ཁྱོད་ཀྱི་ལས་ཁུངས་ནི་རང་ཉིད་འཚར་ལོངས་འབྱུང་སའི་ཕ་ཡུལ་གྱི་ལྷོ་ནུབ་ཕྱོགས་ཏེ། ས་ཁྲའི་སྟེང་ནས་བལྟས་ན་ཕ་ཡུལ་དང་སོར་མཛུབ་གསུམ་ཙམ་གྱི་བར་ཐག་གིས་བཀྱེད་པའི་ཕྱོགས་བཞི་ཐང་ཤིང་སྨྱུག་མའི་ཚལ་གྱིས་བསྐོར་ཞིང་། རི་བོ་གནམ་གྱི་ཀ་བ་ལྟར་དགུང་དུ་ཟུག་པའི་རྒྱང་རིང་བའི་ཡུལ་གྲུ་ཞིག་སྟེ། རི་ཆུ་ནགས་གསུམ་གྱིས་བརྒྱན་པའི་གྲོང་རྡལ་ཆུང་ཆུང་ཞིག་ཏུ་ཡོད། ད་ལྟ། ཁྱོད་རང་གོམས་ལོབས་མེད་པའི་གྲོང་རྡལ་དེར་ཐོན་ནས་ལོ་འཁོར་གཅིག་ཙམ་འགོར་ཟིན་ནའང་། རང་ཉིད་ཀྱིས་མེ་ཏོག་གི་ཞྭ་མོ་བསླེས་ཤིང་རྡོ་རའི་རྩེད་ཆས་བསྒྲིགས་ས། དེ་མིན། ཞིང་ཚིགས་གྲུ་བཞིའི་བར་དུ་རྐང་རྗེས་དཔར་སའི་ཕ་ཡུལ་ཏེ། མདོ་དབུས་མཐོ་སྒང་གི་ལྟེབས་ཁུག་ཅིག་ཏུ་གཞིས་ཆགས་པའི་གྲོང་ཚོ་ཆུང་ཆུང་ཞིག་ནམ་རྒྱུན་མིག་ལམ་དུ་ཕར་གཡོ་ཚུར་གཡོ་བྱེད་ཅིང་། ནམ་གུང་གི་རྨི་ལམ་གྱི་རྒྱ་ཁྱོན་དང་བསམ་གཞིག་གི་ནམ་མཁའ་དེ་ཡིན་འདུག་ཨང་།
ད་ལྟ། ཁྱོད་རང་མདོ་དབུས་མཐོང་སྒང་གི་ལུང་གཞུང་གང་མང་བརྒྱུད་དེ་རྒྱུས་མེད་པའི་ཡུལ་གྲུ་དེར་སླེབས་ནས་ཀྱང་ཏག་ཏག་ལོ་འཁོར་ཁ་ཤས་འགོར་ལ་ཉེ། རེད་དེ། འགྲོ་བ་མིའི་རིགས་ཀྱི་ཚོགས་སུ་གྱུར་པའི་ཁྲོད་དུ་ལ་ཤས་ཀྱིས་ལས་དབང་ཞེས་པར་སྐྱབས་བཅོལ་ཏེ། ཡོད་ཚད་ས་ལ་ས་མལ་དང་རྡོ་ལ་རྡོ་མལ་ལྟར་འཇིག་རྟེན་དཀར་ངོགས་ཀྱི་བྱ་གཞག་ཡོད་དོ་ཅོག་ལས་དབང་ཞེས་པར་གཏུགས་པར་མོས་པ་འདྲ། ཡང་གཅིག་བཤད་ན། ལ་ཤས་ཀྱིས་ལས་དབང་ཞེས་པ་གནམ་སྔོན་པོ་ཟེར་བའི་ཐོགས་རེག་མེད་པའི་སྟོང་བའི་ཁམས་ཆེན་པོར་བཅོལ་བར་མོས་པ་འདྲ་སྟེ། དྲང་མོར་བཤད་ན། ཧི་མ་ལ་ཡ་ཞེས་པའི་རི་ཚོགས་ཀྱི་དཔངས་མཐོན་པོ་དེའི་བཀག་རྐྱེན་གྱིས་མདོ་དབུས་མཐོ་སྒང་ལ་དབང་བའི་བརླན་གཤེར་རང་བཞིན་གྱི་བསིལ་རླུང་དབེན་པའི་ཁར། མཐོ་སྒང་འདིའི་ལྷགས་རླུང་དང་ཉི་འོད་ཀྱིས་བྲན་པའི་ངལ་འབྲས་སུ་ལྷ་སའི་རྨོ་མོ་དང་ཇོ་ལགས་ཀྱི་ངོ་གདོང་བཞིན་སྐྱ་ཀོག་གེར་གཉེར་མས་ཁེངས་པ་དེ་དག་དང་། རྫ་ཁའི་རི་ཟོམ་དང་ཡངས་པའི་ཐང་གཞོང་དུ་སྐྲ་ལོ་རླུང་གིས་བསྒུལ་ཤུལ་ན་སྨུག་ནག་གི་ངོ་གདོང་རླུང་དང་བསེར་བུས་བྲན་པའི་འབྲོག་པ་དེ་དག་གི་ཁྲོད་དུའང་། ཡོད་ཚད་ལས་དབང་དང་གནམ་སྔོན་པོ་ཞེས་པར་གཏུགས་མཁན་ཡང་གང་མང་ཞིག་ཡོད་པ་ཁོ་ཐག་ཡིན། དེའང་གཞེས་ནིང་ལོར་ཁྱོད་རང་དབུས་ལམ་རིང་མོ་འགྲིམ་སྐབས་གམ་པ་ལ་མོ་ཞེས་པའི་རི་རྩེ་དེ་བརྒྱུད་སྐབས་ཡིད་འཇོག་བྱུང་བ་མིན་ནམ། གང་ལྟར། ཁྱོད་ཀྱིས་བྱ་གཞག་ཡོད་དོ་ཅོག་ནི་རང་ཉིད་ཀྱི་འབད་འབུངས་དང་རྩོལ་བའི་རྔུལ་ཆུས་བྲན་པའི་རྣང་ཞིང་དུ་རྒྱལ་ཁ་ཡི་ས་བོན་བཏབ་པའི་སྟེང་། ད་གཟོད་ལས་དབང་ཞེས་པ་གང་དེ་དང་ཞར་བྱུང་གི་རྒྱུ་ཚོགས་གང་མང་ཞིག་གིས་གྲུབ་པར་འདོད་པ་དེ་ནི་ཡོད་ཚད་ལས་དབང་ལ་སྐྱབས་སུ་བཅོལ་མཁན་དེ་རིགས་དང་མི་མཐུན་པའི་ལྟ་གྲུབ་དེ་ནི་རྒྱ་མཚོའི་འཇིངས་སུ་ཟུག་པའི་འཁྱགས་རི་ལྟ་བུ་ཡིན་ཏེ། དེ་ནི་ནམ་རྒྱུན་ཇོ་བཀྲ་ཤིས་ཀྱིས་ཀུ་རེ་དང་བཅས་ཏེ“ལྷ་མོ། ཁྱོད་འདི་ཡར་འབྲོག་གཡུ་མཚོའི་ནང་གི་ཉ་མོ་ལྟར་གྲག་འགུལ་ཅི་ཡང་མེད་པར་དྭངས་གཙང་གི་གནས་ཤིག་ཏུ་ཁུ་སིམ་མེར་བྱ་བར་བྲེལ་ཞིང་། དུས་རབས་ཀྱི་འགྱུར་ལྡོག་གི་རྦབ་རྡོ་ཇི་ལྟར་འགྲིལ་ཀྱང་ཁྱོད་ཀྱི་ལྷད་མེད་ཀྱི་རང་གཤིས་དེ་ཡིད་དུ་འོང་བའི་ཡར་འབྲོག་གཡུ་མཚོ་ལྟ་བུ་ཞིག་རེད་ཨང ......”ཞེས་བརྗོད་མྱོང་ལ། ཇོ་བཀྲ་ཤིས་ཀྱི་གཏམ་དེ་ནི་ཁྱོད་ལ་མཚོན་ན་གོམས་ལོབས་མེད་པའི་རྒྱུས་མེད་ཀྱི་གཏམ་ཡ་མཚན་པ་ཞིག་ཡིན་པ་ཁྱོད་ཀྱིས་གསལ་བོར་ཤེས་ཡོད།
བདེན་ཏེ། ལན་རེར། རང་ཉིད་ལ་དབང་བའི་དུས་ཚོད་ཨེན་ཙམ་རེ་བཙལ་ཏེ་དཔེ་ཀློག་ལ་འཇུག་པར་བྱེད་པ་དེ་ནི་ཅི་འདྲའི་ཡིད་དུ་འོང་བ་ཞིག་རེད་ཨང་། མ་ཟད། ཕ་ཡུལ་ཞེས་པ་ནི་ལན་རེར་རྒྱང་དུ་བཅགས་ནས་ཡོད་ཅིང་། མི་བུ་བྱེ་བྲག་པ་རེ་ཀྲོང་ངེར་འགྱིང་བྱེད་ཀྱི་རྒྱབ་རི་སྨུག་པོ་དེ་མིན་པའི་ངེས་པའང་མེད། དེ་ཡང་བདེན་ཏེ། ཁྱོད་ཀྱིས་མལ་ཤག་གྲུ་བཞིའི་གྲུ་ལོགས་ཤིག་ནས་མདོ་དབུས་མཐོ་སྒང་གི་ལྟེབས་ཁུག་ཅིག་ཏུ་གནས་པའི་གྲོང་ཚོ་ཆུང་ཆུང་དེ་དང་ཇོ་བཀྲ་ཤིས་ཀྱི་ཀུ་རེ་དེ་དག་བརྙན་མིག་ནས་བསྟན་པའི་གློག་བརྙན་བཞིན་ཕྱིར་དྲན་གྱི་བརྙན་ཡོལ་ངོས་སུ་རེ་རེ་བཞིན་འདྲེན་མགོ་བརྩམས། ཡིན་ནའང་། ཏག་ཏག་སྐབས་དེར། མགོ་ཁྲིད་ཀྱིས་བཏང་ཡོང་བའི་ཁ་པར་གྱི་སིང་སྒྲ་དེས་ཁྱོད་ལ་དབང་བའི་ལྷིང་འཇགས་ཀྱི་མཁའ་དབུགས་དཀྲོགས་ཟིན་པ་འདྲ་ལ། དེའི་མུར། ཁྱོད་ཀྱིས་མགོ་ཁྲིད་ཀྱིས་བཅོལ་བའི་བྱ་བ་ཙག་ཙིག་གི་མགོ་བཟུང་བྱུང་། དེ་ལྟར། ནམ་རྒྱུན་གཞུང་ལས་ཀྱི་དབང་གིས་ནམ་གུང་གཟུར་ཏེ་གཉིད་ཀྱི་ཐག་སྣེ་བཙལ་རྒྱུ་དེའང་འཚོ་བའི་སྤྱི་འགྲོས་སུ་གཞི་ནས་གྱུར་ཚར། ཡིན་ཏེ། ནམ་གུང་བར་དུ་གློག་ཀླད་ངོས་སུ་ཅེར་ཏེ་དབྱངས་གསལ་གྱི་ཡི་གེ་མཐེབ་གཞོང་བརྒྱུད་དེ་སྣ་ཚོགས་རིས་སུ་འབེབ་རྒྱུ་དེ་ནི་ཁྱོད་ཀྱིས་རང་ཉིད་ཀྱི་བསོད་ནམས་ཤིག་དང་སྤྲོ་སྣང་ཆེ་བའི་ལས་ཀ་ཞིག་ཏུ་རྩི་བཞིན་ཡོད་པ་མ་ཡིན་ནམ། ཏག་ཏག་སྐབས་དེར། ཁྱོད་ཀྱིས་ནམ་གུང་གི་ངལ་གསོའི་དུས་ཚོད་ཕངས་མེད་དུ་བློས་གཏོང་བ་དེར་འགྱོད་སྣང་ཅི་ཡང་མེད་པར་གློག་སྒྲོན་འོག་ཏུ་མིག་ཟུང་ཧྲིག་གེར་ལས་གང་ཞིག་ལ་བྲེལ་འདུག་པ་དེ་རང་ཉིད་ཀྱིས་སྣང་འཇོག་ཅི་ཡང་བྱེད་ཀྱིན་མེད་འདྲ།
ས་ཁྲའི་སྟེང་ནས་སོར་མཛུབ་གསུམ་ཙམ་གྱིས་བཀྱེད་པའི་རྒྱང་རིང་གི་ཡུལ་གྲུ་དེར་སླེབས་པའི་ཉིན་དེ་ནས་བཟུང་། ཁྱོད་ཀྱིས་ཁེར་རྐྱང་དང་སྡུག་ཡུས། ཕ་ཡུལ་གྱི་དྲན་གདུང་ཞེས་པར་གཟོད་ནས་ཡིད་འཇོག་བྱུང་ཡོད་པ་འདྲ། ཡིན་ཏེ། དེ་ནི་ཁ་ནས་རྦབ་རྡོ་འགྲིལ་འགྲིལ་དུ་བཤད་ནས་ཡོང་རྒྱུ་ཡོད་པ་ཞིག་དང་ངུ་ཤུམ་བྱས་ཏེ་རྫོགས་རྒྱུ་ཡོད་པ་ཞིག་མིན་ལ། དེ་ནི་རང་སེམས་སུ་སློག་ཧྲུལ་གྱི་ལྷན་པ་ལྟར་ཡང་ཡང་སྦྱར་ཏེ་ཉམས་སུ་མྱངས་ནས་ཐོབ་འོང་བའི་ཐ་སྙད་འབའ་ཞིག་ཡིན་པ་ཁྱོད་ཀྱིས་གསལ་བོར་རྟོགས་ཡོད། ལན་རེར། ཁྱོད་ཀྱི་ལས་གྲོགས་ཚོས“སུན་སྤྱད། ཁོམ་ལོང་ཨེན་ཙམ་ཡང་མེད་པར་དུས་ཚོད་ཚང་མ་ཐང་ཤིང་སྨྱུག་མའི་ཚལ་ནས་བཞུད་སོང”ཞེས་ཀུ་རེ་དང་སྦྱར་ཏེ་འཆད་ཡོང་ལ། དེ་དུས། ཁྱོད་ལ་དགོད་སྤྲོ་བའི་སྣང་བ་ཞིག་འགོག་མིན་དུ་སྐྱེས་འོང་བ་ཁོ་ཐག་ཡིན། ནམ་རྒྱུན། དབང་ཐང་དང་ཞིབ་འཇུག་པ་ཆེན་མོའི་ཞྭ་མོ་བརྩོན་ལེན་བྱེད་མཁན་དེ་རིགས་དང་། དེ་མིན། ཀོ་བས་བཏུམས་པའི་རྐུབ་སྟེགས་ཚིགས་འཁོར་ཅན་དེར་རྒྱབ་བསྙེས་ཏེ་གྲལ་མགོ་ནས་ཁ་མར་ཕྱོགས་ནས“བློ་མཐུན་ཚོ། ཐེངས་འདིའི་ཚོགས་འདུའི་བྱ་བའི་བཀོད་སྒྲིག་ལྟར......”ཞེས་ཉན་འདོད་མེད་ཅིང་གྲོལ་རྒྱུ་མེད་པའི་ཚོགས་འདུ་གང་དེར་གཙོ་སྐྱོང་གནང་མཁན་གྱི་མགོ་ཁྲིད་དེའི་རིགས་ལ་སྤྲོ་སྣང་སྤུ་ཙམ་ཡང་མེད་པར། རང་ཉིད་ནི་འཁོས་ཀ་ཆུང་བའི་མི་རང་ག་བ་ཞིག་ཏུ་བརྩི་མོད། དོན་དུ། ཁྱོད་ནི་རང་ས་ནས་དོན་ཆུང་ཞིག་གི་མགོ་བརྩམས་ནས་ཤེས་མེད་ཚོར་མེད་ཀྱིས་བྱ་བ་ཆེན་པོ་ཡུན་གྱིས་སྒྲུབ་མཁན་དེའི་རིགས་མ་ཡིན་ནམ། འོན་ཏེ། ཁྱོད་ཀྱིས་དེ་ནམ་ཡང་ཚོར་མི་སྲིད། ཁྱོད་ཀྱིས་ནམ་རྒྱུན“རྒྱང་རིང་བའི་ཡུལ་གྲུ་གང་དེར་ལུས་ཀྱང་རུང་། རང་ཚོད་ཀྱིས་འབད་པར་བྱའོ། །”ཞེས་བརྗོད་པ་མ་ཡིན་ནམ། གལ་ཏེ། ང་ཚོ་མི་བུ་རེ་རེར་རང་རང་གི་མི་ཚེའི་རྒྱབ་ལྗོངས་རོལ་དབྱངས་རེ་ཡོད་པའི་དབང་དུ་བཏང་ཚེ། ཆར་བའི་རོལ་དབྱངས་དང་སྟོན་རླུང་གིས་སྡོང་ལོ་བསྒུལ་བའི་སྒྲ་ནི་ཁྱོད་ཀྱི་འཚོ་བའི་རྒྱབ་ལྗོངས་རོལ་དབྱངས་ཡིན་ཨང་། རེད་དེ། ཁྱོད་རང་རྒྱང་རིང་བའི་ཡུལ་གྲུ་དེར་འབྱོར་རྗེས། གཏེར་ཡིག་ཁྲོད་ཀྱི“མྱི་མ་འདྲིས་ན་ནི་རྒོད་ཀྱང་དགྲའི་ཚུལ་ལོ། །ཡུལ་མ་འདྲིས་ན་ནི་ཉིན་ཡང་མཚན་དང་མཚུངས་སོ། །”ཞེས་པའི་ཚིག་འབྲུ་དེས་ཁྱོད་ཀྱི་ནང་སེམས་ཀྱི་རི་རབ་བསྒུལ་མྱོང་མོད། འོན་ཏེ། ཉིན་འདི་གར་སེམས་ཚེགས་དང་བྲེལ་འཚུབ་ཀློང་གི་གཞུང་ལས་ཀྱིས་གོམས་ལོབས་མེད་པའི་རྒྱང་རིང་བའི་ཡུལ་གྲུ་དེ་ཀླད་པའི་ཟུར་དུ་མེད་པར། ཤ་ཐང་ཐང་གིས་མགོ་ཐོག་ཏུ་རི་རབ་ལྟར་སྤུངས་པའི་གཞུང་ལས་དེའི་ནང་ན་ཐར་གྱིན་མེད་པར་ཁྱོད་ཀྱིས་གཏན་ནས་ཡིད་འཇོག་བྱེད་ཀྱིན་མེད། རེད་དེ། ལན་རེར། རང་ཉིད་ཤེས་མེད་ཚོར་མེད་ངང་རྒྱུས་མེད་པའི་ཡུལ་གྲུ་གང་དེར་ཤ་འདྲེས་ལྤགས་འདྲེས་སུ་འཐིམ་བཞིན་པའང་ཚོར་མི་ཐུབ་པའི་སྐབས་ཤིག་ཡོད་ཀྱང་སྲིད།
ད་ལྟ། ཁྱོད་རང་ད་དུང་མལ་ཤག་གྲུ་བཞིའི་གྲུ་ཟུར་གང་ན་གློག་ཀླད་ངོས་སུ་བཅར་ཏེ་བྱ་བའི་ལས་གང་ཞིག་ལ་བྲེལ་ཡོད། སྐབས་འདིར། རྣོ་ལྕགས་ཨར་འདམ་གྱིས་གྲུབ་པའི་གྱང་གི་རྩིག་པ་དེས་བར་ཆོད་པའི་ཁྱིམ་མཚེས་གཡས་གཡོན་གྱིས་སྔ་མོ་ནས་དགོང་ཟས་རོལ་རྗེས་ཕྱི་རོལ་གྱི་སྐྱེད་ཚལ་དང་།ལམ་གྱི་གཡས་གཡོན་དུ་ཐང་ཤིང་གིས་བརྒྱན་པའི་སྣུམ་ལམ་དེར་སྐོར་བ་ལན་འགའ་རྒྱབ་རྗེས་ཕྱིར་སྡོད་ཁང་དུ་ལོག་ནས་གཉིད་དུ་ཡུར་ཞིང་། རྨི་ལམ་ནང་གི་རྒྱང་རིང་བའི་ཡུལ་གྲུ་གང་དེར་སྙེག་པའི་སྐབས་ཤིག་ཡིན་ཀྱང་སྲིད། ཡིན་ནའང་། ཁྱོད་རང་ད་དུང་ལས་གང་ཞིག་ལ་བྲེལ་འདུག་པ་ཁྱོད་ཀྱིས་ཡིད་འཇོག་གཏན་ནས་བྱེད་ཀྱིན་མེད། དེ་ནི་ཁྱོད་ཀྱིས་ཁུ་སིམ་པའི་ལྷིང་འཇགས་ཀྱི་མཚན་ལྗོངས་ཀྱི་ཁུག་པ་རེ་རེ་བརྒལ་ཏེ་གཞུང་ལས་སམ་དཔེ་ཀློག་དང་འབྲེལ་བའི་ལས་གང་ཞིག་ལ་འཇུག་རྒྱུ་དེ་འཚོ་བའི་སྤྱི་འགྲོས་ཤིག་ཏུ་གྱུར་ཡོད།
ཁྱོད་རང་རྒྱང་རིང་བའི་ཡུལ་གྲུ་དེར་མ་སླེབས་པའི་ཡར་སྔོན་ནས་བཟུང་། ཁྱོད་ནི་འཆར་གཞི་དང་དམིགས་འབེན་ངེས་ཅན་ལྡན་པ་ཞིག་ཡིན་པ་ལས། གསར་འགྲོགས་ཨ་གསར་ཚ་བོའི་བརྟུལ་ཞུགས་འཛིན་མཁན་དེའི་རིགས་གཏན་ནས་མིན། འོན་ཏེ། ཁྱོད་ཀྱིས་དེར་ཡིད་འཇོག་གཏན་ནས་མི་བྱེད་ཅིང་། དེ་ནི་ཁྱོད་དང་འདྲིས་ཤིང་གོམས་ལོབས་སུ་སོང་བའི་དགེ་རྒན་དང་སློབ་གྲོགས། རྒྱང་རིང་གི་ཕ་ཡུལ་གྱི་ཉེ་དུ་ཀུན་གྱིས་ནམ་ཀུན་ར་སྤྲོད་བྱེད་ཀྱིན་པ་མ་ཡིན་ནམ།
ད་ལྟ། ཁྱོད་ལ་འཁྱགས་སིབ་སིབ་ཀྱི་ཚོར་བ་ཞིག་གིས་བརྟས་ཡོད། ཏག་ཏག་སྐབས་དེར། ཕྱི་རོལ་གྱི་བརླན་གཤེར་ལྡན་པའི་བསིལ་རླུང་སྒེའུ་ཁུང་བརྒྱུད་དེ་ཁྱོད་ཀྱི་སྐྲ་ལོ་སྒུལ་གྱིན་པར་ཡིད་འཇོག་བྱུང་། དེ་དུས།ཁྱོད་ཀྱིས་དབུགས་ངལ་ཞིག་གསོས་ཏེ། གློག་ཀླད་གཟིམས་རྗེས་ཡར་དགྱེ་སྟེ་ཁང་མིག་ནང་ནས་ཕར་འགྲོ་ཚུར་འགྲོ་ལན་འགའ་བྱས་རྗེས། སྒེའུ་ཁུང་ཁར་ཁེན་ཏེ་ཅི་ཞིག་ལ་འདང་རྒྱག་བཞིན་ཕྱི་རོལ་དུ་ཧད་འདུག
ཟླ་འོད་འོག་གི་རི་ཟོམ་ནི་གྱད་མི་ཞིག་གི་ལག་ཏུ་མཚོན་ཆ་ཐོགས་པ་ལྟར་གྲོང་རྡལ་འདིའི་ལྷིང་འཇགས་བསྲུངས་ཏེ་ཡོད་ཅིང་། ལྷག་དོན། ཁྱོད་ཀྱི་ནང་སེམས་ཀྱི་ཁེར་རྐྱང་བསྲུངས་ཏེ་རྒྱང་རིང་ནས་སླེབས་པའི་ཁྱོད་ལ་སྡོང་གྲོགས་མཛད་པ་དང་ཅི་འདྲའི་མཚུངས་ཨང་། །