གུས་པ་སློབ་ཆེན་དུ་ཞུགས་ནས་སློབ་སྐབས་གཅིག་མ་གཏོགས་འགོར་མེད། སློབ་སྐབས་དང་པོ་ནི་དངོས་གནས་བྲེལ་བྲེལ་འཚུབ་འཚུབ་ཀྱི་ངང་ནས་བཞུད་འགྲོ་བའི་སྣང་བ་ཞིག་བྱིན་སོང་། གཅིག་བྱས་ན། སློབ་ཆེན་དུ་རང་གི་ཆེད་ལས་སློབ་ཁྲིད་ཕུད། ད་དུང་སློབ་གྲྭའི་ནང་ཚོགས་པ་ཆེ་མ་ཆུང་གསུམ་གྱི་བྱེད་སྒོའམ་སྡེ་ཁག་ཡོད་པས།དེ་གའི་ནང་དུ་ཞུགས་དགོས་པའི་དབང་གིས། དུས་ཚོད་ཀྱི་མདའ་སྣེ་ལྷག་མ་ཞིག་འཛིན་པའི་གླགས་རྙེད་པར་དཀའ་ཙམ་གདའ། སྣ་མང་རང་བཞིན་ཅན་གྱི་སྡེ་ཁག་གི་བྱེད་སྒོ་དག་མཐོང་ཚེ་གང་དུ་ཞུགས་དགོས་པའང་ཤིན་ཏུ་ཐག་གཅོད་དཀའ་བར་གནས། ཡིན་ནའང་། ངས་ཡུན་ཐུང་ཙམ་གྱིས་ཚོགས་མི་བསྡུ་བའི་གནས་དེར་སོང་ནས་རྒྱུས་ལོན་དང་རང་གི་དགའ་ཁ་འཁྱེར་ཕྱོགས་ལ་དམིགས་གཏད་ནས་གདམ་འདོད་བྱུང་། ཚོགས་པ་རང་རང་ལ་ཁྱད་ཆོས་དང་དགེ་མཚན་རེ་རེ་འཛོམས་པ་ནི་བསྙོན་དུ་མེད། ཡིན་ནའང་། ང་ཐོག་མར་ནང་དུ་ཞུགས་འདོད་སྐྱེས་པ་ནི་བོད་རིག་པས་གཙོ་སྒྲུབ་བྱས་པའི་གཞི་རིམ་རོགས་སྐྱོར་ཚོགས་པའི་སྡེ་ཁག་དེ་ཡིན། མ་གཞི་ནས“བོད་རིག་པ”ཞེས་པའི་ཡིག་འབྲུ་འདི་ངག་ལ་བསྐྱོར་བ་ཙམ་གྱིས་གུས་པའི་སེམས་ཁོང་དུ་དགའ་བ་ཚད་མེད་དང་ཡིད་སེམས་དྲོད་ལམ་ལམ་བྱེད། རང་ཉིད་སྐྱེ་བ་ད་ཐེངས་ལས་དབང་གི་ཁ་ཡིག་ཡོད་པའི་རྐྱེན་ཡིན་ནའང་ཐང་། གང་ལྟར། བརྗིད་ཉམས་ལྡན་པའི་བོད་རིག་པའི་ཐོག་ཁང་མཐོང་ཐེངས་རེར། རང་ཉིད་ལ་དབང་མེད་ཀྱི་དད་པ་དང་སྨོན་པ་ཤོར་མྱོང་། ང་རང་སློབ་ཆེན་མ་འགྲིམས་གོང་ནས་གཞི་རིམ་དུ་བསྐྱོད་པའི་འདུན་མ་ཆུང་ཆུང་ཞིག་སེམས་སུ་བསྙལ་ནས་ཡུན་རིང་འགོར་ཡོད་ལ། ད་ལྟ་དངོས་སུ་ལས་སྐལ་ལྡན་ན། འདི་ལས་བསོད་བདེ་ཆེ་བ་ཞིག་མེད་འགྲོ་སྙམ། དྲང་མོར་བཤད་ན། རང་ཉིད་ཚོགས་ཞུགས་པ་གསར་པ་ཡིན་པས། འདིའི་སྐོར་གྱི་བསམ་འདུན་དང་དྲན་འཆར་གྱི་སྒོ་གླེགས་མང་པོ་རྡུང་རྒྱུ་མི་འདུག ཡིན་ཡང་། གུས་པ་སློབ་སྐབས་གཅིག་གི་ཚོགས་པའི་ཚོགས་མི་ཞིག་གི་མཐོང་ཐོས་མྱོང་གསུམ་བརྒྱུད། གཞི་རིམ་ཚོགས་པའི་བྱ་འགུལ་དང་ལག་ལེན་ནི་དངོས་གནས་ཁ་སྤྲོད་དུ་ཆགས་ཡོད་པར་སྙམ་སོང་། ཡོད་ཚད་དུས་ཚོད་ཀྱི་རླབས་རིས་ཁྲོད་ར་སྤྲོད་དགོས་པས། ཡུན་ཐུང་ཙམ་གྱི་ཕུ་ཐུང་གིས་ཡུན་རིང་གི་ལམ་དུ་བགྲོད་དཀའ་བས། ཚོགས་པ་ཞིག་མི་མང་གི་བག་ཆགས་ཀྱི་གཏིང་རིམ་དུ་ཟུག་པར་ཀྱག་ཀྱོག་གི་ལམ་ཕྲན་མང་པོ་བརྒྱུད་དགོས་སོ། །
ངའི་རེ་བ་ལྟར་ན། ཚོགས་པ་འདི་བོད་རིག་པའི་གཤིན་ས་དྲོན་མོའི་པང་ཁུག་ཏུ་རྟག་ཏུ་མི་ནུབ་པའི་རྒྱལ་མཚན་བཞིན་ནམ་ཡང་དར་བར་སྨོན།
ད་རེས། འདི་གའི་གཞི་རིམ་ཚོགས་པའི་ནང་བརྡ་སྦྱོར་ཐུང་ངུ་ཞིག་བསྐུར་ཡོང་། ཏག་ཏག་དེ་ནི་གཞི་རིམ་དུ་བསྐྱོད་འདོད་པ་དང་གཞི་རིམ་དུ་བསྐྱོད་མྱོང་ཡོད་པ་དག་གིས་ལར་རང་རང་གི་མཐོང་སྣེའི་དྲན་འཆར་སྐོར་གྱི་རྩོམ་ཡིག་སྡུད་བཞིན་འདུག དེ་བས། གུས་པ་རང་ཉིད་ད་སྔ་བར་གཞི་རིམ་དུ་སོང་མྱོང་མེད་ལ། གཞི་རིམ་གྱི་སློབ་གསོའི་མཁའ་དབུགས་དང་གཞི་རིམ་གྱི་དགེ་རྒན་ཆུང་ཆུང་ཞིག་གི་མིང་བྱང་འཛིན་པའི་ཚོར་སྣང་ཡང་ག་འདྲ་ཡིན་པ་གཏན་ནས་མི་ཤེས། རང་གི་བསམ་ཐོག་ཏུ་འཁོར་ཡོང་བའི་གོ་སྐབས་ཤིག་རེད་ཨང་། ཉིན་འགའི་སྔོན་ལ་ངས་རྩོམ་པ་པོ་གཡུ་སྒྲོན་འཚོ་ལགས་ཀྱི་སྒྲུང་གཏམ་ནང་དུ་མོ་རང་གཞི་རིམ་དུ་བསྐྱོད་པའི་དྲན་འཆར་བྲིས་པ་མཐོང་ལ། མོས་གཞི་རིམ་གྱི་བྱིས་པས་སློབ་གསོ་གང་འདྲ་མྱང་ཐུབ་ཀྱིན་ཡོད་པ་དང་ཁྱིམ་བདག་རྣམས་ཀྱི་སློབ་གསོའི་གོ་རྟོགས་ཅི་འདྲ་ཡིན་པ་སོགས་ཀྱི་སྐོར་ནས་བྲིས་འདུག་པས།གུས་པ་རང་ཡང་ཤིན་ཏུ་འགྲོ་འདོད་པའི་བློ་འགོག་མེད་ཅིག་སྐྱེས་བྱུང་། རེད་དེ། གཞི་རིམ་དུ་བསྐྱོད་པ་ནི་སློབ་ཆེན་སློབ་མར་མཚོན་ན་ལག་ལེན་དངོས་ཡིན་ལ། རང་ཉིད་ཀྱི་ཉམས་མྱོང་གསོག་འཇོག་དང་འཇོན་ནུས་སྦྱོང་བརྡར་བྱེད་པའི་གོ་སྐབས་ལེགས་པོ་ཞིག་ཀྱང་རེད། ལྷག་པར། རང་རེའི་སློབ་གྲྭའི་གཞི་རིམ་ཚོགས་པ་འདི་བོད་ཁུལ་གྱི་རུ་སྡེ་གང་སར་སྐྱོད་ཀྱིན་ཡོད་ཕྱིར། དངོས་གནས་རང་ཉིད་ཀྱི་བློ་ཡིད་དང་མཐུན་པའི་གཞི་རིམ་རོགས་སྐྱོར་ཚོགས་པ་རུ་ཆགས།
གཞི་རིམ་དུ་བསྐྱོད་པའི་འདུན་པ་སྔར་ནས་སྟ་གོན་བྱས་ཡོད་སྟབས། རེ་འདུན་ཆུང་ཆུང་འདིའི་འགྲུལ་བཞུད་ད་ཐེངས་འགྲུབ་ཐུབ་པའི་སེམས་འདུན་འཆང་དགོས་སོང་། གལ་ཏེ། གོ་སྐབས་ལན་ཙམ་བྱུང་ན། ཡིད་ཀྱི་སྟ་གོན་སྔར་ནས་བྱས་ཡོད་དོ། །