ཀྲུང་གོ་བོད་ཀྱི་དྲ་བ།

ཤེས་རིག་གི་གསང་མཛོད།

ཡོང་ཁུངས། : «བོད་ཀྱི་རྩོམ་རིག་སྒྱུ་རྩལ»   རྩོམ་པ་པོ། : རྡོ་རིང་པདྨ་དབང་ཆེན།   སྤེལ་དུས། : 2024-05-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ལོ་རྒྱུས་ཀྱི་གསང་བ་སྦྲུམ་པའི་གནའ་ཤུལ།


གཙང་པོ་དང་ཆུ་མོའི་འགྲམ་ངོགས་ནི་མིའི་རིགས་ཀྱི་ཐོག་མའི་རྟེན་གཞི་ཡིན་ལ། ཆུ་ཀླུང་དང་བཞུར་ཆུའི་འགྲམ་རྒྱུད་ནི་ཤེས་རིག་གི་ཐོག་མའི་འབྱུང་ཁུངས་ཡིན་པས། གདོད་མའི་མིའི་རིགས་ཀྱི་དགའ་སྐྱོ་ཆགས་སྡང་གི་གཏམ་རྒྱུད་དེ་ང་ཚོས་གཙང་པོའི་ངོགས་ནས་རྙེད་ཐུབ་ཅིང་། གདོད་མའི་མིའི་རིགས་ཀྱི་བློ་ནུས་རྩལ་གསུམ་གྱི་མེ་སྟག་དེ་ང་ཚོས་ཀླུང་ཆེན་གྱི་འགྲམ་ནས་མཐོང་ཐུབ་པས། སྐད་ཅིག་ཀྱང་མི་སྡོད་པར་བཞུར་བའི་གཙང་པོ་དང་ཆུ་ཀླུང་ནི་དོན་གྱིས་ལོ་རྒྱུས་ཀྱི་དེབ་ཐེར་ངོས་སུ་སྲ་འཐས་སུ་འབྱར་བའི་ཤེས་རིག་གི་གཟི་དཔལ་དེ་རེད།

ལོ་རྒྱུས་ཡིག་ཚང་ལས་གཅན་ཚ་ཉིན་སྲིབ་གཉིས་ཀྱི་ལོ་རྒྱུས་དེ་ཆེས་རིང་ནའང་མི་ལོ་ཉིས་སྟོང་ཙམ་ལས་ཡར་འདེད་མི་ཐུབ་ནའང་། གཙང་པོ་དང་ཀླུང་ཆེན་སྔས་སུ་བརྟེན་པའི་གནའ་ཤུལ་ལས་ང་ཚོས་མེས་པོའི་བྱུང་བ་དེ་ལོ་ངོ་ཁྲི་ཕྲག་གི་གོང་རོལ་ཏུ་འདེད་ཐུབ་ཅིང་། ས་གཞི་དང་རི་བོའི་མངལ་དུ་སྦྲུམ་པའི་གནའ་རྫས་དེ་དག་ལས་ང་ཚོས་གདོད་མའི་ཤེས་རིག་དེ་མི་ལོ་སྟོང་ཕྲག་དུ་མའི་ཕ་མཐའ་ལ་གཏུགས་ཐུབ་པས། ས་ཆེན་གྱི་ཕང་པ་ན་ཁུ་སིམ་མེར་གཟིམས་པའི་བང་སོ་དེ་དག་ནི་བསྐལ་པ་ས་ཆགས་དུས་ཀྱི་མེས་པོ་སྨ་ར་ཅན་དེ་ཡིན་ལ། རི་ལུང་གི་ལྟེབ་ཁུགས་ན་ཁ་རོག་གེར་བསྐུངས་པའི་གནའ་རྫས་དེ་དག་ནི་བ་སོ་ཁ་ཟུག་དུས་ཀྱི་མེས་པོའི་ཞལ་ཆེམས་དེའང་རེད།

 སྤྱི་ཚོགས་རྙིང་པའི་ནང་དུ་གཅན་ཚ་ནི་སྟོད་ཀྱི་སུམ་པ་འགག་ནས་སྨད་ཀྱི་ཤ་བོ་འགག་བར་གྱི་རྨ་ཀླུང་སྔོན་མོའི་ཉིན་སྲིབ་གཉིས་ལ་གོ་བ་དང་། བྱང་ནས་ལྷོ་རུ་འབབ་པའི་རྨ་ཆུ་སྔོན་མོ་དེ་གཅན་ཚ་ཉིན་སྲིབ་གཉིས་ཀྱི་སྒལ་ཚིགས་ལྟ་བུར་གྲུབ་ཡོད། རྨ་ཆུའི་གཡོན་ཕྱོགས་ནི་གཅན་ཚ་ཉིན་ལྟ་དང་རྨ་ཆུའི་གཡས་ཕྱོགས་ནི་གཅན་ཚ་སྲིབ་ལྟ་ཡིན་ལ། གཅན་ཚ་ཉིན་ལྟ་དེ་དེང་སྐབས་ཀྱི་སྲིད་འཛིན་དབང་དུ་བྱས་ན་དཔའ་ལུང་རྫོང་གི་ཁོངས་སུ་གཏོགས་པ་དང་། གཅན་ཚ་སྲིབ་ལྟ་ནི་དེང་སྐབས་ཀྱི་གཅན་ཚ་རྫོང་ཡིན། ཁྱོད་ཀྱིས«མཚོ་སྔོན་གྱི་གནའ་རྫས་སྔོག་འདོན་ཟིན་ཐོ»སོགས་ལས་ལ་གཅན་པའི་ཡུལ་འདི་ལ་དོ་སྣང་བྱས་མྱོང་ཚེ། རྨ་ཀླུང་སྔོན་མོའི་འགྲམ་ངོགས་ཀྱི་གནའ་ཤུལ་དག་ལའང་ཆ་རྒྱུས་ངེས་ཅན་ཞིག་ཡོད་ངེས། གཅན་ཚ་རྫོང་ལ་མཚོན་ན་བརྟག་དཔྱད་ཐོ་འགོད་བྱས་ཡོད་པའི་གནའ་ཤུལ་བརྒྱ་ཕྲག་གཅིག་ལྷག་ཡོད་ལ། དེའི་ཁྲོད་དུ་རྡོ་ཆས་གསར་རྙིང་གི་གནའ་ཤུལ་དང་། ཟངས་ཆས་དུས་རབས་ཀྱི་གནའ་ཤུལ། ཁ་རོབ་རིག་གནས་ཀྱི་གནའ་ཤུལ་སོགས་ཡོད་པ་དང་། མིའི་རིགས་ཀྱི་ཤེས་རིག་ནི་གཙང་པོའི་འགྲམ་དང་ཆུ་མོའི་ངོགས་ནས་མཆེད་པའི་ལོ་རྒྱུས་དང་མཐུན་པར་གཅན་ཚའི་རིག་གནས་ཀྱི་གནའ་ཤུལ་མང་པོ་ཞིག་ཀྱང་གཅན་ཚ་ཉིན་སྲིབ་གཉིས་ཀྱི་སྒལ་ཚིགས་ལྟ་བུའི་རྨ་ཆུ་སྔོན་མོའི་འགྲམ་ངོགས་སུ་ཁྱབ་ཡོད།

 གཅན་ཚ་རུ་ཕྱི་དར་བསྟན་པའི་ཆུ་མགོ་ཨ་ཆུང་གནམ་རྫོང་བྱིན་གྱིས་ཆགས་ཡོད་ལ། གཅན་ཚ་རུ་དགེ་ལྡན་བསྟན་པའི་འབྱུང་གནས་བྱ་ཁྱུང་དགོན་པ་འོད་ཀྱིས་འཚེར་ཡོད། གཅན་ཚ་རུ་མེས་པོའི་བཙན་རྫོང་རྡོ་རྗེ་མཁར་ཆེན་རྔམ་གྱིས་འགྱིང་མྱོང་ལ། གཅན་ཚ་རུ་བསམ་གཏན་པའི་འདུ་གནས་རྡོ་རྗེ་བྲག་ར་བརྗིད་ཀྱིས་ཆགས་ཡོད་པས། གཅན་ཚ་ནི་མདོ་སྨད་ཀྱི་ཆོས་ལུགས་རིག་གནས་ཀྱི་བསྟི་གནས་གལ་ཆེན་ཞིག་ཡིན་ལ། གཅན་ཚ་ནི་མདོ་སྨད་ཀྱི་ཆབ་སྲིད་ལོ་རྒྱུས་ཀྱི་གནས་གཞི་འགངས་ཆེན་ཞིག་ཀྱང་ཡིན།

 གཅན་ཚ་ཉིན་སྲིབ་གཉིས་ཀྱི་སྒལ་ཚིགས་ལྟ་བུའི་རྨ་ཆུ་སྔོན་མོའི་འགྲམ་ངོགས་སུ་གྲོང་ཚོ་མང་པོ་མུ་ཏིག་བསྟར་ལ་བརྒྱུས་པ་ལྟར་ཆགས་ཡོད། བྲག་ཁང་སྣ་ཁ་ནི་གྲོང་ཚོ་དེ་དག་ཁྲོད་ཀྱི་སྤྱིར་བཏང་གི་གྲོང་ཚོ་ཞིག་ཡིན། ཡིན་ནའང་། གྲོང་ཚོ་དེར་དགུ་རོང་ཧོ་ཐོག་ཐུའི་བླ་བྲང་དང་མ་དཱའི་སྐྱེད་ཚལ། འདུ་ཁང་དཔལ་རིའི་ཕོ་བྲང་། ཁང་བཟང་གི་མཚན་ཉིད་ཚང་བའི་བྲག་ཁུང་། ཆོས་རྗེ་དོན་གྲུབ་རིན་ཆེན་རྨ་ཆུར་བརྒལ་སའི་རྨ་དར་གོང་ཁ་སོགས་ཡོད་པར་མ་ཟད། བོད་བྱ་ཚང་དང་བྲག་ཁང་སྣ་ཁ་སྡེ་བའི་ནུབ་ཕྱོགས་ཀྱི་རི་ངོས་སུ་གནའ་བོའི་བང་སོ་དང་གནའ་བོའི་མིའི་རིགས་འཚོ་སྡོད་བྱེད་སའི་གནའ་ཤུལ་ཡང་ཡོད་པས། གཅན་ཚའི་ཡུལ་གྱི་རིག་གནས་ལོ་རྒྱུས་ལ་ཞིབ་འཇུག་བྱེད་མཁན་ཞིག་ཡིན་ཚེ་བྲག་ཁང་སྣ་ཁ་ལ་དོ་སྣང་མི་བྱེད་རང་བྱེད་ཡིན་ལ། གཅན་ཚའི་ཡུལ་གྱི་གནའ་ཤུལ་ལོ་རྒྱུས་ལ་ཉམས་ཞིབ་བྱེད་མཁན་ཞིག་ཡིན་ཚེ་བྲག་ཁང་སྣ་ཁར་ཉམས་ཞིབ་མི་བྱེད་རང་བྱེད་ཡིན།

 སྔོ་རྒྱ་འགག་ཆུ་གློག་ས་ཚིགས་འཛུགས་སྐྲུན་བྱེད་སྐབས། བོད་བྱ་ཚང་དང་བྲག་ཁང་སྣ་ཁའི་ནུབ་ཕྱོགས་ཀྱི་རི་བོ་ལས་བྱེ་མ་སྔོག་འདོན་བྱ་རྒྱུར་གཏན་འཁེལ་བྱས་པས། སྲིད་གཞུང་གིས་བྱེ་མ་སྔོག་འདོན་མ་བྱས་པའི་སྔོན་དུ་གནས་དེར་ཡོད་པའི་གནའ་ཤུལ་དེ་དག་མྱུར་སྐྱོབ་རང་བཞིན་གྱི་སྔོག་འདོན་བྱ་དགོས་པའི་བཀའ་ཕབ་སྟེ། ༡༩༩༡ལོའི་ཟླ༣པ་ནས༡༩༩༢ལོའི་ཟླ༦པའི་བར་གནའ་ཤུལ་དེ་དག་མྱུར་སྐྱོབ་རང་བཞིན་གྱིས་སྔོག་འདོན་བྱས། གནའ་ཤུལ་དེར་གནའ་བོའི་བང་སོ་དང་གནའ་བོའི་མི་འཚོ་སྡོད་བྱེད་སའི་གནའ་ཤུལ་གྱི་སྡོད་ཁང་མང་པོ་ཞིག་རྙེད་པ་དང་། གནའ་བོའི་མི་འཚོ་འཚོ་སྡོད་བྱེད་སའི་སྡོད་ཁང་དུ་ཐབ་ཀ་ཡོད་པར་མ་ཟད། ཁང་བའི་མཐིལ་དུ་རྡོ་ཐལ་དཀར་པོས་སྙོམས་པོར་བཟོས་ཤིང་། གྱང་ངོས་སུ་ཡང་རྡོ་ཐལ་དཀར་པོ་དབྱིས་ཡོད་པས། གནའ་རྫས་བརྟག་དཔྱད་པས་གནའ་བོའི་སྡོད་ཁང་དེ་དག་ལ་ཙག་འགོག་བརླན་སྲུང་གི་ནུས་པ་ལྡན་ཞིང་སྐབས་དེའི་ཤེས་རིག་དར་བའི་ཆུ་ཚད་ལ་བལྟས་ཏེ་བཤད་ན་སྡོད་ཁང་དེ་དག་ནི་དཔལ་ཡོན་དར་བའི་མཚོན་རྟགས་ཤིག་ཡིན་ཟེར། ཡུལ་འདིའི་གནའ་ཤུལ་དུ་རྫ་དམར་དང་རི་མོ་ཅན་གྱི་རྫ་དམར། རྫ་ནག་སོགས་རིག་དངོས་མང་པོ་ཞིག་རྙེད་པ་དང་། གནའ་རྫས་དེ་དག་གིས་ང་ཚོ་ལ་ཡུལ་འདིར་ཤེས་རིག་དར་བའི་གསང་བརྡ་དེ་བསྟན་བྱུང་ལ། གནའ་ཤུལ་དེ་དག་གིས་ང་ཚོ་ལ་གཉུག་གནས་གཞིས་འཛིན་པར་ཞིབ་འཇུག་བྱ་བྱེད་ཀྱི་རྒྱུ་ཆ་ཞིག་ཀྱང་མཁོ་སྤྲོད་བྱས་བྱུང་།


དད་པའི་སྟོབས་ཀྱིས་བཞེངས་པའི་རྨ་དར།


 གཅན་ཚ་རྫོང་མཁར་ནས་བྱང་ཕྱོགས་སུ་སྤྱི་ལེ་སུམ་ཅུ་ཙམ་གྱི་སར་བྲག་ཁང་སྣ་ཁ་སྡེ་བ་ཡོད། ཡུལ་འདིའི་གདོད་མའི་མིང་ལ་རྨ་དར་གོང་ཁ་ཞེས་འབོད་པར་གྲགས་མོད། ད་ལྟ་བྲག་ཁང་སྣ་ཁ་ཞེས་འབོད་ཅིང་རྨ་དར་གོང་ཁ་ཞེས་པའི་མིང་འདི་བྲག་ཁང་སྣ་ཁའི་གནས་བྱེ་བྲག་པ་ཞིག་གི་མིང་དུ་གྱུར་ཡོད། བྲག་ཁང་སྣ་ཁ་ཞེས་པ་ནི་རྨ་དར་གོང་ཁ་ཡི་རྨ་ཆུའི་འགྲམ་ངོགས་ཀྱི་བྲག་ངོས་སུ་མཚམས་པ་སྡོད་སའི་བྲག་ཁུང་གཉན་པོ་ཁང་བཟང་གི་མཚན་ཉིད་ཚང་བ་ཞིག་ཡོད་པ་དེ་ལ་བརྟེན་ནས་བྲག་ཁུང་སྣ་ཁའམ་བྲག་ཁང་སྣ་ཁ་ཞེས་ཐོགས་པར་བཤད། ལོ་རྒྱུས་ཀྱི་འཕེལ་འགྱུར་དང་བསྟུན་ནས་ས་མིང་དང་ཡུལ་མིང་ལའང་འགྱུར་ལྡོག་འབྱུང་བཞིན་ཡོད་པས། སྐབས་ལ་ལར་ཡུལ་སྤྱིའི་མིང་དེ་ཡུལ་བྱེ་བྲག་གི་མིང་དུ་འགྱུར་བ་ཡོད་ལ། མཚམས་ལ་ལར་ཡུལ་བྱེ་བྲག་གི་མིང་དེ་ཡུལ་ཁམས་སྤྱིའི་མིང་དུ་ཐོགས་པའི་སྐབས་ཀྱང་ཡོད། བྲག་ཁང་སྣ་ཁ་དང་རྨ་དར་གོང་ཁ་ཞེས་པའི་མིང་འདི་གཉིས་ལས་སྤྱི་བྱེ་བྲག་ཇི་ལྟར་ཡིན་ཚུལ་བཤད་དཀའ་མོད། ས་མིང་འདི་གཉིས་ནི་གནའ་ནས་བཟུང་ཡོད་པའི་ས་མིང་གཉིས་ཡིན་པར་ཁ་ཚོན་བཅད་ཆོག ཆོས་རྗེ་དོན་གྲུབ་རིན་ཆེན་བྲག་བྱ་ཁྱུང་དུ་ཕེབས་སྐབས་ཡུལ་འདིའི་གྲོང་ཚོའི་མིང་ལ་དར་ཞེས་འབོད་པ་དང་། སྤྱང་ལུང་དཔལ་ཆེན་ནམ་མཁའ་འཇིགས་མེད་དང་དགུ་རོང་སྐུ་ཕྲེང་སྔ་ཕྱིའི་སྐུ་རིང་ལ། བྲག་ཁང་སྣ་ཁ་རྟེན་གཞི་བྱས་ནས་ཆོས་ཀྱི་སྡེ་ཞིག་ཆགས་པའི་མགོ་བརྩམས་པ་དང་། བྲག་ཁང་སྣ་ཁ་ཞེས་པའི་མིང་འདི་གནའ་ནས་བཟུང་ཡོད་ནའང་། དུས་སྐབས་དེར་རྒྱུགས་ཆེ་བ་ནི་མ་དཱ་གོང་ཁ་ཞེས་པའི་མིང་འདི་ཡིན་པར་ངེས་ཏེ། སྐབས་དེའི་སྐྱེས་ཆེན་དག་གི་རྣམ་ཐར་ལས་མ་དཱའི་བླ་བྲང་ཆེ་ཆུང་དང་། མ་དཱའི་སྒར་ཁ། མ་དཱའི་སྐྱེད་ཚལ་སོགས་མ་དཱ་དང་འབྲེལ་བའི་མིང་འདི་ཡང་ཡང་མཐོང་ཐུབ། ས་མིང་ནི་ལོ་རྒྱུས་ཀྱི་བསྡུས་གཟུགས་ཤིག་ཡིན་པས། འོལ་ཚོད་ཀྱིས་བསྒྱུར་བཅོས་བྱ་མི་རུང་ལ། སྙིང་ཁམས་བསྐྱེད་ནས་གསར་འདོགས་ཀྱང་བྱེད་མི་རུང་བས། ས་མིང་ལ་བརྟག་དཔྱད་གཏོང་བའི་སྐབས་སུ་ལྟ་བ་གཟབ་ནན་དང་རིགས་པ་ཞིབ་མོར་གཏོང་རྒྱུ་ནི་ཤིན་ཏུ་གལ་ཆེ་བ་ཡིན།

 རྨ་དར་གོང་ཁ་ཞེས་པའི་མིང་དེ་ཇི་ལྟར་ཐོགས་ཚུལ་ལ་ངག་རྒྱུན་མཚར་ལ་རིང་བ་ཞིག་ཡོད། «མདོ་སྨད་ཆོས་འབྱུང»དུ་བཀོད་པའི་ངག་རྒྱུན་དང་ང་ཚོའི་ཕ་ཡུལ་ནས་བཤད་པའི་ངག་རྒྱུན་དེ་གཉིས་རྩ་བའི་ཆ་ནས་འདྲ་ནའང་། ཞིབ་ཕྲའི་ཆ་ནས་བརྟགས་ན་མི་འདྲ། གཅན་ཚའི་ཡུལ་དུ་བཤད་པའི་ངག་རྒྱུན་འདི་ལས་ཆོས་རྗེ་ལ་གསོལ་ཇ་དྲངས་མཁན་དེ་ཁོང་གི་ཉེ་ཚན་ཞིག་ཡིན་པའི་ཟུར་ཅི་ཡང་མེད་དེ། ཡུལ་མིའི་ངག་རྒྱུན་དུ་ཆོས་རྗེ་དོ་རིན་པོ་ཆེས་བྱ་ཁྱུང་དགོན་པའི་གནས་གཞི་འཚོལ་སྐབས། བོད་བྱ་ཚང་དུ་བུད་མེད་ཅིག་གི་སར་གསོལ་ཇ་བསླངས་པ་ན། བུད་མེད་དེས་གསོལ་ཇ་དྲངས་ཆོག་མོད། ཡུར་ལས་ཀྱིས་མནར་བས་དྲངས་ཁོམ་མི་འདུག་ཅེས་བཤད་པར། ཆོས་རྗེ་དོ་རིན་པོ་ཆེས་ཡུག་ལྡུམ་ལ་ཁོར་ཐབས་བཀོད་ཡོད་ཅེས་བཤད་པས། བུད་མེད་དེས་ཁོང་ལ་གསོལ་ཇ་དྲངས། གསོལ་ཇ་བཞེས་རྗེས་ཆོས་རྗེ་ཡིས་ཡུལ་དེའི་ཡུར་མནན་མཛད་པ་དང་མཆོད་རྟེན་བཞེངས་པས་ཕྱིས་སུ་ཡུལ་དེར་ཡུག་ལྡུམ་ཆད་པར་གྲགས། ཆོས་རྗེས་ཡུལ་དེར་གསོལ་ཇ་བཞེས་སྐབས་བཞུགས་གདན་དུ་རྭ་ཕྱར་ཞིག་བཏིང་བ་དེ་བྱ་ཁྱུང་གསེར་གདུང་གི་ནང་རྟེན་དུ་ཡོད་པ་དང་། ཆོས་རྗེ་ལ་ཇ་སྐོལ་བྱེད་ཀྱི་ཁོག་མ་དེ་བོད་བྱ་ཚང་གི་མཆོད་རྟེན་གྱི་གཟུངས་གཞུག་ཏུ་ཡོད་ཟེར།

 གསོལ་ཇ་བཞེས་རྗེས་ཆོས་རྗེ་དོ་རིན་པོ་ཆེས་ཉེ་གནས་རྨ་ཆུར་རྨ་དར་ཆགས་ཡོད་མེད་ལ་ལྟ་རུ་མངགས། ཉེ་གནས་ཀྱི་སེམས་སུ་དབྱར་དྲུག་པའི་ནང་ལ་རྨ་དར་ཞིག་ཇི་ལྟར་ཆགས་སྙམ་ནས་ལྟ་རུ་འགྲོ་ཁུལ་བྱས་ཏེ་ཕྱིར་ཡོང་ནས་རྨ་དར་ཆགས་མི་འདུག་ཅེས་ཞུས། དེ་ལྟར་ཉེ་གནས་ཐེངས་གསུམ་ལ་རྨ་ཆུར་རྨ་དར་ཆགས་ཡོད་མེད་ལ་ལྟ་རུ་མངགས། ཐེངས་རྗེས་མར་ཡང་ཉེ་གནས་ལྟ་རུ་འགྲོ་ཁུལ་བྱས་ཏེ་མ་བལྟས་བཞིན་དུ་རྨ་དར་ཆགས་འདུག་ཅེས་ཞུས་པས། ཆོས་རྗེ་དོ་རིན་པོ་ཆེས། ད་འགྲིག་འདུག་ངེད་གཉིས་འགྲོ་ཞེས་ཉེ་གནས་དང་ཁོང་རྣམ་པ་གཉིས་ལམ་ལ་ཆས་ཏེ། རྨ་དར་གོང་ཁར་སླེབས་པ་ན་རྨ་ཆུ་ལ་རྨ་དར་སྐ་རགས་འདྲ་ཞིག་ཆགས་ཡོད་པས་ཉེ་གནས་ཧ་ལས་ཤིང་། ཆོས་རྗེ་དང་ཉེ་གནས། ཁྱི་རྒན་གསུམ་རྨ་དར་དེ་ལ་བརྟེན་ནས་རྨ་ཆུར་བདེ་བླག་ངང་བརྒལ། ཉེ་གནས་ཀྱིས་རྨ་ཆུའི་ཕར་འགྲམ་ནས་ལྐོག་ཏུ་ཕྱིར་མིག་ཅིག་བལྟས་པ་ན། རྨ་དར་དེ་དམ་ཅན་ཆོས་རྒྱལ་གྱིས་རྭ་མགོར་དཀྲིས་བཞིན་ཡོང་བ་མཐོང་ཟེར། ཆོས་སྐྱོང་གི་རྫུ་འཕྲུལ་དང་བླ་མའི་ནུས་མཐུ་ཡིས་རྨ་ཆུ་ལ་རྨ་དར་ཆགས་པ་ཆོས་རྗེ་དོན་གྲུབ་རིན་ཆེན་མ་ཟད་ད་དུང་སྐྱེས་ཆེན་དམ་པ་མང་པོའི་རྣམ་ཐར་དུའང་མཐོང་རྒྱུ་ཡོད་དེ། སྤྱང་ལུང་དཔལ་ཆེན་ནམ་མཁའ་འཇིགས་མེད་དང་གཡེར་གཤོང་ངག་གི་དབང་ཕྱུག་འཇམ་དབྱངས་བློ་གྲོས་ཀྱི་རྣམ་ཐར་སོགས་ལས་ཀྱང་རྨ་དར་ཆགས་མེད་པ་ལ། གློ་བུར་རྨ་དར་ཆགས་པའི་ལོ་རྒྱུས་ཡོད། འཇིག་རྟེན་ཆོས་ཉིད་ལས་འདས་པའི་ལྷ་ཡི་རྨ་དར་འདི་དག ཚུར་མཐོང་སོ་སོ་སྐྱེ་བོའི་བློ་ཡི་ཁབ་མིག་ལ་ཤོང་དཀའ་ནའང་། འཁོར་འདས་བློ་ན་རྫོགས་པའི་དམ་པ་དག་གི་བློ་ངོགས་ན་སྣང་ཡང་སྟོང་བར་གྲུབ་ཡོད་ལ་སྟོང་ཡང་སྣང་བར་གྲུབ་ཡོད། དབྱར་ཟླ་དྲུག་པར་རྨ་ཆུ་ལ་རྨ་དར་ཆགས་པའི་རྒྱུ་མཚན་གྱིས་ས་ཆ་འདིའི་མིང་ལ་རྨ་དར་གོང་ཁ་ཞེས་ཐོགས་པར་བཤད་ལ། ཕྱིས་སུ་རྨ་དར་གོང་ཁ་ཞེས་པ་སྒྲའི་ཟུར་ཆག་ནས་ད་ལྟ་མི་རྣམས་ཀྱིས་ས་དེའི་མིང་ལ་མ་དཱ་གོང་ཁ་ཞེས་འབོད།

 བྲག་ཁང་སྣ་ཁར་ཐོག་མའི་དུས་སུ་མ་དཱའི་བླ་བྲང་ཆེ་ཆུང་དག་དང་སྔགས་ཁང་ལས་སྡེ་བ་མེད་པར་འདོད་མཁན་ཡོད་མོད། ཡིན་ནའང«མདོ་སྨད་ཆོས་འབྱུང»ལས“རྫུ་འཕྲུལ་གྱིས་ཟླ་བ་དྲུག་པར་རྨ་ཆུ་ལ་དར་ལམ་སྣམ་བུ་བསྐྱངས་པ་འདྲ་བ་སྤྲུལ་ཏེ་ཕེབས་པའི་གྲོང་མིང་ལ་དར་དང”ཞེས་པ་ལས་ཡུལ་འདིར་གནའ་ནས་བཟུང་མིང་ལ་དར་ཞེས་པའི་གྲོང་ཚོ་ཞིག་ཡོད་པ་དང་། དེ་ནི་བྲག་ཁང་སྣ་ཁ་སྡེ་བའི་ཐོག་མའི་གཞི་འཛིན་ཡིན་དགོས་ལ། དེ་ནི་བྲག་ཁང་སྣ་ཁ་སྡེ་བའི་རྨ་དར་གོང་བ་ཚོ་བ་ཡིན་པར་འདོད་མཁན་ཡང་ཡོད། ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས་རྨ་དར་གོང་ཁ་ན་ཕྱག་ཚྭ་འདེབས་རྒྱུའི་ས་སྤྱིན་བཟང་པོ་ཞིག་ཡོད་པ་མཐོང་ནས་དེར་རབ་གནས་མཛད་པས། ད་ལྟ་ཡུལ་ཕྱོགས་དེ་ནས་ས་འབུམ་དང་ས་ཚྭ་སོགས་རྒྱག་དུས་གནས་དེ་ནས་ས་དམར་བླངས་ཏེ་སྐུ་དཔར་བ་དང་ས་ཚྭ་རྒྱག་པའི་སྲོལ་ཡོད། གནའ་རྫས་རྟོག་དཔྱོད་པས་བྲག་ཁང་སྣ་ཁར་རྙེད་པའི་གནའ་ཤུལ་ཁྲོད་ཀྱི་སྡོད་ཁང་ནང་གི་ཐབ་ཀ་ལ་ལ་ཡང་ས་དམར་གྱིས་བཟོས་པའི་ཐབ་ཀ་ཡིན་པར་བཤད་ལ། འདི་ལ་གཞིགས་ན་ས་དམར་ནི་གནའ་ནས་ད་ལྟའི་བར་དུ་ཡུལ་འདིའི་བཟོ་སྐྲུན་གྱི་རྒྱུ་ཆ་གཙོ་བོ་ཞིག་ཡིན་པའང་ཤེས་ཐུབ།

 བྲག་ཁང་སྣ་ཁ་སྡེ་བ་དེ་རྨ་ཆུ་ཁར་བྱང་ནས་ལྷོ་རུ་ནར་མོའི་དབྱིབས་སུ་ཆགས་ཡོད་པ་དང་། རྨ་དར་གོང་ཁ་ནི་བྲག་ཁང་སྣ་ཁ་སྡེ་བའི་ཤར་ཕྱོགས་ཀྱི་རྨ་ཆུའི་ཁ་རུ་ཡོད། མི་ལོ་བདུན་བརྒྱ་ཙམ་གྱི་གོང་དུ་ཆོས་རྗེ་དོན་གྲུབ་རིན་ཆེན་རྨ་ཆུར་བརྒལ་སྐབས་གནས་དེར་ཏོག་ཙམ་བཞུགས་པ་དང་། གནས་དེར་ད་ལྟ་རྡེའུ་འབུམ་ཆེ་ཆུང་གསུམ་དང་འབུམ་ཁང་ཞིག མཆོད་རྟེན་ཞིག་བཅས་བཞེངས་འདུག་ལ། བཤད་རྒྱུན་ལ་རྡེའུ་འབུམ་ཆེ་བ་དེ་ནི་ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་བཞུགས་ཤུལ་ཡིན་པ་དང་། འབྲིང་བ་དེ་ནི་ཉེ་གནས་ཀྱི་བཞུགས་ཤུལ། ཆུང་བ་དེ་ནི་ཁྱི་རྒན་བསྡད་ཤུལ་ཡིན་པར་བཤད། རྡེའུ་འབུམ་གྱི་སྒྲིག་རིམ་ལ་བལྟས་ན་ཆོས་རྗེ་དོན་གྲུབ་རིན་ཆེན་གནས་དེར་བཞུགས་ཏེ་ཁ་བྱ་ཁྱུང་ལ་གཏད་ནས་སྨོན་ལམ་ཞིག་གསུངས་པ་མིན་ནམ་སྙམ། རྡེའུ་འབུམ་དང་མཆོད་རྟེན་གྱི་གམ་དུ་ས་འབུར་ཞིག་ཡོད་པ་དང་། ས་འབུར་དེ་ནི་བལྟས་མ་ཐག་གནའ་བོའི་ས་འབུམ་ཞིག་ཡིན་པ་རྟོགས་ཐུབ་ཅིང་། ས་འབུམ་དེ་ནི་གནའ་མི་ཚོས་རྨ་དར་ཆགས་སའི་གནས་དེ་མི་བརྗེད་པར་རྒྱས་བཏབ་པའི་རྟགས་མཚན་ཞིག་ཀྱང་ཡིན་ངེས། འབྲི་ཆུ་དང་རྨ་ཆུའི་རབ་ཁ་མང་པོ་ཞིག་ཏུ་ཡང་རྒྱུ་འགྲུལ་པས་བརྩིགས་པའི་རྡེའུ་འབུམ་མཐོང་རྒྱུ་ཡོད་ལ། རྡེའུ་འབུམ་དེ་དག་གིས་རྒྱུ་འགྲུལ་པའི་ལམ་གྱི་འཇིགས་པ་སེལ་ཞིང་ཡིད་ཀྱི་འདོད་དོན་འགྲུབ་པའི་རེ་སྨོན་དེ་ཡང་མཚོན་བཞིན་ཡོད། ནམ་ཟླ་དགུན་ལ་སླེབས་སྐབས་གནས་འདིར་རྨ་དར་ཆགས་སྔ་བར་བཤད་ལ། དེ་ལྟར་ན་གནས་འདི་ནི་རྨ་ཆུའི་དར་ལམ་ཆགས་སྔ་བའི་ཡུལ་ཞིག་ཡིན་པ་དང་། རྨ་དར་ཞེས་པའང་རྨ་ཆུའི་དར་ལམ་དང་འབྲེལ་བ་མེད་དམ་སྙམ་པའི་རྨོངས་འཆར་ཞིག་ཀྱང་ངའི་ཡིད་ལ་དབང་མེད་དུ་འཁོར་བྱུང་། ཡུལ་འདིའི་སྤྱིའི་ས་བབ་ལ་བལྟས་ན་རྨ་ཆུའི་བཞུར་རྒྱུན་དལ་ཞིང་ས་བབ་ཁོད་ཡངས་པས་གཙང་པོའི་རབ་ཁ་དང་འཚམས་ལ། «གཅན་ཚའི་དེབ་ཐེར»ལས་གཅན་ཚའི་ཡུལ་གྱི་ཡུལ་རྨ་ཆུའི་རབ་ཁ་བདུན་ངོ་སྤྲོད་བྱས་པའི་ནང་གི་རྨ་ཆུའི་རབ་ཁ་གཅིག་བྲག་ཁང་སྣ་ཁར་ཡོད་པ་དང་། ལོ་རྒྱུས་ཀྱི་ཤུལ་རྗེས་དང་ཡུལ་འདིའི་ས་བབ་དང་འབྲེལ་ཏེ་བརྟགས་ན་ང་ཚོས་ལོ་རྒྱུས་ཀྱི་བདེན་པ་དེ་དངོས་སུ་མཐོང་ཐུབ།

 ཆོས་རྗེ་དོན་གྲུབ་རིན་ཆེན་རྨ་ཆུར་འཕྲུལ་གྱིས་བརྒལ་ནས་བྲག་བྱ་ཁྱུང་དུ་ཕེབས་པའི་ངག་རྒྱུན་དེ་གནས་འདིར་སྒང་པ་བོད་ལ་བཞག་པ་ཡིན་མོད། འོན་ཀྱང་ད་ལྟ་གདོད་མའི་ངག་རྒྱུན་དེ་བཤད་མཁན་དང་གླེང་མཁན་ཇེ་ཉུང་ཡིན་ལ། ངག་རྒྱུན་འདི་ལ་ངག་རྒྱུན་ལས་འདས་ཏེ་བསམ་གཞིག་དང་ཞིབ་འཇུག་བྱེད་མཁན་ནི་དེ་བས་ཀྱང་ཤིན་ཏུ་ཉུང་། ཞིབ་ཏུ་བསམས་ན་སྐྱེས་བུ་དམ་པའི་ཞབས་རྗེས་ནི་དོན་གྱིས་རིག་གནས་དར་བའི་ལོ་རྒྱུས་ཡིན་ལ། སྐྱེས་བུ་དམ་པ་ཞིག་གི་ཞབས་རྗེས་འཚོལ་བ་ནི་དོན་གྱིས་མི་རིགས་ཤིག་གི་ལོ་རྒྱུས་བཙལ་བ་ཡང་ཡིན། གལ་ཏེ་ང་ཚོས་ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་ཞབས་རྗེས་གསལ་བོར་འཚོལ་ཐུབ་ཚེ། རྩོད་གཞིར་གྱུར་བའི་ལོ་རྒྱུས་ཀྱི་རྙོག་དྲ་མང་པོ་ཞིག་སེལ་ཐུབ་ཀྱང་སྲིད་མོད། འོན་ཀྱང་དེས་དུངས་ཞེན་ཅན་གྱིས་བདེན་པར་བཟུང་བ་དེ་རྫུན་དུ་མི་བསྒྱུར་བའི་ངེས་པ་མེད་ལ། མཁྲེགས་འཛིན་ཅན་གྱིས་རྫུན་དུ་འཆད་པ་དེ་བདེན་པར་མི་འགྱུར་བའི་ངེས་པའང་མེད།

 ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་འཁྲུངས་ཡུལ་དེ་གསེར་ཁང་པས་ཅོ་ནེ་ཡིན་པར་བཞེད་ལ། ཆུ་བཟང་གིས་རེབ་གོང་ཡིན་པར་གསུངས་པ་དང་། མི་ཉག་རིན་པོ་ཆེས་སྣང་ར་ཡིན་པར་བརྗོད་པས། ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་འཁྲུངས་ཡུལ་གང་ཡིན་ད་བར་དུ་གསལ་ཁ་ཆོད་མེད་ལ། སྟོབས་ཀྱི་ཆེ་ཆུང་དང་ཁ་ཡི་སྔ་གཞུག་བརྩད་ནས་གླེང་བ་ཙམ་གྱིས་ལོ་རྒྱུས་ཀྱི་བདེན་པ་རྙེད་ཐུབ་པའི་ངེས་པའང་མེད། གལ་ཏེ་ཆོས་རྗེ་རེབ་གོང་དང་ཡང་ན་གཅན་ཚ་ཡི་ཡིན་པ་དེ་བདེན་པའི་དབང་དུ་བཏང་ཚེ། དེ་འདྲའི་སྐྱེས་ཆེན་དམ་པ་ཞིག་རང་སའི་ལུང་བ་ཕུ་རུང་འདྲ་བ་འདི་གཉིས་ལའང་ཆ་རྒྱུས་མེད་པ་ནི་ངོ་མཚར་དགོས་པ་ཞིག་མ་ཡིན་ནམ། ཇུ་ནང་གིས་མཛད་པའི«བྱ་ཁྱུང་གི་གདན་རབས»དང་ཆུ་བཟང་གིས་མཛད་པའི«བྱ་ཁྱུང་གདན་རབས» «མདོ་སྨད་ཆོས་འབྱུང»སོགས་སུ་ཆོས་རྗེ་དོན་གྲུབ་རིན་ཆེན་ལ་བོད་བྱ་ཚང་དུ་གསོལ་ཇ་དྲངས་མཁན་དེ་ནི་ཉེ་ཚན་བུད་ཅིག་ཡིན་པར་བཤད་ཡོད་ནའང་། ང་ཚོའི་ཕ་ཡུལ་དུ་དར་བའི་ངག་རྒྱུན་ལས་བུད་མེད་དེ་ནི་ཆོས་རྗེ་དོ་རིན་པོ་ཆེའི་ཉེ་ཚན་ཞིག་མིན་ཏེ། དེ་ནི་བུད་དེས་ཆོས་རྗེ་ལ་བཤད་པའི་སྐད་ཆ་ལས་ཀྱང་ཤེས་ཐུབ།

 གནའ་དུས་སུ་རྨ་དར་གོང་ཁ་ནི་གཅན་ཚ་ཉིན་སྲིབ་བར་གྱི་རྨ་ཆུའི་རབ་ཁ་ཞིག་ཡིན། མཁས་པ་མི་གསུམ་རྨ་དར་གོང་བ་བརྒྱུད་ནས་ཏན་ཏིག་དབེན་པའི་གནས་སུ་ཕེབས་མྱོང་ལ། ལྷ་ལུང་དཔལ་རྡོར་རྨ་དར་གོང་བ་བརྒྱུད་ནས་སྟོང་རུ་མཚོ་ནག་ཏུ་བཞུད་མྱོང་། ས་སྐྱ་པཎ་ཆེན་རྨ་དར་གོང་བ་བརྒྱུད་ནས་ལོ་རྡོ་རྗེ་བྲག་ཏུ་ཕེབས་མྱོང་ལ། ཀོའུ་བ་གཞོན་ནུ་བྱང་ཆུབ་འོད་རྨ་དར་གོང་བ་བརྒྱུད་ནས་སེངྒེ་རི་ཁྲོད་དུ་ཕེབས་མྱོང་།

 དེང་སྐབས་གཞུང་ལམ་གསར་དུ་བཟོས་པས་གནའ་བོའི་རྐང་ལམ་ཕྲ་མོ་དེ་ད་ལྟའི་རྗེས་རབས་པ་རྣམས་ལ་རིམ་བཞིན་ཆ་མེད་རྒྱུས་མེད་དུ་གྱུར་དང་འགྱུར་བཞིན་ཡོད་ལ། གནའ་བོའི་རྐང་ལམ་སྟེང་གི་ངག་རྒྱུན་མང་པོ་ཞིག་ཀྱང་རྗེས་རབས་པ་དག་གི་ཐོས་འཛིན་དང་རིང་ནས་རིང་དུ་གྱེས་བཞིན་ཡོད། གནའ་བོའི་རྐང་ལམ་ཞིག་རྒྱུས་མེད་དུ་གྱུར་བ་དང་། མེས་པོའི་ངག་རྒྱུན་ཞིག་ཤེས་མེད་དུ་ལུས་པ་ནི་རྐང་ལམ་ཞིག་དང་ངག་རྒྱུན་ཞིག་བརྗེད་པ་ཁོ་ན་ཙམ་ཞིག་མ་ཡིན་པར། དེ་ནི་ལོ་རྒྱུས་ཤིག་བརྗེད་པ་ཡིན་ལ། རིག་གནས་ཤིག་བརྗེད་པ་ཡང་ཡིན་ནོ། །


མཁའ་འགྲོའི་བྲོ་ར་གསང་ཆེན་རྡོ་རྗེ་གླིང་།


 གཅན་ཚ་ཉིན་ལྟའི་བྱ་ཁྱུང་བྲག་གི་འདབས་རོལ་དང་། ཉིན་སྲིབ་བར་གྱི་གསེར་ལྡན་ཆུ་བོའི་ཁུག་སོ་ན། ཉམས་དགའ་བའི་བྲག་ཕུག་ངོ་མཚར་བ་ཞིག་ཡོད། བྲག་ཕུག་དེར་བདུད་བཙན་ཀླུ་གསུམ་སོགས་མཁའ་འགྲོ་ཆོས་སྐྱོང་སྤྲིན་བཞིན་འཐིབས་པས། གནས་ཀྱི་བྱིན་རླབས་འཇུག་ཕྱིར་དམ་པ་མང་པོ་ཞིག་ཡུལ་འདིར་ཆེད་དུ་ཕེབས་ནས་སྒྲུབ་པ་ཉམས་ལེན་བྱས་མྱོང་བ་དང་། སྤྱང་ལུང་དཔལ་ཆེན་ནམ་མཁའ་འཇིགས་མེད་དང་དགུ་རོང་སྣ་ཚོགས་རང་གྲོལ་གཉིས་ཀྱིས་ཀྱང་གནས་འདིར་བཀའ་གཏེར་ཆུ་བོ་ཉིས་འདྲེས་ཀྱི་བསྟན་པའི་ཆར་ཆེན་ཕབ་མྱོང་བར་མ་ཟད། སྐྱབས་མགོན་ཞབས་དཀར་པ་དང་། རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ། གཏེར་སྟོན་བསོད་རྒྱལ། དིལ་མགོན་མཁྱེན་བརྩེ། བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ། མཁན་ཆེན་པདྨ་ཚེ་དབང་། རྫོགས་ཆེན་པདྨ་སྐལ་བཟང་སོགས་ཀྱིས་གནས་འདིར་རྒྱུད་ཐམས་ཅད་ཀྱི་རྒྱལ་པོ། ལུང་ཐམས་ཅད་ཀྱི་སྤྱི་མདོ། མན་ངག་ཀུན་འདུས་ཀྱི་རྩ་བའི་དབང་ལུང་ཁྲིད་གསུམ་གྱི་ཆོས་འཁོར་ཡང་བསྐོར་མྱོང་བས། གནས་འདི་ནི་དཔའ་བོ་མཁའ་འགྲོ་འདུ་བའི་བྲོ་ར་ཞིག་དང་། གསང་ཆེན་བསྟན་པའི་སྲོག་གི་རྟེན་ཕུར་ཞིག་ཏུ་གྱུར་ཡོད། གནས་འདིར་ཡོད་པའི་དགུ་རོང་དགོན་ནམ་གསང་ཆེན་སྔ་འགྱུར་རྡོ་རྗེ་གླིང་ནི་བསྟན་པ་ཡང་དར་གྱི་སྐབས་སུ་བཏབ་པའི་དགོན་པ་ཞིག་ཡིན་པར་འདོད་མཁན་ཡང་ཡོད་མོད། ཞབས་དཀར་པས་མཛད་པའི«སྤྱང་ལུང་དཔལ་ཆེན་ནམ་མཁའ་འཇིགས་མེད་ཀྱི་རྣམ་ཐར»ལས། “བོད་བྱ་ཚང་དུ་ཕེབས། བྱ་ཚང་གི་བྲག་ཁང་ལ་ཁ་བྱ་བར་སྔགས་ཁང་དང་མཚམས་ཁང་མང་པོ་གསར་རྒྱག་བྱེད་དུ་བཅུག དབང་ལུང་ཁྲིད་གསུམ་མང་པོ་གནང”ཞེས་པ་ལས་ཡུལ་འདིར་སྤྱང་ལུང་དཔལ་ཆེན་ནམ་མཁའ་འཇིགས་མེད་ཀྱི་རིང་ནས་སྔགས་ཁང་དང་མཚམས་ཁང་ཡོད་པ་ཤེས་ཐུབ་ཅིང་། སྤྱི་ལོ༡༩༣༡ལོར་དགུ་རོང་ཨོ་རྒྱན་འཇིགས་བྲལ་ཆོས་དབྱིངས་རྡོ་རྗེས་ཁོང་གི་བུ་སློབ་རྣམས་ལ་མ་དཱའི་གཙུག་ལག་ཁང་དུ་དབང་ལུང་ཁྲིད་གསུམ་གནང་བའང་ཁོང་གི་རྣམ་ཐར་དུ་གསལ། གཞན«ཀན་སུའུ་དང་མཚོ་སྔོན་གྱི་ནང་བསྟན་དགོན་པའི་ལོ་རྒྱུས»ལས་ཀྱང་དགོན་པ་འདིར་ང་བརྒྱད་ཡར་སྔོན་དུ་འདུ་ཁང་གཅིག་དང་ལྷ་ཁང་གཅིག་སོགས་ཡོད་ཅེས་འཁོད་ཡོད་པས། དགོན་པ་འདི་ནི་གནས་རྙིང་གྲགས་པ་ཅན་ཞིག་དང་གོས་རྙིང་ལྷན་པ་ཅན་ཞིག་ཡིན་པར་དོགས་པ་ཟ་མི་དགོས་མོད། འོན་ཀྱང་དགོན་པའི་མིང་གི་འཕེལ་འགྱུར་ལ་བརྟག་དཔྱད་དང་ཉམས་ཞིབ་བྱེད་རྒྱུ་ཡོད། གནས་འདིར་ཡོད་པའི་མདོ་སྨད་ཀྱི་བསྟན་པའི་སྤྱི་བདག་དགུ་རོང་ཧོ་ཐོག་ཐུའི་བླ་བྲང་དང་སྔགས་ཁང་གཉིས་ནི་གཅན་ཚ་སྲིབ་ལྟར་ལྷག་ལུས་བྱུང་བའི་བཅིངས་འགྲོལ་སྔོན་གྱི་བླ་བྲང་དང་འདུ་ཁང་གཅིག་པུ་དེ་ཡིན་ལ། སྔགས་ཁང་འདི་དང་དགུ་རོང་བླ་བྲང་ནི་དགུ་རོང་ཧོ་ཐོག་ཐུ་ཨོ་རྒྱན་འཇིགས་བྲལ་ཆོས་དབྱིངས་རྡོ་རྗེའི་སྐུ་རིང་ལ་བསྐྱར་བཞེངས་བྱས་པ་ཡིན་པས། དགུ་རོང་བླ་བྲང་རྩ་གསུམ་ཕོ་བྲང་དང་འདུ་ཁང་དཔལ་རིའི་ཕོ་བྲང་གཉིས་ལ་ད་ལྟའི་བར་དུ་མི་ལོ་བརྒྱ་ལྷག་གི་ལོ་རྒྱུས་ལྡན། འདུ་ཁང་ངམ་སྔགས་ཁང་གི་རྒྱབ་ཕྱོགས་སུ་ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་ཕྱག་ཚྭ་ཡི་འབུམ་ཁང་ཡོད་ལ། ད་ལྟ་དེའི་ཤུལ་དུ་བྱང་ཆུབ་མཆོད་རྟེན་ཞིག་བཞེངས་ཡོད་པ་དང་། ཡུལ་མི་དག་གིས་དེའི་མིང་ལ་མཆོད་རྟེན་སྐྱ་ལྡང་ཟེར། དགུ་རོང་ཨོ་རྒྱན་འཇིགས་བྲལ་ཆོས་དབྱིངས་རྡོ་རྗེ་སྐུ་གཤེགས་རྗེས་དགུ་རོང་ཚང་གི་བསྟན་སྲིད་ཀྱི་ཕྱག་ལས་མཐའ་དག་མི་ཕམ་མཆོག་སྤྲུལ་དགུ་རོང་རྒྱལ་སྲས་ཀྱི་ཕྲག་ཏུ་བབས་ཤིང་། དགུ་རོང་ཨོ་རྒྱན་འཇིགས་བྲལ་ཆོས་དབྱིངས་རྡོ་རྗེ་ཡིས་ཀྱང་རྒྱལ་སྲས་ཆོས་ཀྱི་བློ་གྲོས་ལ་རེ་བ་ཆེན་པོ་བཅངས་ཡོད་དེ། དམངས་ཁྲོད་ཀྱི་ངག་རྒྱུན་དུ་ཁོང་གིས་རྒྱལ་སྲས་ངའི་མགོ་ནས་མཐོ་གང་སྐྱེས་ཐུབ་ཅེས་གསུངས་པ་ལས་ཀྱང་རྟོགས་ཐུབ་པ་དང་། དགུ་རོང་ཚང་སྐུ་གཤེགས་རྗེས་དགུ་རོང་རྒྱལ་སྲས་ལགས་ཀྱིས་དགུ་རོང་ཚང་གི་རྒྱལ་ཚབ་ཀྱི་འགན་བཞེས་ཏེ་ཡང་སྤྲུལ་བཙལ་འཚོལ་གྱི་ཐུགས་འགན་འཁུར་པ་དང་། རྫོགས་ཆེན་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་ཡིས་དགུ་རོང་ཨོ་རྒྱན་འཇིགས་བྲལ་ཆོས་དབྱིངས་རྡོ་རྗེ་ཡི་ཡང་སྤྲུལ་གར་དབང་འགྲོ་འདུལ་རྡོ་རྗེ་ཐུགས་ཐག་བཅད་དེ་གདན་སར་བཀོད་མོད། གར་དབང་འགྲོ་འདུལ་རྡོ་རྗེ་དགུང་ལོ་གཞོན་པའི་སྐབས་སུ་སྐུ་མྱ་ངན་ལས་འདས་པས། དགུ་རོང་ཚང་གི་བསྟན་སྲིད་ཀྱི་ཕྱག་ལས་ཡང་བསྐྱར་དགུ་རོང་རྒྱལ་སྲས་ཀྱི་ཕྲག་ཏུ་ལྷུང་། བསྟན་པ་ལ་ཆགས་འཇིག་བྱུང་བའི་སྐབས་སུ་དགུ་རོང་བླ་བྲང་དང་འདུ་ཁང་གི་ནང་བསྟན་སོགས་ལ་ཆགས་འཇིག་བྱུང་ནའང་། དགུ་རོང་བླ་བྲང་དང་སྐྱེད་ཚལ་གཞུང་བཞེས་བཏང་ནས་བྲག་ཁང་སྣ་ཁ་ཀུང་ཧྲེ་ཡི་གཞུང་ལས་བྱེད་སར་བསྒྱུར་བས། རྐྱེན་ངན་གྲོགས་སུ་གྱུར་ནས་དགུ་རོང་བླ་བྲང་གཏོར་བཅོམ་གྱི་མཆེ་སྡེར་བར་ནས་ལྷག་ལུས་བྱུང་བ་དང་། སྔགས་པའི་འདུ་ཁང་ཡང་བྲག་ཁང་སྣ་ཁ་སྡེ་བའི་མཛོད་ཁང་བྱས་པས་བླ་བྲང་དང་འདུ་ཁང་གཉིས་ལྷག་ལུས་བྱུང་། སྟོང་ལོ་གསར་བའི་རྗེས་སུ་སྲིད་གཞུང་གིས་བླ་བྲང་དང་སྐྱེད་ཚལ་སོགས་ཕྱིར་དགུ་རོང་རྒྱལ་སྲས་ལ་སྤྲད། ཁོང་གིས་དགུ་རོང་བླ་བྲང་ཉམས་གསོ་དང་རྙིང་མའི་བསྟན་སྲིད་ཀྱི་ལ་རྒྱར་བསམས་ཏེ། དགུ་རོང་ཚང་གི་སྤྲུལ་སྐུ་གདན་སར་བཀོད་པ་སོགས་མདོ་སྨད་ཀྱི་བསྟན་སྲིད་ལ་སྨན་པའི་ཕྱག་ལས་མང་པོ་བསྒྲུབས། ད་ལྟ་དགུ་རོང་བླ་བྲང་གི་ལྷས་གོང་འགབ་གཉིས་ཀྱི་བར་དུ་སྔགས་མང་ཚོགས་སའི་འདུ་ཞིག་གསར་བཞེངས་བྱས་ཡོད་པ་དང་། དགུ་རོང་དགོན་པའི་སྔགས་ཁང་ངམ་འདུ་ཁང་དཔལ་རིའི་ཕོ་བྲང་ལ་དེང་སྐབས་བྲག་ཁང་སྣ་ཁ་སྡེ་བས་བདག་གཉེར་བྱེད་བཞིན་ཡོད་ལ། སྡེ་མི་རྣམས་ཀྱིས་དེ་ལ་འདུ་ཁང་ཞེས་འབོད་པ་དང་། ཡང་མི་ལ་ལས་མ་ཎི་ཁང་ཞེས་ཀྱང་འབོད་བཞིན་ཡོད་མོད། དེ་ནི་སྔོན་ཆད་ཀྱི་དགུ་རོང་དགོན་ནམ་གསང་ཆེན་སྔ་འགྱུར་རྡོ་རྗེ་གླིང་གི་སྔགས་ཁང་ཡིན་པ། ང་ཚོས་འདུ་ཁང་དེའི་ལྕགས་རིའི་སྒོ་ཆེན་དང་སྒོ་ཆེན་ཁར་བསླངས་པའི་ཐུག་ནག་གི་དར་མོ་ཆེ་གཉིས་དང་། འདུ་ཁང་གི་བཟོ་བཀོད་ལ་བལྟས་ནའང་སྡེ་བ་ཞིག་གི་མ་ཎི་ཁང་མིན་པ་ཤེས་ཐུབ་ཅིང་། འདུ་ཁང་གི་སྒོ་ཆེན་གྱི་གཡས་ལོགས་སུ་དགུ་རོང་དགོན་ཞེས་པའི་ཟངས་ཀྱི་བྱང་བུ་ཞིག་ཀྱང་བཀལ་འདུག

 སྔོན་ཆད་རྨ་དར་གོང་ཁ་ནི་རི་ཁྲོད་ཅིག་ཡིན་ལ། གནས་འདིར་མཁས་པ་མི་གསུམ་དང་། ལྷ་ལུང་དཔལ་རྡོར་སོགས་དམ་པ་མང་པོས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས། དགུ་རོང་ཧོ་ཐོག་ཐུ་ཨོ་རྒྱན་འཇིགས་བྲལ་ཆོས་དབྱིངས་རྡོ་རྗེས་དགུ་རོང་བླ་བྲང་དང་འདུ་ཁང་སོགས་བསྐྱར་བཞེངས་དང་། མ་དཱའི་སྐྱེད་ཚལ་སོགས་གསར་སྐྲུན་གནང་སྟེ། གསང་ཆེན་རྡོ་རྗེ་གླིང་དར་བའི་རྩེ་མོར་སོན། དགུ་རོང་བླ་བྲང་གི་མཐའ་སྐོར་དུ་མི་ཕམ་སྒར་ཆེན་འཇམ་དཔལ་དགྱེས་པའི་དགའ་ཚལ་དང་རྟ་མགྲིན་སྒར་ཆེན་དབང་དྲག་རོལ་བའི་ཟླ་གམ། ཆོས་དབྱིངས་སྒར་བ་བསྐྱེད་རྫོགས་ལྡིང་ཁང་སོགས་ཡོད་པ་དང་། «བྱ་བྲལ་ཆོས་དབྱིངས་རང་གྲོལ་གྱི་རྣམ་ཐར»དུ་བླ་བྲང་དེ་དག་གི་མིང་ལ་མ་དཱའི་བླ་བྲང་ཆེ་ཆུང་དང་། གནམ་རྫོང་དུ་ཡོད་པའི་དགུ་རོང་བླ་བྲང་དང་མ་དཱའི་སྒར་གཉིས་ལ་སྒར་གོང་འོག་ཅེས་འབོད་བཞིན་ཡོད། ཕྱིས་སུ་སྒར་བ་དང་སྔགས་ཁང་གི་མཐའ་སྐོར་དུ་མཐའ་པ་ལྷ་སྡེ་ཡི་ཁྱིམ་ཚང་མང་པོ་ཞིག་གཞིས་ཆགས་ནས་ད་ལྟའི་བྲག་ཁང་སྣ་ཁ་ཞེས་པའི་སྡེ་བ་འདི་གྲུབ་པར་བཤད།

 དགུ་རོང་དགོན་གསང་ཆེན་སྔ་འགྱུར་རྡོ་རྗེ་གླིང་ནི་སྔ་འགྱུར་རྙིང་མའི་ལྟེ་བ་ཞིག་ཡིན་པར་མ་ཟད། བོད་ཡུལ་དུ་ཚན་རིག་གི་མེ་ཏོག་ཐོག་མར་བཞད་སའི་བསྟི་གནས་ཤིག་ཀྱང་ཡིན། དགུ་རོང་ཧོ་ཐོག་ཐུ་ཨོ་རྒྱན་འཇིགས་བྲལ་ཆོས་དབྱིངས་རྡོ་རྗེ་མཆོག་རང་བྱུང་ཚན་རིག་ལ་སྤྲོ་བ་ཆེ་བས། ཁོང་གིས་ཆེད་དུ་ཚན་རིག་གི་རྒྱུ་ཆ་སོགས་འཚོལ་ཞིབ་གནང་ནས་ཟི་ལིང་དུ་གློག་མེད་པའི་སྔ་རོལ་ཏུ་བྲག་ཁང་སྣ་ཁར་གློག་སྨན་བཟོས་ཏེ་དགུ་རོང་བླ་བྲང་དུ་གློག་བཀར་བ་དང་། ཟི་ལིང་དུ་ཁ་པར་མ་དར་བའི་སྔ་རོལ་ཏུ་དགུ་རོང་བླ་བྲང་གི་ནང་ཁུལ་དུ་ཁ་པར་གྱི་སྐད་བརྡ་སྐྱེལ་བཞིན་ཡོད་ཅེས་གྲགས་ལ། ད་དུང་དགུ་རོང་ཚང་གི་ཐུགས་བསྐྱེད་ལས་བྲག་ཁང་སྣ་ཁར་སློབ་གྲྭ་དང་པར་ཁང་། འཁེལ་འཐག་བཟོ་གྲྭ་སོགས་ཀྱང་ཡོད་པས། ཡུལ་འདི་ནི་ངེས་པ་དོན་གྱི་མདོ་སྨད་ཀྱི་ཤེས་རིག་གི་ཕ་ས་དང་ཚན་རིག་གི་འབྱུང་ཁུངས་ཤིག་ཡིན།

 བྲག་ཁང་སྣ་ཁ་ནི་ས་བབ་དམའ་ཞིང་དྲོ་གྲང་སྙོམས་ལ། ཚང་ཚིང་ལྗོན་པས་ཀུན་ནས་གཡོགས་པའི་ཡུལ་ལྗོངས་ལྟ་ན་སྡུག་པ་ཞིག་ཡིན་པ་དང་། སྒོས་སུ་མ་དཱའི་སྐྱེད་ཚལ་ལ་དེང་སྐབས་ཀ་དག་གཞིས་ཀ་ཞེས་བཏགས་ནས་སྐྱེད་ཚལ་དེ་ཡུལ་སྐོར་པའི་གླིང་ག་གཏོང་ས་དང་ཞག་སྡོད་བྱེད་སའི་གཞིས་བྲང་ཞིག་ཏུ་གྱུར་ཡོད་པས། ཡུལ་འདིར་ཡུལ་སྐོར་པའི་ཚོགས་པད་མའི་ཚལ་ལ་བུང་བ་བཞིན་དུ་འཁོར་ཀྱིན་ཡོད། དགུ་རོང་མ་དཱའི་སྐྱེད་ཚལ་ལམ་ཀ་དག་གཞིས་ཀ་ནི་ལོ་ངོ་བརྒྱ་ཕྲག་ལྷག་གི་ལོ་རྒྱུས་ལྡན་པའི་སྐྱེད་ཚལ་ཞིག་ཡིན་ལ། དེ་ནི་དེང་སྐབས་ཀྱི་ལ་ར་སིལ་ར་དང་ནགས་ར་སྡོང་ར་ལྟ་བུ་ཞིག་མ་ཡིན་པར། སྐྱེད་ཚལ་དེ་ནི་དགུ་རོང་ཧོ་ཐོག་ཐུའི་བླ་བྲང་གི་རྒྱབ་ཕྱོགས་ཀྱི་གློ་སྒོ་ཆེ་བ་དང་འབྲེལ་བའི་ལམ་ཕྲན་དེ་སྲོག་ཤིང་བྱས་ནས་གཡས་གཡོན་གཉིས་དོ་མཉམ་པར་བསྐྲུན་ཡོད་མོད། ཡིན་ནའང་། དུས་འགྱུར་སོགས་ཀྱི་སྐབས་སུ་སྒྱུ་འཕྲུལ་གསང་བ་སྙིང་བོའི་གཡས་ཕྱོགས་ཀྱི་སྐྱེད་མོས་ཚལ་གྱི་སུམ་ཆའི་གཉིས་ལྷག་ལ་གཏོར་བརླག་ཐེབས་པར་གྲགས། སྐྱེད་ཚལ་འདིའི་ནང་གི་ལྗོན་པ་དག་ནི་ཕོ་སྡོང་དང་མོ་སྡོང་ཕན་ཚན་ཆ་འགྲིག་ཏུ་བསྡེབས་ཏེ་བཙུགས་ཡོད་པར་མ་ཟད། ཤིང་སྣ་བརྒྱ་དང་བརྒྱད་ཡོད་ལ། དེ་དག་གི་ཁྲོད་དུ་མ་མགོན་སྡེ་ལྔའི་བླ་སྡོང་དང་མ་གཟའ་དམ་གསུམ་གྱི་བླ་སྡོང་སོགས་ཤིང་སྡོང་རྩ་ཆེན་ཡང་མང་པོ་ཡོད་ཟེར། སྐྱེད་ཚལ་ནང་དུ་སྒྱུ་འཕྲུལ་གསང་བ་སྙིང་བོའི་དཀྱིལ་འཁོར་ཞིག་བཞེངས་ཡོད་ལ། གནས་འདིར་སྔོན་ཆད་ལྡིང་ཁང་ཞིག་ཡོད་པ་དང་། དེ་ནི་དགུ་རོང་ཚང་དང་སྤྲུལ་སྐུ་ཚོས་དཔེ་གཟིགས་གནང་ས་ཡིན་པ་དང་། ལྡིང་ཁང་གི་ཉེ་འཁོར་དུ་ཨ་གར་སོགས་མེ་ཏོག་གི་རིགས་མང་པོ་བཙུགས་ཡོད། སྐྱེད་མོས་ཚལ་གྱི་འདབས་སུ་རྨ་ཀླུང་སྔོན་མོ་བརྩེ་བའི་ཡུམ་ཆེན་ཞིག་དང་འདྲ་བར་ཞི་འཇམ་དང་བག་ཕེབས་ཀྱིས་འབབ་པ་དང་། སྐྱེད་མོས་ཚལ་ཧྲིལ་པོར་དད་མོས་དང་རིག་གནས་ཀྱི་མཁའ་དབུགས་སྟུག་པོ་ཞིག་གིས་སྤུད་ཡོད། སྤྱིར་བོད་ཡུལ་དུ་མིས་བཟོས་སྐྱེད་ཚལ་མང་པོ་མེད་ཅིང་། སྒོས་སུ་མདོ་སྨད་དུ་སྐྱེད་ཚལ་ཚད་ལྡན་འདི་འདྲ་མེད་ཅེས་ཕྲན་གྱིས་མཁས་པ་རྒན་པ་ཞིག་གི་ངག་ལས་དངོས་སུ་ཐོས་མྱོང་ལ། མཁས་པ་དེས་མདོ་སྨད་ཀྱི་བོད་ཁུལ་དུ་ཡོད་པའི་སྐྱེད་ཚལ་རིག་གནས་ལ་ཞིབ་འཇུག་བྱེད་ན་སྐྱེད་ཚལ་འདི་ནི་དཔེ་ལྟར་བཟུང་ཆོག་པ་ཞིག་ཡིན་ཟེར། བྲག་ཁང་སྣ་ཁའི་དགུ་རོང་དགོན་པ་འདི་ནི་ཁྱུང་ཆེན་གཟན་ལ་ཆས་འདྲ་བྲག་བྱ་ཁྱུང་དང་རང་བྱོན་གྱི་ལྕགས་རི་ལྟ་བུའི་རྨ་ཀླུང་སྔོན་མོའི་ནང་ཤད་དུ་ཆགས་ཡོད་པ་དང་། དགོན་པ་འདི་ལ་དད་པའི་མིག་གིས་བལྟས་ན་ཕྱི་མདོ་ལུགས་ལྟར་ན་གཙུག་ལག་ཁང་གི་མཚན་ཉིད་ཚང་ཞིང་། ནང་གསང་བ་སྔགས་ལྟར་ན་གཞལ་ཡས་ཁང་གི་བཀོད་པ་ལྷུན་གྱིས་རྫོགས་པ་དང་། ཡང་གསང་བླ་མེད་ལྟར་ན་རྒྱུད་སྡེའི་དཀྱིལ་འཁོར་མངོན་པར་བཀྲ་བའི་གདན་ས་ཁྱད་པར་ཅན་ཞིག་ཡིན་ནོ། །


ལྷག་བསམ་གྱིས་བསྐྱེད་པའི་བརྩེ་བ་དྲོན་མོ།


 མ་དཱའི་སྐྱེད་ཚལ་ལམ་ཀ་དག་གཞིས་ཀས་ཡུལ་སྐོར་པ་དབང་མེད་དུ་དྲངས་ཤིང་། གྲོང་ཁྱེར་གྱི་ཡུལ་སྐོར་པའི་ཁྲོད་དུ་ཡུལ་འདིའི་ཞིང་གྲོང་གི་འཚོ་བ་ཉམས་སུ་མྱོང་ཆེད་ཞག་འདུག་བྱེད་མཁན་ཡང་མང་པོ་བྱུང་བས། སྲིད་གཞུང་གི་རྒྱབ་སྐྱོར་འོག་ཚོང་ལས་དང་ཞབས་ཞུ་ལས་རིགས་ལ་འཇོན་པའི་སྡེ་མི་སྐོར་ཞིག་གིས་རང་ཁྱིམ་དུའང་ཞིང་པའི་གཞིས་ཁྱིམ་བཙུགས་ནས་ཞག་འདུག་བྱེད་འདོད་པའི་ཡུལ་སྐོར་པ་དག་ལ་ཞག་འདུག་བྱེད་སའི་མཐུན་རྐྱེན་བསྐྲུན། བྲག་ཁང་སྣ་ཁ་ཡུལ་སྐོར་པའི་བསྟི་གནས་སུ་གྱུར་པ་དང་བསྟུན་ནས་ཡུལ་སྐོར་པས་གནས་འདིའི་འཕེལ་རྒྱས་ལ་གསོན་ཤུགས་ཀྱི་སྲོག་གསར་པ་ཞིག་བསྩལ་མོད། འཇིག་རྟེན་གྱི་བྱ་དངོས་ཡོད་དོ་ཅོག་ལ་མཚོན་ན་འཕེལ་རྒྱས་ཀྱི་ཁྲོད་ན་གནོད་པ་ཡོད་ལ་གནོད་པའི་ཁྲོད་དུ་དགེ་མཚན་ཡང་ཡོད་པས། ཡུལ་འདིར་ཡང་ཡུལ་སྐོར་པ་འབྱོར་ཚད་ཇེ་མང་དང་ཞིང་པའི་ཡོང་སྒོ་ཇེ་མཐོར་གྱུར་བ་དང་བསྟུན་ནས་གད་སྙིགས་སོགས་ཀྱིས་ཁོར་ཡུག་ལ་འབག་བཙོག་བཟོ་བའི་ཚད་ཀྱང་ཇེ་ཆེ་ནས་ཇེ་ཆེར་གྱུར་ཅིང་། གད་སྙིགས་ཀྱི་གནད་དོན་ནི་ཁ་ཚ་དགོས་གཏུགས་སུ་ཐག་གཅོད་དགོས་པའི་གནད་དོན་ཞིག་ཏུ་གྱུར་དང་འགྱུར་བཞིན་ཡོད། མེས་པོའི་ཕ་ས་འདི་ལ་བདག་སྐྱོང་ལེགས་པོ་དང་། འཚོ་གནས་ཀྱི་ཁོར་ཡུག་འདི་ལ་ནམ་ཡང་རང་བྱུང་གི་དྲི་བསུང་འཐུལ་དུ་འཇུག་ཆེད། དབྱངས་ཅན་ཁྱོ་ཤུག་གཉིས་ཀྱིས༢༠༡༥ལོར“རྨ་དར་གོང་བ་ཁོར་ཡུག་སྲུང་སྐྱོབ་ཚོགས་པ”ཞེས་པའི་ཚོགས་པ་ཞིག་བཙུགས་ཏེ། བལྟས་ན་མིག་ལ་མི་ཐོགས་ཤིང་ལས་ན་ཚེགས་ཆེ་བའི་ལས་ཀ་ཞིག་བསྒྲུབས་ཤིང་། བསྒྲུབས་ན་ངོ་སོ་མི་ལོན་ཞིང་གཉེར་ན་དཔལ་འབྱོར་མི་འཕེལ་བའི་ལས་ཀ་ཞིག་ལ་འཇུས་ཏེ། ལྷག་བསམ་དང་བརྩེ་བ་རྣམ་དག་གིས་མི་ཚེ་ལ་སྙིང་བོ་བསྐྲུན་ཅིང་། ལག་ལེན་དང་སྦྱོར་བ་དངོས་མ་ཡིས་ཕ་ཡུལ་ལ་ཞབས་ཞུ་སྒྲུབ་བཞིན་ཡོད། དེ་ལྟར་མི་ལོ་བདུན་ལྷག་གི་རིང་ལ་རང་གི་སྟོབས་དང་ནུས་པ། ཤ་ཉེ་དང་གྲོགས་པོའི་དཔུང་རོགས་ལ་བརྟེན་ནས་ཕ་སའི་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་རྒྱུན་མ་བཏང་བས། ད་ལྟ་ཕ་ཡུལ་གྱི་རི་ལུང་དང་གཙང་འགྲམ་དུ་ལྟོས་བཅས་ཀྱིས་གར་བདར་ལེགས་པོ་ཞིག་བྱེད་ཐུབ་ཡོད་ལ། དེར་མ་ཟད་སྒེར་གྱིས་དཔལ་འབྱོར་གྱི་འགྲོ་སོང་བཏང་སྟེ། ཁོར་ཡུག་སྲུང་སྐྱོང་བརྗོད་གཞིར་བཟུང་བའི་སྤྱི་ཕན་གློག་བརྙན་ཞིག་ཀྱང་ཕབ་སྐྲུན་བྱས་ཏེ་ཕ་ཡུལ་མི་དམངས་ཀྱི་སྐྱེས་སུ་ཕུལ་ཡོད། འདི་དག་ཡོད་ཚད་ལ་བསམ་བློ་རེ་གཏོང་དུས་དགེ་ལས་འདི་ནི་རྨ་ཀླུང་སྔོན་མོའི་བཞུར་སྒྲ་ལ་ཉན་ནས་ནར་སོན་ཞིང་། རྨ་ཆུ་ལི་མས་སྐོམ་གདུང་སེལ་ནས་ལང་ཚོ་རྒྱས་པའི་མཛངས་མ་ཞིག་གིས་ཕ་ཡུལ་ལ་བཅངས་པའི་དགའ་བ་དང་ལྷག་བསམ་ཡིན་ལ། ཕ་ཡུལ་ཟས་སུ་ཟོས་ཤིང་ཕ་ཡུལ་གོས་སུ་གྱོན་པའི་ཁྱོ་ཤུག་གཉིས་ཀྱི་བརྩེ་སེམས་དང་བྱམས་སེམས་ཀྱང་ཡིན་ནོ། །

༢༠༢༣ལོའི་ཟླ༢པའི་ཚེས༡༥ཉིན།

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།