ཀྲུང་གོ་བོད་ཀྱི་དྲ་བ།

སེམས་པའི་འཕར་ལྡིང་ལས་ཐོན་པའི་སྒྲ་དབྱངས།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : ཚེ་རིང་སྐྱིད།   སྤེལ་དུས། : 2025-06-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

དུས་དེ་རིང་། ལེགས་ཚོགས་ཀྱི་རྩ་བར་གྲུབ་པའི་བཤེས་གཉེན་དམ་པའི་སྐུ་དྲིན་འོག་ནས། གངས་ལྗོངས་གསར་པའི་འཛུགས་སྐྲུན་ལ་སྤོབས་པའི་རྦ་རླབས་འཕྱུར་བཞིན་པའི་རུ་དཔུང་སྟུག་པོ་འདི་ཁྱེད་ཚོའི་ཕྱག་རྗེས་ལས་འཁྲུངས་ཤིང་། གཞན་དོན་ཁུར་འཁྱེར་གྱི་འོ་མཚོ་དཀར་མོ་རྒྱས་བཞིན་པའི་གཞོན་སྐྱེས་བརྒྱ་ཕྲག་དུ་མ་ཁྱེད་ཀྱི་གསུང་གི་བདུད་རྩི་ལས་བལྟམས་པ་མ་ཡིན་ནམ། བསམས་ཤིང་བསམས་ན། ཁྱེད་ཚོའི་འབད་འབུངས་དྲག་པོའི་མངའ་ཐང་དང་རྣམ་དཀར་ལྷག་བསམ་གྱི་གཟི་བྱིན་འོག་ནས། ཁོང་ན་སྙིང་དང་སྙིང་ལ་རུས་པ་ཡོད་པའི་དང་བླངས་པ་མང་པོ་ཞིག་ལ་ཡིད་ཆེས་དང་སྤོབས་པ་བསྩལ་ལ། གཞི་རིམ་སློབ་གསོ་རོགས་སྐྱོར་ཚོགས་པའི“གཞི་རིམ་དུ་སྐྱོད་པ”ཞེས་པའི་རླབས་ཆེན་གྱི་བྱེད་སྒོ་འདི་ཡང་ལོ་ངོ་བཅོ་བརྒྱད་ལྷག་ལ་རྒྱུན་བསྐྱང་ཐུབ་སོང་། འདི་ནི་རུས་ལ་རྐང་ཡོད་པའི་དགེ་སློབ་མང་པོ་ཞིག་གི་འབད་བརྩོན་དང་རྒྱུན་འཁྱོངས་ཀྱི་གྲུབ་འབྲས་རེད།

ན་གཞོན་རྣམས་ནི་རྒྱལ་ཁབ་ཀྱི་རེ་བ་དང་མི་རིགས་ཤིག་གི་མ་འོངས་པ་ཡིན། གཞི་རིམ་རོགས་སྐྱོར་གྱི་ལམ་ཆེན་འདིའི་སྟེང་དུ། དང་བླངས་པ་རེ་རེ་ནི་མཛེས་སྡུག་གི་འོད་ཕུང་རེ་རེ་ལགས།སྔོན་ཆད་སྤྱི་ཚོགས་ཀྱི་ཟུར་སོ་སོ་ནས་དང་བླངས་པའི་བྱ་བ་སྒྲུབ་མྱོང་མཁན་ཞིག་ཡིན་པའི་ངོས་ནས། ལམ་བུ་འདི་ལས་ངས་རང་ནུས་ཅི་ལྕོགས་ཀྱིས་གཞན་ལ་ཕན་འདོགས་པའི་བྱ་བ་སྒྲུབ་པའི་རིན་ཐང་དང་དོན་སྙིང་རྟོགས།གཞི་རིམ་སློབ་གསོ་རོགས་སྐྱོར་ཚོགས་པའི“གཞི་རིམ་དུ་བསྐྱོད་པ”ཞེས་པར་རྐྱེན་གང་མང་གི་དབང་གིས་ཞུགས་མ་ཐུབ་མོད། འོན་ཀྱང་ཉིས་སྟོང་ཉེར་བཞི་ལོའི་ཟླ་བདུན་པར་ང་ཚོའི་སློབ་གྲོགས་མང་པོ་ཞིག་མཚོ་སྔོན་གྱི་གཞི་རིམ་སློབ་ཆུང་མང་པོར་སོང་ནས་སྤྱི་སྐད་དང་བོད་ཡིག་གི་སློབ་ཁྲིད་བྱེད་པ་དང་། ད་དུང་སློབ་སྦྱོང་གི་ཞོར་དུ་དགའ་ཕྱོགས་གསོ་སྐྱོང་། དེ་མིན་སྡེ་མི་རྣམས་ལ་ཞིང་ལས་ལས་རོགས་བྱེད་པ་སོགས་དྲ་ལམ་ན་བརྒྱུད་བསྐུར་བྱེད་པ་མཐོང་དུས། སེམས་ལ་བརྗོད་ཀྱིས་མི་ལང་བའི་དགའ་སྤྲོ་སྐྱེས་ཤིང་། ལྷག་ཏུ་བྱིས་པ་རྣམས་ཀྱིས་གཟབ་ནན་སྒོས་སློབ་ཁྲིད་ལ་ཉན་པ་དང་དེ་མིན་སྡེ་མི་ཚོས་ལྷག་བསམ་ཟོལ་མེད་ཀྱིས་ང་ཚོའི་བྱ་བར་རྒྱབ་སྐྱོར་དང་དགའ་བསུ་བྱེད་ཚུལ་དག་མཐོང་དུས། བསམ་ཚུལ་མང་པོ་ཞིག་ཆུ་འཛིན་བཞིན་སེམས་ཀྱི་མཁའ་རུ་འཁྲིགས་ལ།སེམས་འགུལ་གྱི་མཆི་མའི་རྡོག་པོ་ཡང་མིག་ཟུང་ལས་ལྷུང་། ངས་ཁོ་ཚོ་ལས་བོད་མི་སྤྱི་ལ་ཁྱབ་པའི་གཞུང་དྲང་དང་གཡོ་ཟོལ་གྱིས་མ་གོས་པའི་སྤྱོད་པ་དེ་མཐོང་བྱུང་། ང་ཚོས་ཕན་ཚུན་བར་མཛའ་བརྩེ་དང་མཐུན་སྒྲིལ་གྱི་ལུགས་སྲོལ་བཟང་པོ་རྒྱུན་འཁྱོངས་བྱས་ན། དཔལ་ཡོན་ལྡན་པའི་སྤྱི་ཚོགས་ཁོར་ཡུག་བཟང་པོ་ཞིག་ངང་གིས་ཆགས་ཤིང་། ཐུན་མོང་གི་མི་རིགས་དང་ཐུན་མོང་གི་རྒྱལ་ཁབ་ལ་ཕྱག་རྗེས་འཇོག་མཁན་དང་། ཐུན་མོང་གི་དགའ་ཞེན་དང་ཐུན་མོང་གི་ལས་དབང་ལ་སྟོབས་ཤུགས་འབུལ་མཁན་མང་པོ་ཡང་ཟམ་མི་ཆད་པར་འབྱུང་བས་འཛམ་གླིང་གི་མིག་དཔེར་འོས་པའི་གཞན་ཕན་ཤེས་རིག་དར་བའི་རྒྱལ་ཁབ་ཅིག་ཏུ་འགྱུར་ངེས། འདི་ལྟར་འཚེ་མེད་ཞི་བའི་ཐབས་ལམ་ལ་དོ་སྣང་དང་བརྩོན་པ་བསྐྱེད་པའི་རླབས་རྒྱུན་ཞིག་མཐོ་ནས་མཐོ་རུ་འཕྱུར་བ་ཡང་འདི་འདྲའི་ན་གཞོན་དག་གིས་འཇིག་རྟེན་ཁམས་ལ་ཕུལ་བའི་ལེགས་སྐྱེས་ཡིན་པར་འདོད།

མ་འོངས་པར།གཞི་རིམ་སློབ་གསོ་རོགས་སྐྱོར་ཚོགས་པས་ཞབས་ཞུའི་ཁྱབ་ཁོངས་མུ་མཐུད་དུ་རྒྱ་བསྐྱེད་པ་དང་གཏིང་ཟབ་ཏུ་སྤེལ་ནས། སློབ་གསོའི་ཐོན་ཁུངས་དཀོན་པའི་གྲོང་གསེབ་ཏུ་དང་བླངས་པ་ཚོས་རྒྱུན་རིང་གི་རོགས་སྐྱོར་བྱེད་སྒོ་སྤེལ་ནས། བྱིས་པ་མང་པོ་ཞིག་ལ་ཤེས་བྱའི་འོད་སྣང་སྟེར་བར་བྱེད་པ་དང་རྨང་གཞིའི་ཤེས་བྱ་ལས་གཞན་གླུ་ལེན་གར་རྩེ། ཚན་རིག་ཚོད་ལྟ་སོགས་སློབ་ཁྲིད་གཞན་བཀོད་སྒྲིག་བྱས་ནས་བྱིས་པ་མང་པོ་ཞིག་གི་གསར་གཏོད་དང་བསམ་གཞིག་གི་ནུས་པ་མཐོར་འདེགས་གཏོང་བར་བྱེད་དགོས། ཚོགས་པའི་འཛུགས་སྐྲུན་ཐད་དུ་སྔར་ལས་ཆེད་ལས་ཅན་དང་ཚད་ལྡན་ཅན་གྱི་ཕྱོགས་སུ་འཕེལ་རྒྱས་གཏོང་བ་དང་། ཞབས་ཞུའི་ཁྱབ་ཁོངས་མི་འདྲ་བར་དམིགས་ནས་སྦྱོང་བརྡར་གྱི་མ་ལག་གསར་པ་བཟོ་བ་སོགས་ཞབས་ཞུའི་སྤུས་ཀ་དང་ཆུ་ཚད་མཐོར་འདེགས་གཏོང་དགོས། སློབ་མཇུག་རེ་རེར་བྱ་བ་ཕྱོགས་སྡོམ་བྱེད་སྐབས་ཕུལ་བྱུང་དང་བླངས་པར་བྱ་དགའི་གཟེངས་རྟགས་སྟེར་བ་དང་རང་གི་མྱོང་ཚོར་གླེང་བ་སོགས་བྱས་ནས་སྔར་ལས་མང་བའི་ན་གཞོན་དང་བླངས་པ་བྱེད་སྒོར་ཞུགས་སུ་བཅུག་སྟེ། ཚོགས་པའི་སྟོབས་ཤུགས་ཇེ་ཆེ་དང་སྒྲིག་གཞི་འཐུས་ཚང་དུ་གཏོང་དགོས།

“བསམ་པ་བཟང་ན་ས་དང་ལམ་ཡང་བཟང་། །བསམ་པ་ངན་ན་ས་དང་ལམ་ཡང་ངན། །”གཞི་རིམ་སློབ་གསོ་རོགས་སྐྱོར་ཚོགས་པའི་དང་བླངས་པ་རྣམས་ནི་བརྩེ་བ་དང་གཞན་ཕན་གྱི་བསམ་བློ་ལག་ལེན་དུ་འདེབས་མཁན་ཅི་ལ་མིན། ཁོ་ཚོ་ནི་སྤྱི་ཚོགས་དང་མང་ཚོགས་བར་གྱི་སྤྲོ་སྐྱིད་ཀྱི་སྦྲེལ་ཐག་ཡིན་ལ། བརྩེ་བ་དང་རེ་བ་ཡི་ཟམ་པ་ལྟ་བུ་ཡིན་པས། རང་ཡང་མ་འོངས་པའི་གཞི་རིམ་གྱི་དང་བླངས་པའི་བྱ་བར་ཧུར་ཐག་གིས་ཞུགས་འདོད་ཀྱི་འདུན་པ་ཆེ། གཞི་རིམ་ཚོགས་པའི་མ་འོངས་པར་འགྲན་རྩོད་དང་གོ་སྐབས་གྱིས་ཁེངས་པས། ང་ཚོས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་དམ་པོར་བཅངས་ནས། མེས་པོའི་གཞིས་ཀ་ནས་འཚར་ལོངས་བྱུང་ཞིང་མེས་པོའི་ཞབས་རྗེས་ནས་ལམ་ལ་ཆས་པའི་བསམ་བློའི་དཔུང་རྡང་གཅིག་པའི་དང་བླངས་པ་སོ་སོའི་སྟོབས་ཤུགས་གཅིག་སྒྲིལ་བྱས་ན། ང་ཚོས་དུས་རབས་གསར་པའི་གར་སྟེགས་ཁྲོད་དང་བླངས་པའི་གཞན་ཕན་བསམ་བློ་ཡི་མེ་ལྕེ་མཐོ་ནས་མཐོ་རུ་འདེགས་ཐུབ་ངེས་རེད། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།