ཀྲུང་གོ་བོད་ཀྱི་དྲ་བ།

ཕྱིར་དྲན་ཀློང་གི་ཁྱེད་ཚོ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : རྡོ་སྦིས་ཆོས་སྐྱོང་ཐར།   སྤེལ་དུས། : 2024-05-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གཅིག

བརྗེད་དཀའ་བའི་ངོ་གདོང་དེ་དག དྲན་སླ་བའི་འཛུམ་ཞལ་དེ་ཚོ། ངའི་དྲན་པའི་ཀློང་རིམ་ན། ནམ་ཡང་མཚར་སྡུག་གིས་གསོན་ཡོད་པ་རེད་ཨང་།

གཉིས།

དོ་ནུབ། འདས་དོན་གང་མང་ཞིག་གིས། དོ་ནུབ། ཕྱིར་དྲན་གྲངས་མེད་ཅིག་གིས། བདག་གིས་ཁ་པར་ཞེས་པའི་ཚན་རིག་གི་ཐོན་རྫས་འདི་ལས། སྐད་འཕྲིན་ཞེས་པའི་ཆ་འཕྲིན་གྱི་ལག་རྩལ་འདི་ལས། ཡང་ཡང་ཁ་སང་གི་གཏམ་རྒྱུད་མང་པོ་ཞིག་གི་བང་སོ་བསློགས་པས། བདག་གིས་མིག་ཆུ་ཤོར་བའི་ན་ནིང་གི་དབྱར་ཟླ་དྲུག་པ་དེ་དྲན་བྱུང་། ལོ་དང་ཟླ་བས་གཙེས་མ་ཐུབ་པའི་གཏམ་རྒྱུད་དེ་དག མཚན་མོ་འདིའི་སྨག་རིམ་ཁྲོད། ག་ལེར་ག་ལེར། བདག་གི་དྲན་པའི་ཡོལ་ངོས་སུ་མཚན་གཞུང་འདིའི་ཟླ་འོད་ཇི་བཞིན། སོས་ཀ་འདིའི་མྱུ་གུ་དང་འདྲ་བར། ཝ་ལེར་བརྡོལ་ཡོང་དུས། བདག་ལ་ཁེར་རྐྱང་གི་སྣང་བ་ཞིག་ཀྱང་གོ་མེད་ཚོར་མེད་དུ་སྐྱེས་འོང་།

གསུམ།

“ཁེར་རྐྱང་ནི་ལོངས་སྤྱོད་ཅིག”ཟེར་བའང་བདེན་པར་སྙམ་སྟེ། ཁེར་རྐྱང་འདིས་བརྗེད་དུ་མེད་པའི་ཕྱིར་དྲན་གང་མང་ཞིག བདག་གི་དྲན་པའི་མཁའ་དབྱིངས་སུ་སྤྲིན་གྱི་འདུ་འགོད་བཞིན་བསྐྱལ་འོང་བས། དགའ་སྐྱོ་བསྲེས་མའི་དྲན་ཤེས་ཤིག་གིས་ང་རང་སླར་ཡང་ཁྱེད་ཅག་གི་གམ་དུ་ཁྲིད། དྲན་པའི་གཞུ་མོ་ནང་དུ་བཀུག་སྟེ་ཕྱིར་འདང་ཞིག་བརྒྱབ་ཚེ། ཁྱེད་ཚོ་དང་ལྷན་དུ་གནས་པའི་དུས་ཚོད་ནི་བདག་གི་མི་ཚེ་འདིའི་སྙིང་པོ་སྟེ། ཁྱེད་ཅག་གི་བྱ་བྱེད་ཀུན་ནི་ཆང་རག་རྫ་བུམ་གང་དང་འདྲ་བར་ངའི་སྐྱོ་བ་ཡོད་ཚད་སངས་པར་བྱེད་ལ། ངའི་ངལ་དུབ་མཐའ་དག་ཡལ་དུ་འཇུག་སྲིད།

བཞི།

དོ་ནུབ། བདག་གི་ཕྱིར་དྲན་གྱི་ཀློང་ན་དྲི་ངད་བཞིན་ལྡང་བ་ནི་ཁྱེད་ཅག་གི་སྙིང་ཉེ་བའི་ངོ་གདོང་རེ་རེ་ཡིན་ལ། མཚན་གཞུང་འདིའི་མུན་ནག་གི་གཏིང་རིམ་ན་བར་མེད་དུ་འཚང་འོང་བ་ཡང་ཁྱེད་ཅག་གི་པྲ་ཆལ་གྱི་རྣམ་འགྱུར་དང་། གཡེར་བག་ལྡན་པའི་ཡིད་འོང་གི་རྒྱབ་གཟུགས་དེ་དག་ཡིན་པས། ང་རང་ཅིས་ཀྱང་གཉིད་མི་འདོད་དེ། ཁེར་རྐྱང་ནི་དངོས་གནས་ལོངས་སྤྱོད་ཅིག་གོ །

ལྔ།

“ནོར་བུ་རང་ལ་ཡོད་དུས། ། ནོར་བུའི་ནོར་ཉམས་མ་ཆོད། ། ནོར་བུ་མི་ལ་ཤོར་དུས། ། སྙིང་རླུང་སྟོད་ལ་འཚངས་བྱུང་། །”ཞེས་པ་ནི་སྨྲ་ཤེས་ཤིང་དོན་གོ་བའི་འགྲོ་བ་མིའི་མི་གཤིས་ཀྱི་ཞན་ཆ་ཞིག་སྟེ། དོ་ནུབ་བདག་གི་དྲན་པའི་ཚོར་འདུ་ཤུགས་དྲག་པའི་རྦ་རླབས་བཞིན། ཕྱིར་དྲན་གྱི་མཚོ་ཀློང་ན་ཡོམ་ཡོམ་དུ་འཕྱོ་ཞིང་སྐྱོམ།

དྲུག

ལས་དབང་གི་བཀོད་སྒྲིག་ནི་སྟེས་དབང་མིན་པས། ང་ཚོ་འདི་ལྟར་ལས་ཀྱི་མདུད་པས་ལྷན་དུ་འཛོམས་ཤིང་སོ་སོར་བྲལ་བའང་། ངས་ནམ་ནམ་ཞར་ཞར་ཚེ་སྔོན་དུ་བསགས་པའི་བསོད་ནམས་ཤིག་ལ་རློམ་ཡོད་ཕྱིར། བུ་སྟོན་རིན་པོ་ཆེས“རྒྱ་མཚོ་ཆེན་པོར་ཕྱོགས་བཞིའི་རླུང་གིས་གཡེང་བ་ཡི། ། གཉའ་ཤིང་བུ་གར་རུས་སྦལ་མགྲིན་པ་ཆུད་པ་ལྟར། ། ཤིན་ཏུ་རྙེད་དཀའི་མི་ལུས་རིན་ཆེན་ཐོབ་གྱུར་ནས། ། དོན་མེད་ཆུད་ཟོས་བྱས་ནས་འགྱོད་པར་མ་གྱུར་ཏམ། །”ཞེས་གསུངས་པ་བཞིན་འདི་ལྟའི་སྙིང་པོས་ཕྱུག་པའི་བརྩེ་བ་འདི། དུངས་སེམས་ཀྱི་ཕྱི་ཐག་རིང་མོས་སྲུང་བར་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེའོ། །

བདུན།

སྙིང་ཉེ་ཚོ། ཁྱེད་ཅག་ནི་བདག་གི་མི་ཚེ་འདིའི་གྲུབ་ཆ་འབའ་ཞིག་ཏུ་ལགས་པས། ངས་རྟག་ཏུ་ཁྱེད་ཅག་གི་ཕྱོགས་ལ་མིག་ཟུང་བགྲད་ཅིང་རྣ་བ་བླགས་ཏེ་ཡོད་ཕྱིར། ནམ་ཡང་བརྗེད་དཀའ་བ་ནི་ཁྱེད་ཚོ་ཡིན་ལ་དྲན་སླ་བའང་ཁྱེད་ཅག་ཡིན་ནོ། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།