དྲན་པ་ལྷོད་དུ་བཀུག་ནས་ཕྱིར་འདང་རེ་བརྒྱབ་ན། ལོ་དེར་ང་རང་ཕོ་ལོ་བདུན་ལ་སོན་ཙམ་ཡིན། དུས་རྒྱུན་གྱི་དབྱར་གནང་གཏོང་སྟངས་དང་འདྲ་བར་ང་ཡང་བྲག་རྩལ་སྲིབ་ངོས་སུ་ཆགས་ཡོད་པའི་ཕ་ཡུལ་དུ་སོང་ནས་གུང་གསེང་བཏང་བ་ཡིན་ལ། ནམ་རྒྱུན་དང་འདྲ་བར་རྩྭ་ལྗང་གདན་དུ་བཏིང་ཞིང་། རྐང་རྗེན་དུ་བེའུ་ཆུང་འཚོས་ཤིང་རྡོ་ཡི་རྩེད་ཆས་སྒྲིག་པ། སྨྱུག་མའི་རྟ་ཕོ་ཞོན་པ། ཨ་པྲ་དང་བྱ་བྱིའུ་འཛིན་བཟུང་སོགས་རྩེད་དགོད་དང་པྲ་ཆལ་གྱི་ལས་གང་ཡོད་ལ་འཇུག་ཅི་ཐུབ་བྱས་པ་ཡིན། ཡིན་ཡང་། ལོ་དེའི་དབྱར་གཞུང་ནི་ད་ལྟའང་ད་དུང་སེམས་ལ་གསལ་ལྷང་ངེར་འཆར་ཡོང་བར་མ་ཟད། སྔར་དང་མི་འདྲ་བའི་མཛེས་སྡུག་གིས་ཀུན་ནས་ཕྱུག་ཡོད་པའི་སྣང་བ་ཞིག་དབང་མེད་དུ་སྐྱེས་ཡོང་། རྒྱུ་མཚན་ནི། ལོ་དེར་ངེད་ཚང་ལ“ཁྱིམ་མི”གསར་པ་ཞིག་ཐོན་པས་རེད། གསལ་བོར་བཤད་ན“ཁྱིམ་མི”དེ་ནི་མ་གཞི་རྟ་མཆོག་ཅིག་སྟེ། ངའི་ཨ་ཞང་མཐོ་རིས་པ་དེས་མདའ་ཚན་དུ་ཡོད་པའི་གཉེན་ཉེ་ཞིག་ལ་པགས་པ་སློག་འདང་ཞིག་མཉེད་རོགས་བྱས་རྗེས་ཁོ་ལ་བྱིན་པའི་གླ་ཆ་ལྟ་བུ་ཡིན། རྟ་མཆོག་དེའི་མིང་ལ་ཐོར་ནག་ཟེར།
རྟ་མཆོག་ཐོར་ནག་ཁྱིམ་དུ་བསུས་ཉིན་ནས་བཟུང་ཁྱིམ་མི་ཀུན་གྱིས་ཁོ་རང་སྒོ་ཕྱུགས་ཤིག་གི་ཚད་དུ་མ་བཟུང་བར་སྙོར་སྐྱོང་གང་ལེགས་བྱས་ཤིང་། རིམ་གྱིས་ལུས་ཀྱི་རྩལ་དྲུག་རྫོགས་ལ། མགོ་རྣ་དང་སུག་ལག རྣམ་རིག་དང་བང་རྩལ་སོགས་ཀུན་དང་མི་མཚུངས་པའི་རྟ་མཆོག་ཁྱད་པར་ཅན་ཞིག་ཏུ་གྱུར་ལ་ཉོ་བདག་གང་མང་ཞིག་ཀྱང་རིམ་གྱིས་ངེད་ཚང་གི་སྒོ་ཁར་བཅར་ཞིང་རིན་གོང་མཐོན་པོ་བྱིན་ནས་བཙོང་དགོས་པའི་རེ་འདུན་ཡང་བཏོན་མྱོང་། སྐབས་དེར་ཁྱིམ་གྱི་འབྱོར་བ་དེ་འདྲའི་བཟང་རྒྱུ་མེད་ནའང་ཨ་ཞང་མཐོ་རིས་པོ་ཁོང་གིས་སེམས་ཐག་གཅིག་ཆོད་ཀྱིས་རྟ་མཆོག་ཐོར་ནག་མི་བཙོང་བའི་བརྡ་ལན་གསལ་བོར་སྤྲད་པ་རེད། ཉོ་བདག་དེ་དག་གི་ཁྲོད་དུ་ང་ཚོའི་སྡེ་བའི་རྒད་པོ་ཞིག་ཀྱང་ཡོད་ལ་ཁོས་ཀྱང་སྐབས་དེའི་དམངས་སྒོར་ཁྲི་གཅིག་བྱིན་ནས་ཉོ་འདུན་བསྟན་པ་ད་དུང་ཡང་ངའི་དྲན་པའི་ངོས་ན་གསལ་ལྷང་ངེར་འདུག་ལ། རྒྱུ་མཚན་དེར་གཞི་བཅོལ་ནས་ངས་ཀྱང་སློབ་གྲོགས་དག་གི་མདུན་ནས་ངེད་ཚང་ལ“ཁྲི་རྟ”ཞིག་ཡོད་ཅེས་ལབ་བརྒྱབ་ཅིང་རྟ་མཆོག་ཐོར་ནག་གི་བཟང་ཆ་གནའ་སྒྲུང་ལྟ་བུ་རེ་འཆད་མྱོང་བ་ད་དུང་ཡང་བརྗེད་ཐབས་མི་འདུག་གོ །
གསལ་བཤད་བྱ་དགོས་པ་ཞིག་ལ་ཁྲི་རྟ་ཞེས་པའི་མིང་དེ་ནི་མ་གཞི་ངས་རང་ངོས་ནས་བཏགས་པའི་རྟ་མཆོག་ཐོར་ནག་གི་མིང་གཞན་པ་དེ་ཡིན།
རྟ་མཆོག་ཐོར་ནག་ལ་ཉོ་བདག་མང་བོ་བུད་པ་ནས་བཟུང་། གཅིག་ནས་སྐབས་དེའི་བདེ་སྲུང་གི་གནས་བབས་ད་ལྟའི་འདི་འདྲ་བཟང་རྒྱུ་མེད་པའི་ཁར་རྐུན་ཁ་ཧ་ཅང་རྒོད་པའི་དུས་ཤིག་ཡིན་པ་དང་། ཅིག་ཤོས་ནས་བླ་མ་རྣམ་གསུམ་གྱི་མོ་ལུང་ལས་རྐུ་འཁྱེར་ལ་དོགས་དགོས་པའི་བཀའ་གསུང་གནང་སྟབས། ཨ་ཞང་མཐོ་རིས་པོ་ཁོང་ནས་ཀྱང་རྐུ་འཁྱེར་ལ་ཉེན་ཟོན་མི་བྱེད་རང་བྱེད་དུ་གྱུར་ལ། མཚན་མོ་རྟ་མཆོག་ཕྱུགས་ཁང་དུ་འདོགས་དགོས་པར་མ་ཟད་རྟའི་ལག་པར་ལྕགས་སྒྲོག་རྒྱག་དགོས་ལ། ཨ་ཞང་མཐོ་རིས་པ་ཁོང་ཡང་རྟ་མཆོག་ཐོར་ནག་གི་མགོ་ཐད་དུ་ཉལ་ས་བཅས་ཤིང་ཉལ་དགོས་པ་རེད། གང་ལྟར་ཉེན་ཟོན་བྱས་པ་ལེགས་པའི་སྟབས་སམ་གཞར་ནས་རྐུན་མ་ཟེར་བ་ཞིག་ཡོང་འཆར་མེད་པའི་དྲིན་གང་ཡིན་མི་ཤེས་མོད། ད་རག་བར་དུ་རྟ་མཆོག་ཁོ་རང་རྐུན་ཁར་ལྷུང་མ་དགོས་པར་གྱུར། ད་ལྟ་ང་རང་ཕོ་ལོ་སོ་གསུམ་ཡིན་ལ་རྟ་མཆོག་ཐོར་ནག་ན་སོ་ཉེར་གཉིས་ཡིན།
རྟ་མཆོག་ཐོར་ནག་རྒོད་མའི་ཁོག་ནས་རྩེབས་པ་ནས་རྒས་པའི་བར་དུ་རྟ་རྒྱུག་འགྲན་ཚོགས་གང་མང་ལ་ཞུགས་མྱོང་ཡོད་པར་མ་ཟད་བྱ་དགའ་ཡང་ཆེ་མ་ཆུང་གསུམ་གང་མང་བླངས་མྱོང་། རྟ་མཆོག་གི་རྒྱུག་དང་བང་རྩལ་ལ་བརྟེན་ནས་ངའི་ཨ་ཞང་མཐོ་རིས་པོ་དེ་ཡང་སྡེ་བའི་ཕྱི་ནང་ཀུན་ཏུ་མི་ཤེས་མཁན་མེད་པ་ལྟ་བུ་ཞིག་ཏུ་གྱུར། སྤྱིར་ཨ་ཞང་ཁོང་ལ་མཚོན་ན་སྤྱིར་བཏང་གི་འབྲོག་པ་དཀྱུས་མ་ཞིག་སྟེ། རྩྭ་ཐང་གི་འབྲོག་དམངས་གཞན་དག་དང་འདྲ་བར་རྟ་རྒྱུག་འགྲན་སྡུར་ལ་སྤྲོ་བ་ཧ་ཅང་ཆེ་བར་མ་ཟད་རྟ་མཆོག་སྙོར་སྐྱོང་ལའང་ཤིན་ཏུ་མཁས་སྟབས། སྡེ་བའི་རྟ་དགའ་གང་མང་གི་བློ་འདྲི་ས་ལྟ་བུར་ཡང་ཆགས་མྱོང་། རེད་དེ། འདི་དག་ཀྱང་ཁོང་ལ་མཚོན་ན་རྟ་མཆོག་ཐོར་ནག་གི་དྲིན་ལན་ལོས་ཡིན་སྙམ་སོང་།
སྤྱིར་བཏང་ཨ་ཞང་ལགས་ནི་སྨྲ་བ་ཉུང་ཞིང་ལག་ལས་ཀར་བྱང་ཆ་ལྡན་པར་མ་ཟད། ཆེ་བཀུར་ཆུང་བྱམས་སོགས་ལུས་ཀྱི་སྤྱོད་པ་དག་པའི་མི་བུ་རྩིས་ཅན་ཞིག་སྟེ། མ་མཐའ་ཡང་ང་རང་ངོས་ནས་ཧ་ཅང་འདང་རྩིས་ཆེ་ཞིང་བཀའ་དྲིན་གཞལ་ཐབས་མེད་པ་ཞིག་ཡིན་སྟབས། དེ་རིང་གློ་བུར་དུ་རྟ་མཆོག་ཐོར་ནག་གླེང་དགོས་རྐྱེན་ཡང་ཨ་ཞང་བཀའ་དྲིན་ཅན་ཁོང་ཉིད་དྲན་གསོ་བྱེད་ཐབས་ཤིག་ལོས་ཡིན་སྙམ་པའི་ངེས་ཤེས་ཤིག་ཀྱང་དབང་མེད་དུ་སྐྱེས་སོང་། །