡས་གཡོན་ཀུན་ཏུའང་ཁོང་ནི་ཆགས་འཇོག་སའི་མི་ཞིག་ཡིན་ཕྱིན། ཁོ་པའི་གཤིས་སྤྱོད་ཁས་མི་ལེན་པའི་མི་ཞིག་གཞར་ཡང་མེད།
ད་ལོའི་དབྱར་ཁར་ཁྱེད་ཀྱི་དྲུང་དུ་ཕྱིན་ནས་སྙུང་གཞིའི་གནས་ཚུལ་འདྲི་དུས། ཅི་ཞིག་གླེང་དགོས་པའང་མི་ཤེས་པར། ཁ་རོག་གེར་ཁྱེད་དང་མཉམ་དུ། ནུབ་ཁའི་ཉི་ཟེར་ལ་ཅེར་ནས་ཡུན་རིང་ལུས་པ་དེའང་། ད་ནི་ཁྱེད་དང་ངའི་ཆེས་མཐའ་མཇུག་གི་མཇལ་འཛོམས་སུ་གྱུར། དེ་དུས་ཁྱོད་ཀྱིས་བོད་ལྭ་སྤུ་ཚར་ཞིག་གཡང་ལུག་བྱས་ཏེ་གྱོན་ཡོད་ལ། བཀྲག་མདངས་ཉམས་པའི་གཟུགས་གཞི་དང་སྐམ་ཞིང་རིད་པའི་ངོ་གདོང་། ལྕུག་ལྕུག་འདར་བའི་གོམ་འགྲོས། གསོན་ཤུགས་བྲལ་བའི་མིག་ཟུང་སོགས་ལ་ཞིབ་ལྟ་ཐེངས་ཤིག་བྱས་རྗེས། ངའི་སེམས་སུ་ཁྱོད་ཉིད་བདེ་ཐང་ཡིན་དུས་ཀྱི་གྲུང་ཤ་དོད་པོ་དང་གཟབ་ནན་ཆེ་བ། སེམས་ཆུང་གི་རང་གཤིས་ཡོད་པ་བཅས་ཡིད་ལ་ཝ་ལེར་ཤར་ནས། ད་ནི་དངོས་ནས། རེ་བ་ཅི་ཡང་མི་འདུག་སྙམ་པའི་སེམས་ཚོར་སྐྱོ་བོ་ཞིག་བྱིན་སོང་།
ཞེ་གཏིང་ནས་སྨྲེང་སྟེ་གཅུ་ལོག་འགའ་བྱེད་ནའང་། རང་ལོ་སུམ་ཅུར་བུད་པའི་སྟག་ཤར་ཞིག་ཡིན་པའི་ཨུ་ཚུགས་ཀྱིས། རྣམ་འགྱུར་ཅི་ཡང་མ་བསྟན་པར་ལུས། ཡང་གཅིག་བཤད་ན། མཇུག་མཐའི་ཨུ་ཚུགས་འདི་ནི་ཁྱེད་ལ་གྱེས་བརྡ་གཏོང་སྟངས་དམིགས་བསལ་བ་ཞིག་ཡིན་པ་ཡང་འདྲ། དོན་ལ་སྨྲ་བ་མེད་པའི་ལྷིང་འཇགས་ཀྱི་གནས་སྐབས་དེར། ངའི་ནང་སེམས་ནི་རྦ་རླབས་དྲག་དུ་འཕྱོ་བའི་འུར་ཟིང་གི་མཚོ་ངོས་ཤིག་དང་འདྲ་ལ། གློག་འོད་ཀྱིས་ཀ་བ་བཙུགས་ཤིང་། འབྲུག་སྒྲས་ས་ཆེན་སྒུལ་ཡང་ཆར་མི་འབབ་པའི་ངང་ཚུལ་དང་འདྲ། གནས་སྐབས་འདིར་སླེབས་དུས་ད་གཟོད་རིམ་བཞིན་སྡུག་བསྔལ་རྟོགས་བཞིན་པ་འདྲ། ད་གཟོད་ཅི་ཡང་མི་འཐུས་པ་ཤེས་བཞིན་འདུག ཐ་ན་སྐད་ཆ་ཚིག་འགའ་འང་མི་འཁྲོལ་བར་འདུག
ལོ་འདིར། ཆར་ཆུ་དུས་ལྟར་བབས་ནས་ཕ་ཡུལ་གྱི་ཡུལ་ལུང་གང་སར་རེ་ལྟོས་ཀྱིས་ཁེངས་ཤིང་། སྒོས་སུ་ད་ལོའི་དབྱར་འདི་ལོ་སྔོན་མ་དག་དང་བསྡུར་ན་ལྟོས་བཅོས་ཀྱིས་ཅུང་ལེགས་པོར་སྣང་ཡང་། ང་ལ་མཚོན་ན་སྡུག་བསྔལ་རྐྱང་རྐྱང་གིས་ཁེངས་པའི་དབྱར་ཟླ་ཞིག་ཡིན་པའི་འདུ་ཤེས་ཀྱིས་ཀུན་ནས་བཅུམས། སྐྱེས་ནས་འཆི་དགོས་པ་ནི་ཆོས་ཉིད་ཡིན་ཟེར། ཆོས་ཉིད་ངོས་ཟིན་པའི་གོ་རིམ་ནི་ཇི་འདྲའི་ཡིད་སྐྱོ་བའི་གནས་སྟངས་ཤིག་རེད། ཆོས་ཉིད་ངོས་ཟིན་ཚར་དུས། ངའང་ཁུ་བོ་ནང་བཞིན་འགྲོ་དགོས་པའི་དུས་ལ་སླེབས་ཡོད་དམ་ཅི། གང་ལྟར་ད་ལོ་ནི་ཕྱི་ནང་གི་འཇིག་རྟེན་གང་ལའང་གཡོ་སྐྱོམས་ཆེ་བའི་ལོ་ཞིག་རེད།
ང་རང་ལས་ཀའི་དབང་གིས་ཟི་ལིང་དུ་ཡོད་པས། དུས་རྒྱུན་སྐོར་བ་རེ་བྱེད་བསམ་ནའང་། ལེ་དབར་སུམ་བརྒྱ་ཡས་མས་ཀྱི་འབའ་རྫོང་ལ་ཉིན་ལམ་ཞིག་ཡོད་རྐྱེན། དེ་འདྲའི་ལས་སླ་བོའི་ངང་སྙེག་ཐུབ་པ་ཞིག་མིན་ལ། དུས་རྒྱུན་ཁོམ་ལོང་རེ་བྱུང་ནས་ཡིད་ལ་དྲན་ཐེངས་རེར། ཕྱིར་ཡུལ་མིར་ཁ་པར་བཏང་སྟེ་ནད་གཞིའི་གནས་ཚུལ་རེ་འདྲི་བ་དང་། ལས་ཀའི་དགོས་དབང་གིས་ཡུལ་ཕྱོགས་གང་སར་འགྲོ་དགོས་རྐྱེན། ག་ས་གང་དུ་ཐུགས་གཏད་སྐྱབས་འཇུག་རེ་ཞུས་པ་ནི་ངས་ནུས་པའི་དོན་འབའ་ཞིག་གོ །
ཡལ་བ་མེད་པའི་ལང་ཚོ་དང་འཇིག་པ་མེད་པའི་ཚེ་སྲོག་ཅིག་མེད་པ་བདེན་དུ་ཆུག་ཀྱང་། གློ་བུར་གློ་བུར་དུ་འཇའ་བཞིན་ཡལ་བའི་ངོ་གདོང་དང་། སྟོང་ལྷང་ལྷང་གི་ཕྱིར་དྲན་ལས་ཅི་ཡང་མི་ལྷག་པ་ནི་ཇི་འདྲའི་ཞེ་རུས་འཁྱག་པ་ཞིག་རེད་ཨང་། ཤ་འབད་རུས་འབད་ཀྱིས་ཡོད་ཚད་གཞན་དོན་ལ་བསྟིམས་པའི་དུས་ཚོད་ཀྱི་གོ་རིམ་དེ་ཁྱོད་ཀྱི་བདེ་སྐྱིད་མིན་ན། ངས་ནི་ཁྱོད་རང་སྐྱིད་འདུག་བསམ་པའི་སྦྱོར་བ་ཞིག་གཏན་ནས་གོའང་མ་མྱོངས། ཡིན་ཡང་། ཁྱེད་ཀྱིས་ཕང་སེམས་དང་འགྱོད་གདུང་། སྡུག་ཡུས། འཁང་ར་མི་བྱེད་པའི་དཔའ་གདེང་ནི། ཁྱེད་ཀྱིས་ང་ཚོར་བཞག་པའི་འཁོར་བའི་ཉམས་མྱོང་གི་ཕྱོགས་སྡོམ་གནད་དུ་ཐིངས་པ་དེ་ཅི་ལ་མིན།
ཉི་འོད་དང་འདྲ་བའི་ཁྱེད་ཀྱི་བྱམས་བརྩེ། རྩྭ་ཐང་དང་འདྲ་བའི་ཁྱེད་ཀྱི་བློ་ཁོག གཙང་བོ་དང་འདྲ་བའི་ཁྱེད་ཀྱི་ཐུགས་རྒྱུད། འདི་དག་ཡོད་ཚད་ཀྱང་ཁྱེད་རང་འབྲོག་ས་རྣལ་མ་འདིའི་རང་བྱུང་གི་དྭངས་གཙང་ལ་འགྲོགས་ཤིང་། སྐྱེ་བ་ནས་འཆི་བར་འདྲིས་པའི་རང་བྱུང་གི་བྱིན་རླབས་ཡིན་ཤས་ཆེ། བདག་གི་ཁུ་བོ་ལགས། ངའི་བདེ་སྡུག་ཡོད་ཚད་ཀྱི་སྣེ་ན་ཀ་བ་བཞིན་འགྲེང་བའི་ཁུ་བོ་ལགས། ངའི་འབྲོག་ཐང་གི་དྭངས་གཙང་སྲུང་བའི་རང་ཚུགས་ཀྱི་དཔའ་བོ། ཉིད་ཀྱི་སྐྱིད་སྡུག་འཁོར་བའི་ལས་སྣེ་ནས་ཕལ་བའི་ཚེ་ལམ་སྙེག་སྐབས་ཀྱི་ཡ་རབས་སྤྱོད་བཟང་དང་གཤིས་འཇམ་གཞུང་དྲང་། བྱམས་སྙིང་རྗེ། དད་བརྟན་འགྱུར་མེད་ཀྱི་རང་གཤིས་བརྟན་པོས། ཁོ་བོ་གཙོས་ཁྱིམ་རྒྱུད་འདིའི་རྟིང་མའི་མི་རབས་དག་ལ་མི་ཚེའི་ཡང་སྙིང་གི་བདེན་པ་དང་དྭངས་གཙང་གི་བསླབ་བྱ་བསྩལ་བར་གཞལ་དཀའ་བའི་དྲིན་དུ་ཆེ།
དལ་བརྒྱད་འབྱོར་བཅུ་ཚང་བའི་ཟག་བཅས་བདེ་སྡུག་གི་ཕུང་བོས། རྟག་མི་རྟག་གི་སོ་མཚམས་ནས་ཚེ་ལམ་རིང་མོའི་གཏམ་རྒྱུད་ཁུར་ཁུར་ནས། དུར་ཁྲོད་ཟེར་བའི་གནས་དེ་རུ་ལན་ཆགས་ཕོག་རྗེས། སྐྱེ་འཆི་སྟོང་བའི་རྣམ་ཤེས་ཀྱིས་ཀྱང་བར་དོའི་རླུང་ཁམས་ཉུལ་སོང་། བདག་གི་སྙིང་ཉེ་བའི་ཁུ་བོ་ལགས། གཟུགས་དང་གྲིབ་མ་འདྲེས་པའི་མུན་ནག་གི་ཀློང་ནས། ངས་མིག་ཟུང་ཆེར་ཕྱེས་ཏེ་ཁྱེད་ཀྱི་ངོ་གདོང་བཙལ་ཡང་། ད་ནི་ཡོད་ཚད་སྟོང་བར་སྣང་། ཡིན་ཡང་། ངས་ཚེ་སྲོག་གི་སྐུད་རྒྱུན་མ་ཆད་ཚུན་ཆད་དུ། ཁྱེད་ཀྱི་མི་ཚེའི་དྭངས་གཙང་དང་དད་པའི་སྙིང་སྟོབས། བྱམས་པའི་གཤིས་ཀ་ལ་སོགས་པའི་ཤེས་བ་མཐའ་དག་རྒྱུད་ལ་བླངས་ནས། ཚེ་ནོམ་འདི་དག་མི་རབས་ནས་མི་རབས་བར་སྤྲོད་འདོད།
ཟོལ་གྱི་རྫུ་བག་འཛུམ་གྱིས་བསུས་ཤིང་། གཡོ་དང་རྫུན་གྱི་མཐའ་མི་བརྟོལ་བའི་འཁོར་གཞིའི་མངའ་ཐང་ནས་འཚོས་འཚོས་རྗེས། ཕྱིར་ཕ་ཡུལ་ལ་ལོག་ནས་ཁྱེད་དང་ཁྱེད་འདྲ་བའི་དྭངས་གཙང་གི་རང་མི་དག་ཐེངས་གཅིག་མཐོང་ནའང་། ང་ལ་མཁས་རྒན་སུ་ཡི་བཀའ་སློབ་ལས་ཀྱང་ལྷག་པའི་ངེས་ཤེས་དང་བློ་སྐྱེད་འཕེལ་ཐུབ། དེ་བས་ཁྱེད་ནི་ངའི་ནང་སེམས་ཚ་བར་གདུང་དུས་ཀྱི་བསིལ་གྲིབ་ཡིན་ལ། ཀྱག་ཀྱོག་ཚེ་ལམ་སྙེག་པའི་ལམ་སྟོན་པའང་ཡིན། སྙིང་ཉེ་བའི་བདག་གི་ཁུ་བོ་ལགས། ད་ནི་འུ་གཉིས་འདི་ཕྱི་ཟེར་བའི་བར་ཐག་གི་མུན་པ་མཐུག་པོ་ཞིག་གིས་བསྐལ་ཡང་། ངའི་འགྲོ་འདུག་སྤྱོད་གསུམ་དང་ཤེས་པ་མཐའ་དག་གི་ལམ་ན། ཁྱེད་ཉིད་སྔར་བཞིན་བརྟན་གྱིག་གེར་གསོན་ཡོད། སྐར་མདའ་བཞིན་གནམ་མཐར་ལྷུང་བའི་ཁུ་བོ་ལགས། སྤང་ངོས་ནས་འཇའ་བཞིན་ཡལ་བའི་ཁུ་བོ་ལགས། །