1
མདང་དགོང་ཆར་ཞིག་བབས་ནས་མཐོ་སྒང་གི་ས་གཞི་གཙང་མར་བཀྲུས་ཏེ། ནམ་མཁའ་ཧ་ཅང་དྭངས་བར་གྱུར། ཤར་ཕྱོགས་སུ་ལང་ལོང་དུ་གཡོ་བའི་ཞོགས་སྤྲིན་ནི་རི་མགོའི་མེ་ཏོག་ཆུན་པོ་རེ་རེ་བཞད་པ་དང་མཚུངས། འཇམ་ཞིང་བསིལ་བའི་དབྱར་ཁའི་དྲི་བཞོན་གྱི་རླུང་བུ་ནི་སྤང་ལྗོངས་ཀྱི་ཐང་དཀྱིལ་དུ་རྩྭ་ལྗང་དང་མཉམ་དུ་མགོ་བོ་ཤུགས་ཤུགས་ཀྱིས་གཡོ་བཞིན་འདུག དབྱར་ཁའི་དགེ་མཚན་རབ་ཏུ་འབར་བ་དེས། ང་རང་དབྱར་སར་འགྲོ་བའི་འདུན་པ་དྲག་པོ་ཞིག་སྐྱེས། ང་རང་ཕ་ཡུལ་གྱི་དབྱར་སར་འགྲོ་བ་ནི་ཐེངས་དང་པོ་ཡིན་ཞེས་ཟེར་ཀྱང་ཆོག་པས། འཚོ་བ་གསར་བ་ཞིག་མགོ་བརྩམ་པའི་རེ་སྒུག་ཕྲ་མོ་ཞིག་ལ་དམ་པོར་འཇུས་ནས་གོམ་ཁ་དབྱར་སར་བསྐྱོད་པའི་ལམ་དུ་བསྒྱུར་བ་ཡིན། ཚེ་རིང་དང་ངེད་གཉིས་ནི་ཕ་ཡུལ་གཅིག་པ་མིན་ཡང་ལས་ཁུངས་གཅིག་གི་ལས་གྲོགས་སུ་གྱུར་ནས་ལོ་ཟླ་མང་པོར་ལྷན་གཅིག་ཏུ་བྱ་བ་བསྒྲུབས་མྱོང་།
འབྲོག་ཕྱོགས་ཀྱི་དབྱར་དུས་ནི་འབྲོག་པ་རྣམས་ལ་མཚོན་ན། དཔྱིད་དཔལ་ཕར་བསྐྱལ་ནས་དབྱར་ཁ་གསར་བ་ཞིག་ཚུར་བསུ་བའི་དུས་སྐབས་ཤིག་ཡིན་ལ། དེ་ལྟ་བུའི་དབྱར་མགོའི་དུས་ཚུགས་འདི་ལ། ང་རང་ཟབ་སྦྱོང་ཞིག་གི་བར་གསེང་ནས་ཕ་ཡུལ་གྱི་དབྱར་ས་ལ་འགྲོ་བའི་བསྐལ་བ་ཐོབ། ངས་རང་ཉིད་གནས་འདིར་ཡང་བསྐྱར་འབྱོར་བ་ནི་ང་དང་ཕ་ཡུལ་གཉིས་ལ་བརྩེ་བ་ཟབ་མོ་ཡོད་པའི་རྟག་བརྟན་གྱི་ལས་འབྲེལ་བཟང་བོ་ཞིག་ཏུ་བསམ་མོད་ལ། ངའི་རང་དབང་ལ་ཡོང་དཀའ་བས་སེམས་པ་དེ་ཡང་འདས་དོན་ཞིག་དང་མཉམ་གཅིག་ཏུ། སྒྲོག་མེད་ཀྱི་རྟ་རྒོད་ཅིག་དང་མཚུངས་བར་དབྱར་གྱི་མཛེས་སྡུག་གི་ཀློང་དུ་འཁྱམས།
ཚེ་རིང་གིས་རྟ་གཉིས་ཚུར་ཁྲིད་ཡོང་བ་དང་། ངེད་སྤུན་གཉིས་ཀྱི་གཟུགས་ལ་རིང་ཐུང་ཡོད་མོད། རྟ་སུ་ཞིག་བཞོན་ན་ངར་བ་ཡིན་ཚུལ་ལ་བལྟས་བ་ཡིན། ངས་རྟ་ཞོན་ཚུལ་ཐེངས་ཁ་ཤས་ལ་སྦྱངས་མྱོང་ཡང་ད་དུང་བྱང་ཆ་དེ་ཙམ་མེད་པས། ད་ཐེངས་ཀྱང་ཐེངས་ཤིག་བཞོན་ནས་ཚོད་ལྟ་བྱེད་འདོད ། ཚེ་རིང་གིས་ང་ལ་ཁྱོད་རྟ་བཞོན་པ་ལས་རྒྱ་སྟག་ཞོན་པ་མ་རེད་མོད་དེ་འདྲ་སྐྲག་དགོས་དོན་མེད་ཟེར། ངས་ཀྱང་རང་ལ་སྤོབས་པ་ཞིག་བསྐྱེད་ནས་རྟ་ཐོག་ཏུ་ཞོན་ཏེ་སྲབ་མདའ་དམ་པོར་བཟུང་ནས་ཚེ་རིང་གི་རྗེས་བསྙེགས། དེ་ལྟར་སྒྲོག་མེད་ཀྱི་རྟ་རྒོད་དེ་རི་ཟུར་ནས་གཙང་བོ་བརྒྱུད་རྗེས་མུ་མཐའ་མེད་པའི་རྩྭ་ཐང་ལ་སླེབས། སྐབས་རེར་ངེད་གཉིས་ཆུ་ཕྲན་འབབ་པའི་ལུང་བ་བརྒལ་བ་དང་། སྐབས་རེར་རི་ལ་འགོས་ནས་བརྒྱུགས་སྟབས། ངའི་དབང་བོ་ཐམས་ཅད་གཞུ་རྒྱུད་དམ་པོར་འཐེན་པ་ལྟར་འདུག་པས། སྤང་ལྗོངས་ ཅི་འདྲའི་མཛེས་ཤིང་སྡུག་ནའང་མིག་གིས་ལྟ་ཁོམ་ཙམ་ཡང་མ་བྱུང་པར་གར་སོང་ཆ་མེད་དུ་གྱུར། མཐོན་པོའི་རི་དང་སྟུག་པོའི་ནགས། ཡངས་པའི་ཐང་དང་དྭངས་པའི་ཆུ་བཅས་རང་བྱུང་གི་བཀོད་པ་ཤུན་ཏུ་མཛེས་པ་དེས། བདག་གི་ཡིད་སེམས་སྤྲོ་སྣང་ཚད་མེད་ཀྱིས་ཁེངས། མཐོན་པོའི་རི་ནི་ངའི་ཡིད་ཀྱི་རེ་བ་བཅོལ་ས་ཡིན་ལ། དམའ་བའི་མཚོ་ནི་ངའི་བསམ་བློའི་མྱུ་གུ་འབུས་སའང་ཡིན། རྩྭ་ཐང་དང་ལུ་གུ། སྤང་ལྗོངས་དང་མེ་ཏོག་བཅས་ནི་ང་གསར་རྩོམ་ལ་འཇུག་འདོད་ཀྱི་སྒུལ་ཤུགས་ཀྱང་ཡིན། དེ་དག་ནི་དུས་ནམ་ཡང་རང་སེམས་ཀྱི་གུར་ཁང་དུ་རྒྱུ་བ་དང་། དུས་གཏན་དུ་ཁོ་བོའི་སྙིང་གི་མཛེས་རྒྱན་དུ་བརྟན་པོར་བཞུགས་པར་སྨོན། ཕ་ཡུལ་གྱི་རྩྭ་ཐང་ནི་བརྗོད་བྱ་ཕུན་སུམ་ཚོགས་པའི་དཔེ་ཆ་ཞིག་དང་མཚུངས་པར་ང་ལ་སྔར་མེད་ཀྱི་ཡོན་ཏན་གསར་བ་ཅིག་བསླབ་ཏུ་བཏང་སྟེ། ཅི་ནུས་ཀྱིས་ཕ་ཡུལ་ཟེར་བའི་རི་ལུང་ཀུན་ཏུ་སྙན་ལྷང་ལྷང་གི་འབྲོག་གཞས་གསར་བ་ཞིག་ལེན་པར་བརྩལ་བ་ཡིན། མཛེས་ཤིང་གཤིན་པའི་དབྱར་ཁའི་སྤང་ལྗོངས་ཀྱི་ཆུ་འགྲན་དུ་མེ་ཏོག་སྣ་ཚོགས་ཁྲ་ལམ་ལེར་བཞད་ཅིང་། དྭངས་ཤིང་བསིལ་བའི་ཆུ་ཕྲན་གྱིས་སེམས་ཀྱི་སྐོམ་པ་སེལ་ཞིང་། བསིལ་ཞིང་འཇམ་པའི་བསེར་བུས་རྟའི་རྔུལ་ཆུ་ཡང་སྲད་པར་བྱས། དབྱར་ཁའི་ལྗང་ཞིང་མཉེན་པའི་རྩྭ་ལྗང་གདན་དུ་བཏིངས་ཤིང་སྔོ་ཞིང་བསང་བའི་ནམ་མཁའ་ལ་ལྟད་མོར་བལྟས་པ་ཡིན། ཨ་སྔོན་དབྱིངས་སུ་རབ་དཀར་ཞོ་གསར་སྤུངས་འདྲའི་སྤྲིན་གྱི་ཕུང་བོ་འགའ་ཞིག་ལངས་ཏེ། ཡུད་ཙམ་ནས་དུམ་བུ་རེ་རེར་གྱེས་སོང་། གཤོག་རྩལ་ཤིན་ཏུ་རྒྱས་བའི་བྱ་རྒོད་འགའ་ཞིག་གིས་སྤྲིན་གྱི་མཐའ་ན་ལྡིང་སྐོར་བརྒྱབ་ཏེ། ནམ་འཕངས་ཇེ་མཐོ་ཇེ་མཐོར་སོང་བ་ལ་བལྟས་ན་ནམ་གཤིས་ལ་འགྱུར་ལྡོག་བྱུང་ཉེ་བར་ཤེས་ཐུབ།
ཚེ་རིང་བྲེལ་ཚུབ་ཀྱིས་ཡར་ལངས་ནས ། མགྱོགས་པོར་འགྲོ ། ཕྱིར་དྲོར་ཆར་ཆེན་ཞིག་འབབ་རྒྱུ་རེད་ཟེར། ང་ཡང་ཡིད་ཆེས་ལ་མ་ཆེས་པའི་ཚུལ་གྱིས་ཚེ་རིང་ལ། ནམ་མཁའ་འདི་ལྟར་གཡའ་དག་པ་ལ། ཆར་ཆེན་ཞིག་གང་ནས་འབབ་རྒྱུ་རེད་ཅེས་བཤད་པར། ཚེ་རིང་གིས་མགོ་ནག་བོད་ཀྱི་གཏམ་དཔེ་ལ། བྱ་རྒོད་པོས་ནམ་འཕང་བསྟད་ན། གནམ་སྔོན་པོས་ཆར་རླུང་གཏོང་ཟེར་བ་གོ་ཨེ་མྱོང་ཟེར་བས། ངས་ཀྱང་ཚེ་རིང་གི་སྐད་ཆ་དེ་ཕལ་ཆེར་དོན་ཐོག་ཏུ་ཁེལ་འདུག་པར་སྙམས། ཁོ་རང་རྟའི་གོང་ལ་ཞོན་ཏེ་འུ་གཉིས་འགྲོ་སའི་གནས་དེར་མྱུར་དུ་འགྲོ་ཟེར། ང་ཡང་རྟའི་སྲབ་མདའ་ལ་དམ་པོར་འཇུས་ནས་ཚེ་རིང་གི་རྗེས་བསྙེགས་པ་ཡིན།
2
རྒྱང་རིང་པའི་གནམ་ས་མུ་འབྲེལ་མཚམས་ན་རླབས་སྔོན་པོ་དལ་མོར་འཕྱོ་བའི་སྐབས་སུ། རྫ་ལུང་རི་ལུང་ཀུན་ཏུ་ལུག་གཡང་དཀར་སྐར་ཚོགས་བཀྲམ་པ་ལྟར་ཐ་ཐོར་དུ་འདུག་ཀྱང་། ཕར་ཕྱོགས་ཀྱི་རྒྱང་རིང་ན་རས་གུར་འགའ་མིག་ལམ་དུ་མངོན་བྱུང་པས། ཚེ་རིང་དགའ་སྤྲོའི་ངང་ནས་ཕར་ཕྱོགས་ནི་འབྲོག་པའི་འཚོ་བ་རེད་ཟེར། ད་ལྟ་འབྲོག་པའི་གུང་ཚིགས་འཐུང་བའི་དུས་སུ་སླེབས་པས། འུ་གཉིས་ཀྱིས་གན་ནས་དྲོས་ཇ་འཐུང་རྗེས་མུ་མཐུད་དུ་ལམ་ལ་ཆས་ཟེར། དེ་ལྟར་རྟ་ཕོ་བང་རྩལ་གྱིས་རླུང་གིས་བསྐྱོད་པ་ལྟར་ངེད་གཉིས་དམིགས་སའི་ཡུལ་དེར་ཆས་སོང་། ལྟོས་དང་། བུ་མོ་གངས་ལྷ་མེ་ཏོག་སྟེ། མཛེས་སྡུག་གི་བུ་མོ་ཆུང་ཆུང་། ཁྱོད་ནི་གངས་ལྷ་མེ་ཏོག་ཇི་བཞིན་མཐོ་སྒང་སྟེང་དུ་མཛེས་པར་བཞད་ཀྱིན་འདུག་ལ། ལོ་བཅུ་ཡི་ལང་ཚོའི་ཐེམ་པར་འགོས་པའི་ཁོ་མོ་ནི་གསར་སྐྱེས་ཀྱི་གངས་ལྷ་མེ་ཏོག་རྐང་གཅིག་དང་མཚུངས་པར། མཐོ་སྒང་གི་མཁའ་དབུགས་སུ་གསོས་སུ་སྨིན་པས། ལྷན་སྐྱེས་ཀྱི་ངག་བདེ་ཞིང་གྲེ་བ་སྙན་མོས། ངེད་གཉིས་ལ་མཚམས་འདྲིའི་སྔོན་བསུ་གླུ་དབྱངས་ཤིག་གཏོང་གིན་འདུག
ད་ཐེངས་ངེད་གཉིས་གནས་འདིར་ཡོང་དོན་ནི། འབྲོག་ལས་ཀྱི་ཕྱུགས་འཚོ་བ་དང་མཉམ་ལས་ཁང་ལ་གློག་འདོན་འཛུགས་སྐུན་སོགས་ཀྱི་སློབ་སྦྱོང་བྱེད་པའི་ཚོགས་འདུ་གལ་ཆེན་ཞིག་གི་ཆེད་དུ་ཡིན། གནས་འདིར་འཚོ་བའི་མང་ཚོགས་ཀྱི་གཙོ་བོ་བོད་རིགས་ཡིན་ཞིང་ཚང་མ་འབྲོག་པ་རེད། སོག་རིགས་མི་ལྔ་དྲུག་ཙམ་ཡང་ཡོད་ཀྱང་ཁོ་ཚོ་བོད་རིགས་དང་འདྲ་མཚུངས་ཡིན་ཞིང་བོད་སྐད་ཀྱང་ཤོད་ཀྱིན་འདུག ཚོགས་ཞུགས་མི་སྣའི་ཁྲོད་འབྲོག་པ་མང་ཚོགས་དང་སྡེ་བའི་འགོ་ཁྲིད། དེ་མིན་ཤང་སྲིད་གཞུང་གི་ལས་བྱེད་མི་སྣ་སོགས་མཆིས། 《རོང་འབྲོག་མང་ཚོགས་ཀྱི་སྒོ་ཕྱུགས་གོང་འཕེལ་དུ་གཏོང་བའི་སྲིད་ཇུས་སྒྲོག་འགྲེལ》ཞེས་པའི་ཀློག་དེབ་དེ་མང་ཚོགས་རེ་རེའི་ལག་ཏུ་སྤྲད་པ་ཡིན། མང་ཚོགས་ཀྱི་ཁྲོད་ན་ཡིག་རྨོངས་བ་མང་བས། ང་ཡར་ལྟེགས་བུའི་སྟེང་དུ་སོང་ནས་དྲིལ་བསྒྲགས་ཀྱང་བྱས་པ་ཡིན།
ང་དང་གནས་འདིར་འཚོ་བའི་སོག་རིགས་མང་ཚོགས་རྣམས་མྱུར་མ་མྱུར་དུ་ཕན་ཚུན་ལ་འདྲིས་ཀྱང་སྤུན་ལྟར་གྱུར། ང་རང་གནས་འདི་ནས་འཚོ་བ་རོལ་བའི་དུད་ཁྱིམ་དེའི་མི་རྣམས་ངོ་ཤེས་ཤིང་། ངས་ཀྱང་ཁོ་ཚོ་ནི་རང་གི་ཉེ་དུ་ཞིག་གི་བསམ་པར་བཟུང་ཞིང་། ཁོ་ཚོར་མཛའ་བརྩེ་ཟབ་མོ་བཅངས་ཡོད།
ཐེངས་འདིར་ཕ་ཡུལ་གྱི་རི་ཆུའི་རིག་གནས་ལ་སློབ་སྦྱོང་གང་ལེགས་ཀྱང་ཐོབ་རྗེས། ཤེས་བྱ་ག་ལེར་རྒྱུད་ལ་འབྱོང་ཅིང་། རིག་པའི་བང་མཛོད་དུ་ནམ་ཡང་ཡིད་མི་ཚིམས་པའི་ངང་ཚུལ་ཞིག་ག་ལེར་སྐྱེས་ཀྱང་། ཆུ་ཐིགས་བསགས་ན་རྒྱ་མཚོའི་དཔེ་དེ་བརྗེད་ག་རུང་། ཡིན་ཡང་རང་གི་ཡིད་ལ་འཁོར་བ་ནི་གནས་འདིར་འཚོ་ཞིང་སྡོད་པའི་བོད་རིགས་ཀྱི་དུད་ཁྱིམ་སོ་སོ་དང་། མི་དམངས་ཀྱི་བརྩེ་བའི་འཛུམ་མདངས། རྩྭ་ཐང་གི་འབྲོག་གཞས། རྩྭ་ཐང་བུ་མོའི་སྙན་ཞིང་འཇེབས་པའི་གླུ་སྐད་བཅས་མཛེས་ཤིང་སྡུག་པའི་ཕ་ཡུལ་ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་དེ་དྲན་ཡོང་།
དེ་ལྟར་བསམས་ན་མངར་སྐྱུར་ཁ་གསུམ་གྱི་དབུལ་ཕྱུག་དང་དགའ་སྐྱོ་ཆགས་སྡང་གི་གཏམ་རྒྱུད་སྣ་ཚོགས་ཤིག་བྲིས་མྱོང་བ་གླེང་མི་དགོས། སེམས་ཁམས་ཀྱི་སྤང་ཐང་ཡངས་མོར་དབྱར་དུས་སུ་མེ་ཏོག་བཞད་དེ་མཛེས་སྡུག་རྣམ་པར་བཀྲ་བའི་མེ་ཏོག་གམ། སྙན་མོའི་ལྷ་སྒྲུང་ལྟར་རྣ་བའི་གསོས་སུ་སྨིན་པའི་ཡིད་འོང་མེས་པོའི་གཏམ་རྒྱུད་དེ་དག་མ་ལུས་པར་རེ་རེ་བཞིན་མཇལ་འདོད་ཆེ་ཡང་། མཚན་གུང་གི་རྨི་ལམ་བཞིན་རྒྱང་རིང་ནས་རྒྱང་རིང་ཞིག་ཏུ་ཡལ་སོང་བའི་གཏམ་རྒྱུད་དེ་དག མཁའ་མཐའི་འཇའ་ཚོན་ལྟར་མིག་ལ་མཛེས་ཀྱང་ལག་ཏུ་ལོན་ཐབས་བྲལ་ཞིང་། ངས་སེམས་ཀྱི་འཆར་སྒོ་ཕུན་སུམ་ཚོགས་པ་ཞིག་དང་། ཡང་ན་བློ་རིག་རྒོད་པོ་ལས་བྱུང་བའི་ཤེས་ཐབས་མེད་པའི་ཕ་ཡུལ་གྱི་རྩྭ་ཐང་གི་སྔ་མོའི་གཏམ་རྒྱུད་དེ་དག་བློས་བཏང་སྟེ། རང་ནུས་གང་ལྕོགས་དང་རྣ་བས་གང་ཐོས་ཀྱིས་འདས་སོང་གི་གཏམ་རྒྱུད་དེ་དག་ཡིག་ཐོག་ཏུ་བཀོད་དེ། གུས་པར་འོས་པའི་ཀློག་པ་པོ་རྣམས་ཀྱི་སྤྱན་ལམ་དུ་སྙན་རྩོམ་འདི་ཕུལ་དགོས་བྱུང་།
3
ཐེངས་འདིར་ང་ཚོ་ཡང་ལས་འབྲེལ་གྱི་སྐལ་བ་བཟང་བོའི་མཐུན་རྐྱེན་འོག་ཏུ། ངས་ཀྱང་གྲོགས་པོ་མང་བོ་ཞིག་ངོ་ཤེས་ཤིང་། ཚོགས་འདུ་དེར་ཞུགས་མཁན་གྱི་མགྲོན་པོ་རྣམས་དང་མཉམ་དུ་ཡང་བསྐྱར་ཕ་ཡུལ་འཛུགས་སྐྲུན་གྱི་ཆེད་དུ་གནས་འདིར་སླེབས་པས། ཕ་ཡུལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་ཡར་རྒྱས་ཀྱི་ཆེད་ཙམ་མ་ཟད། ལྷག་པར་ཕ་ཡུལ་གྱི་རང་བྱུང་གི་བཀོད་པ་དང་ཆ་རྐྱེན་སོགས་ལ་གྲོས་མཐུན་ཙམ་བྱས། གནས་འདི་ཡང་བསྐྱར་གསར་སྐྲུན་ནམ། གཙོ་བོ་ཨར་ལས་ཀྱི་གཞུང་ལམ་གསར་སྐྲུན། ཕ་ཡུལ་ལ་གློག་དགོས་ཚུལ་སོགས་ཀྱི་ལས་རིགས་གོང་དུ་སྤེལ་བའི་ཐད་ལ་ལོ་རྒྱུས་ཀྱི་ཟིན་ཐོ་གསར་བ་བསྐྲུན་པ་རེད། རྣམ་པ་དེ་དག་ནི་སྔོན་ཆད་ང་རང་ཕ་ཡུལ་གྱི་དབྱར་ས་ལ་ཡོང་བ་དང་བསྡུར་ན་ལྡབ་འགྱུར་གྱིས་རྒྱ་ཆེ་ཞིང་ཕྱོགས་གང་གི་ཐད་ནས་ཀྱང་ཇེ་རྒྱས་ཇེ་བཟང་དུ་ཡོང་འདུག ང་ཚོ་ཉིན་ཧྲིལ་བོར་ཁོམ་ལོང་མེད་པར་འབད་འབུངས་ཀྱིས་ལས་འགན་རེ་རེ་བཞིན་བསྒྲུབས་པ་ཡིན། གྲུབ་འབྲས་ནི་ལས་སླ་བོར་ཐོབ་པ་ཞིག་མིན་པས་ངེས་པར་དུ་ལྡབ་འགྱུར་གྱིས་གཅེས་འཛིན་བྱ་དགོས་ཤིང་། དབྱར་དུས་ཀྱི་རྩྭ་ཐང་འདི་ནི་ལང་ཚོས་རབ་ཏུ་ཕྱུག་པའི་ན་ཆུང་བུ་མོ་ཞིག་སྟེ། སྒེག་ཉམས་ཀྱིས་མཛེས་བས། རང་གི་ལང་ཚོས་འཇོ་སྒེག་གསལ་ལེར་མངོན་གྱིན་ཡོད་ལ། མཐོ་སྒང་གི་འབྲོག་ཐང་སྟེ། བདེ་སྐྱིད་ལྷ་ཡུལ་དང་འབྱོར་ཕྱུག་ཀླུ་ཡུལ་གང་གིས་ཀྱང་འགྲན་དུ་མེད་པའི་མཛེས་སྡུག་གི་ཡུལ་ལྗོངས་ཁོ་ནར་སྙམས། ས་སྲོད་ཀྱི་ཉི་འོད་དེ་ཕ་ཡུལ་གྱི་རྩྭ་ཐང་པང་དུ་ཕོག་དུས། གངས་དཀར་ལྷུན་པོ་གཟི་བརྗིད་ཀྱིས་འགྱིངས་ཤིང་། ཤང་ཤང་གཙང་ཆུའི་བཞུར་སྒྲས་མི་རྣམས་ཀྱི་སེམས་པ་དཔལ་གྱིས་བཟི། ཟམ་པའི་འོག་གི་ཆུ་ནང་དུ་ཟླ་བའི་གཟུགས་བརྙན་གྱི་མེ་ལོང་མངོན་པར་མཐོང་ཐུབ།
དེ་རིང་ནི2025ལོའི་ཟླ7ཚེས8ཉིན་རེད། དབྱར་གཞུང་འདིར་སྔོན་ཆད་དང་འཕེལ་རིམ་གྱི་ཤོག་ལྷེ་གསར་བ་ཞིག་ཏུ་སླེབས་ཡོད་ཀྱང་། རླངས་འཁོར་འགྲོ་མི་ཐུབ་པར་མ་ཟད། ད་དུང་གཞུང་ལམ་བཟང་བོ་ཞིག་ཡང་མི་འདུག སྐབས་དེ་གའི་མི་རྣམས་ཀྱི་འགྲིམ་འགྲུལ་གཙོ་བོ་ནི་རྟ་དང་འབྲི་གཡག་ཙམ་ལ་བརྟེན་ནས་འབྲོག་ལྷས་སྤོར་བའི་ཐད་དུ་དཀའ་ངལ་ཆེན་པོ་ཡོད། ད་ལྟ་དེ་ཙམ་མ་ཡིན་ཏེ་ཕ་ཡུལ་ལ་འགྱུར་ལྡོག་ཆེན་པོ་ཞིག་བྱུང་ཡོད་པར་འདུག གློག་སྒྲོན་དང་ཨར་ལས་ཀྱི་གཞུང་ལམ། ཁྱིམ་ཚང་འགའ་ཡི་ཁྱིམ་དུ་སྐུད་མེད་དྲ་ཡང་གསར་དུ་འཐེན་པར་འདུག བྱིས་པ་ཚོས་སློབ་སྦྱོང་བྱེད་པར་ཤུན་ཏུ་སྟབས་བདེ་བསྐྲུན་ཡོད།
ཉི་བརྩེ་ས་གཞིར་འཕྲོས་བའི་ཉིན་གུང་གི་དུས་སུ། ཕོ་གཞོན་འགའི་དབུ་འཕང་དགུང་དང་བཅས་བའི་རྟ་ཕོའི་གོམ་ཁ་མ་ལྷོད་པར་སྒོ་ཕྱུགས་འཚོ་སྐྱོང་བྱེད་པར་འདུག རྫི་བོའི་ཀི་སྒྲ་རེ་རེས་བྱེའུ་ཚང་མ་ཡང་འདུག་མ་བཟོད་པར་ཚང་ནང་དུ་འཕུར་སོང་།
ཉིན་གུང་སླེབས་རྗེས། ཉི་མ་མེ་ལྟར་ཚ་ནའང། ངེད་གཉིས་མང་ཚོགས་དང་ལྷན་གཅིག་ཏུ་སྒོ་འགྲམ་གྱི་རྩྭ་གདན་ཐོག་ཏུ་བསྡད་དེ་དྲོས་ཇ་འཐུང་མགོ་བརྩམས་པ་ཡིན། འབྲི་མོའི་འོ་མ་དང་ལུག་ཤའི་ཁུ་བ་གཉིས་ཀྱི་བྲོ་བ་ནི་ཇི་འདྲིས་ཞིམ་པ་ལ་ཨང་། ཚེ་རིང་ཡར་གུར་ནང་དུ་འཛུལ་མ་ཐག 'བྲོ་བ་ཞིམ་པ་ལ་ཨང་'ཞེས་བསྔགས་བརྗོད་བྱེད་ཀྱིན་འདུག འབྲོག་པ་མང་ཚོགས་ཀྱི་འབྲི་མོའི་འོ་མ་དང་ལུག་ཤའི་བྲོ་བ་གཉིས་ནི་སྤྲང་རྩི་ལས་ཀྱང་ཞིམ་ཞིང་ཟོས་ན་འཚོ་བཅུད་བཟང་ཞེས་བསྔགས་བརྗོད་བྱེད་ཀྱིན་ཡོད་མོད། ངས་ཀྱང་དགུན་གསུམ་གྱི་ལོ་སར་ཁྲོད་མ་གཏོགས་འདི་ལ་ཚོད་ལྟ་བྱེད་མ་མྱོང་། ངས་རང་གི་ཉམས་མྱོང་གཞིར་བཞག་སྟེ་དཔྱད་པ་ན། རྩྭ་ཐང་ན་འཚོ་བ་རོལ་བའི་བོད་རིགས་ཀྱི་དུད་ཁྱིམ་འདི་དག་ནི་རྩྭ་ལྟ་བུའི་ཁེངས་སྐྱུང་གི་རང་བཞིན། ཁ་བཏགས་དཀར་པོ་ལྟ་བུའི་བསམ་པ། རང་ལུས་འབུར་དུ་ཐོན་པའི་བློ་སྟོབས་ཡོད་པ་སུ་ཞིག་གིས་མི་མཁྱེན། འཚོ་བ་ལ་དགའ་ཞེན་དང་མ་འོངས་པར་རེ་ལྟོས་བྱེད་པའི་བླ་ན་མེད་པའི་སྤྱོད་བཟང་ཞིག་ཡོད་པར་མ་ཟད། མི་རིགས་རང་གི་ཐུན་མོང་མ་ཡིན་པའི་ཐོན་རྫས་བླ་ན་མེད་པ་ཞིག་ཡོད་པ་རེད་ཨང་བསམ་སོང་།
རྩོམ་པ་པོས་རང་ཉིད་ཀྱི་བསམ་པའི་འདུན་མ་དེ་རྩྭ་ཐང་གི་བདག་པོ་དང་འབྲོག་ཕྱོགས་འཛུགས་སྐྲུན་བྱེད་པའི་བོད་རིགས་མང་ཚོགས་ལ་བཅོལ་བ་ཡིན་ཞིང་། རྩོམ་པ་པོ་ཞིག་གིས་རང་གི་བོད་རིགས་ལ་བཅངས་བའི་ལྷད་མེད་ཀྱི་བརྩེ་དུངས་དང་འཚོ་བ་ལ་སྟོད་གླུ། སྤྱི་ཚོགས་གསར་བའི་འབྲོག་ཕྱོགས་ཀྱི་འཕོ་འགྱུར་ལ་གསལ་འདེབས་ཀྱི་སྟོད་གླུ་ཞིག་ཕུལ་ཡོད་དོ།
2025ལོའི་ཟླ7ཚེས20ཉིན་ཧེ་ཡན་རྫོང་ནས་བྲིས་པ་ཡིན།