ཀྲུང་གོ་བོད་ཀྱི་དྲ་བ།

དྲན་ཡུལ་གྱི་བགྲེས་པོ་དང་ཉེ་འཁོར་གྱི་འཚོ་བ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : ཚེ་རིང་དབང་མོ། ཀན་ལྷོ།   སྤེལ་དུས། : 2024-03-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཡུན་རིང་ཞིག་ལ། བོད་ཡིག་གི་སྒྲུང་དེབ་ཅིག་བཀླག་མ་ཐུབ། ད་ཐེངས་གཟའ་ཉི་མའི་ཕྱི་དྲོ་ཞིག་ལ། ཁྱིམ་ནས་སྡོད་ཡུན་རིང་སོང་བའི་སྣང་བ་ཞིག་གིས་དེད་དེ། བུ་ཆུང་ངེད་གཉིས་སྲང་གི་ཁོ་ཧྥེ་ཁང་ཞིག་ལ་ཕྱིན་པ་ཡིན། ཁོས་ཁོ་ཧྥེ་ཁང་ལ་འགྲོ་རྒྱུ་ཡིན་པ་ཐོས་རྗེས། རང་ཉིད་དགའ་སའི་རབ་བཏགས་རི་མོའི་དེབ་ཅིག་འཁྱེར་དགོས་ཟེར། ངས་ཀྱང་ཉེ་ལམ་གསར་དུ་སླེབས་པའི《སྦས་ཡུལ》ཞེས་པའི་སྒྲུང་དེབ་དེ་ཁྱེར་ཅིང་ཕྱིན། ཁོ་ཧྥེ་ཁང་འདི་ལ་འུར་ཟིང་དེ་ཙམ་མེད་ཅིང་། སྐབས་སྐབས་སུ་དེབ་ཀློག་མཁན་གྱི་མགྲོན་པོ་རེ་གཉིས་ཀྱང་ཡོད་པས། ང་ཚོའི་གྲོང་ཁྱེར་ཆུང་ཆུང་འདི་ནས་ནམ་རྒྱུན་ཅུང་འགྲོ་རྒྱུར་སྤྲོ་བའི་གནས་ཤིག་ཡིན།

ཁོ་ཧྥེ་ཁང་དུ་སླེབས་པ་ན། བུ་ཆུང་གིས་སིལ་ཁུ་ཞིག་དང་ཁྲོག་ལེའི་སྤྲི་གོར་གཅིག་བོས་བྱུང་། ངས་ཀྱང་ཨ་མེ་རི་ཁ་ནོ་ཞེས་འབོད་པའི་ཁོ་ཧྥེ་ནག་པོ་ཕོར་བ་གང་མངགས། དེ་ནས་ངེད་གཉིས་ཀྱིས་རང་རང་ས་ནས་དེབ་བཀླག་མགོ་བརྩམས་པ་ཡིན། ཁོ་ནི་རབ་བཏགས་ཀྱི་རི་མོ་དེ་ཚོའི་གཏིང་ལ་མགྱོགས་པར་འཛུལ་སོང་ལ། ངའང་རྒྱུས་ཆེན་པོ་མེད་པའི་ཡུལ་ལྗོངས་ཤིག་ལ་ཞུགས་པ་བཞིན། 《སྦས་ཡུལ》གྱི་མཛེས་སྡུག་ཉམས་སུ་མྱོང་བའི་ཕྱོགས་སུ་ཆས། 《སྦས་ཡུལ》ཞེས་པའི་དེབ་འདི་ཉིད་མཐོང་མ་ཐག་ཇུས་འགོད་སྟབས་བདེ་ལ་ཐུན་མོང་མིན་པའི་ཁྱད་ཆོས་དང་ལྡན་ཞིང་། ཕྱི་ཤོག་གི་ཚོན་ཁ་སྡེབས་སྟངས་ལེགས་པ་སོགས་ཀྱིས། ལག་ཏུ་བླངས་མ་ཐག་ནས་ཡང་ཡང་བསློག་སྙིང་འདོད་པའམ། ཡང་སྙིང་ནང་དོན་ཅི་ཞིག་ཡིན་པ་ཀློག་སྙིང་སྤྲོ་བ་ཞིག་རེད། ལྷག་ཏུ་དེབ་ཀྱི་ཁ་ཤོག་ནང་མའི“དེབ་འདི་ནི་བདག་གི་མཛེས་སྡུག་གི་ཕྱིར་དྲན་དང་མི་ཚེའི་གཟི་བརྗིད་དུ་གྱུར་པ། ཨ་མྱེས་སྒར་བའི་བློ་འཕྲིན་དང་ཨ་ཕྱི་བསོད་སྒྲོན་གཉིས་གཙོ་བྱས་པའི་ཁོང་ཅག་གི་མི་རབས་ལ་ཕུལ།”ཞེས་པ་མཐོང་དུས། ལྷག་ཏུ་ཀློག་འདོད་ཀྱི་འདུན་པ་ཆེས་ཆེར་བསྐྱེད།

ང་ནི་ཤིན་ཏུ་སྲོལ་རྒྱུན་ལ་ཕྱོགས་པའི་འབྲོག་པའི་ཁྱིམ་ཚང་ཞིག་ཏུ་སྐྱེས་ལ། ཆུང་དུས་ནས་སློབ་གྲྭར་ཕྱིན་མོད། བྱིས་དུས་ཀྱི་བག་ཆགས་མང་པོ་ཞིག་འབྲོག་སའི་འཚོ་བ་དང་དམ་དུ་འབྲེལ་ཡོད། སློབ་གྲྭ་ལ་འགྲིམ་པའི་གོ་རིམ་ཁྲོད་དུ། གྲོང་ཁྱེར་སོགས་མི་ཚོགས་མང་བའི་འཇིག་རྟེན་ནི་ཇི་ལྟར་ཁྲ་ཁྲ་རིག་རིག་དང་སྣ་འཛོམས་པོ་ཡོད་ནའང་། ལོ་ཚོད་ཇི་ལྟར་ཆེ་རུ་ཕྱིན་པ་དང་བསྟུན་ནས་བྱིས་དུས་ཀྱི་བག་ཆགས་ནི་དེ་ལྟར་ཉི་མས་བསྲོས་པའི་རྐང་མར་བཞིན་དུ། ག་ལེར་རུས་པའི་གསེང་ནས་ཕྱིར་མངོན་ཡོང་ལ། སེམས་གཅོང་བཅོས་མཁས་པའི་སྨན་པ་ཞིག་དང་འདྲ་བར། སྐྱིད་དུས་སུ་ཕྱིར་དྲན་དང་། སྡུག་དུས་སུ་སེམས་གསོ་བྱ་ཐུབ། 《སྦས་ཡུལ་གྱི་ལམ་པ》ཀློག་སྐབས། ངས་འཕྲལ་མར་ངའི་ཕ་ཡུལ་གྱི་དགོན་པའི་གྲྭ་པ་ཞིག་དྲན་བྱུང་། ཁོང་ནི་སྔོན་གྱི་གཏམ་སྣ་ཚོགས་དང་ས་དཔྱད་ཆུ་དཔྱད་ལ་མཁས་པ་ཞིག་ཡིན། ནམ་རྒྱུན་ལོ་སར་སྐབས་སུ། དགོན་པ་རུ་ཁོང་ལ་ལོ་སར་སྐྱེལ་བར་འགྲོ་དགོས་ལ། ཕལ་ཆེར་ང་རང་ལོ་བཅུ་ཡས་མས་ནས་བཟུང་། དགོན་པ་རུ་འགྲོ་སྐབས་རེ་ལྡན་དུས་ནས་བཟུང་། ཁོང་ནི་ང་རང་ཉིད་མཇལ་འདོད་པའི་མིང་ཐོ་ལས་ཨང་དང་པོ་ཡིན་ཞེས་བརྗོད་ཆོག ཁོང་ནི་ང་ཚོས་ནམ་རྒྱུན་བརྗོད་པའི་གནའ་མི་དངོས་ཤིག་ཡིན་པས། ཁྱིམ་གྱི་གད་བདར་སོགས་ལ་དོ་སྣང་ཆེར་མེད་པ་ཞིག་ཡིན་མོད། མི་ཡི་འགྲོ་ལུགས་དང་སྐད་ཆ་བརྗོད་སྟངས།ཟ་ལུགས་སྡོད་སྟངས་སོགས་ལ་ཧ་ཅང་དང་དོད་བྱ་མཁན་ཞིག་ཡིན། ནམ་རྒྱུན་ཁོང་ལ་འཚམས་འདྲིར་འགྲོ་དུས། ང་ནི་ལོ་བཅུ་ཁ་ལས་སོན་མེད་པའི་བྱིས་པ་ཞིག་མིན་པར་མི་རྒན་པ་ཞིག་ཡིན་པའི་ཚོར་སྣང་གང་མང་སྐྱེ་རུ་འཇུག་ལ། ང་ཁོང་གི་གམ་ལ་སོང་ནས་ཁོང་གི་ཁ་བརྡ་སྣ་ཚོགས་ལ་ཉན་པར་སེམས་གཏིང་ནས་མོས། ཁོང་གི་གམ་ལ་འགྲོ་ཐེངས་རེར་ཁོང་གིས་ང་ལ་ཡག་པོ་ཞིག་འདུག ཤུགས་བརྒྱབ་ཤོག་ཨང་། རང་གིས་ཨ་མར་སྙིང་ནས་གཅེས་ཞེས་ཡང་ཡང་གདམས་ངེས།

ཁོང་གི་གྲྭ་ཤག་ཏུ་ནམ་རྒྱུན་ཉི་འོད་དེ་འདྲ་མི་འཕྲོ་བས་ཁང་མིག་ནང་ལ་དཀར་ཆ་དོད་པོ་ཞིག་མིན་ལ། ཉལ་སྒྲོམ་འགྲམ་དུ་མདུན་ཅོག་ཅིག་ཡོད་པའི་སྟེང་དུ་ཅ་ལག་མང་པོ་བསྒྲིགས་ཡོད་པས་ཅུང་འཚང་ཁ་ཆེ་བའི་སྣང་བ་ཞིག་སྟེར་མོད། ཁྱོད་རང་ནམ་ཕྱིན་ནའང་ཐབ་ཀའི་སྟེང་གི་ཟངས་དེམ་དུ་ཇ་ལྷོག་ལྷོག་ངང་གདུ་བཞིན་ཡོད་ལ། ང་ལ“ཡ་བུ་མོ། ཆ་སྒམ་ནང་ནས་རང་གིས་འཐུང་ན་འདོད་པའི་དཀར་ཡོལ་གཅིག་ལོངས་དང་། ངས་ཁྱོད་ལ་ཇ་ལྡུད།”ཟེར་ངེས། དཀར་ཡོལ་ཚང་མའི་ནང་དུ་ཇ་དྲེག་ཆགས་ཡོད་ལ། ངས་ནམ་རྒྱུན་རང་གི་དགའ་ཕྱོགས་ལྟར། དཀར་ཡོལ་ཆུང་ལ་སྲབ་པ། སྙིང་རྗེ་བ།མཐིལ་དང་ཞབས་སུ་པད་མའི་རི་མོ་ཅན་ཞིག་ཡོད་པ་དེ་ལེན་རྒྱུར་གོམས་ཡོད། དེ་ནས་ངས་ཁོང་གིས་མངགས་པ་བཞིན་དུ་དཀར་ཡོལ་དེ་གཙང་མ་ཞིག་བཀྲུས་ཤིང་། ནང་དུ་འོ་ཇ་བླུགས་པ་དང་། འོ་ཇའི་རོ་མངར་ལོངས་སུ་སྤྱོད་ཞོར། ཁོང་གིས་བཤད་པའི་དགོན་པའི་གདན་རབས་དང་ངེད་ཀྱི་ཁྱིམ་ཚང་གི་ལོ་རྒྱུས་སོགས་ལ་ཉན་ཞིང་། སྔོན་གྱི་གཏམ་མང་པོའི་མཇུག་ཏུ་ངའི་ལོ་ཚོད་དང་ཆེར་མི་འཚམ་པའི་རེ་བཅོལ་ཡང་མང་པོ་བྱེད་པས། ད་ལྟ་བསམ་ན་ང་རང་ལོ་ཚོད་དང་མི་བསྟུན་པའི་སེམས་ཁམས་ཤིག་ཏུ་ནར་སོན་པར་ཁོང་གིས་ལག་མགོ་ནས་ཡང་ཡང་འཐེན་མྱོང་ཡོད་པ་འདྲ།

ཁང་མིག་ཤིན་ཏུ་སྟབས་བདེ་དེ་དང་། འགྱུར་བ་མེད་པའི་མཁོ་ཆས་ཤིན་ཏུ་ཉུང་ངུ་དེ་མཐོང་བས། ནམ་རྒྱུན་ངའི་སེམས་ལ། ཁོང་ནི་འཚོ་བར་དཀའ་ངལ་ཅུང་ཙམ་ཡོད་མཁན་ཞིག་ཡིན་ངེས་རེད་འདོད་མོད། སྐད་ཆ་དེ་ཨ་མར་འདྲི་མ་མྱོང་། ཐེངས་ཤིག་ལོ་སར་གྱི་སྐབས་སུ། ངས་ཁོང་གི་འཚོ་བ་ལ་སྙིང་རྗེ་སྐྱེས་ཏེ། རང་ལ་ཡོད་པའི་སྒོར་རྡོག་ཉི་ཤུ་བོ་ཁོང་ལ་ལོ་སྐལ་ཡིན་ཞེས་ཕུལ་བ་ཡིན་ལ། སེམས་སུ་འདིས་ཁོང་གི་འཚོ་བ་ལ་ཕན་ཐོགས་ཅུང་ཙམ་ཡོད་སྲིད་སྙམ། འོན་ཀྱང་། རྗེས་ནས་གཞན་གྱི་ངག་ལས་ཐོས་པ་ལྟར་ན། ཁོང་ནི་དེ་ལྟ་བུའི་འཚོ་བ་སྟབས་བདེ་ལ་ཐུགས་དགྱེས་པ་ཁོ་ན་ལས། ངའི་སྣང་ངོར་ཡོད་པ་ནང་ལྟར་གྱི་འཚོ་བར་དཀའ་ངལ་ཡོད་མཁན་ཞིག་མིན་པ་ཤེས་སོང་། ཐེངས་ཤིག་ང་རང་ཁོང་ལ་འཚམ་འདྲིར་ཕྱིན་ནས་ཕྱིར་འགྲོ་ཁར། ཁོང་གིས་ང་ལ་དཀར་ཡོལ་ཁྱོད་ཀྱིས་ཁྱེར་ཅིག ཁྱོད་ལ་སྦྱིན་པ་ཡིན་ཞེས་གསུངས་སོང་། ངས་མི་ཚེ་གང་བོར་སྐབས་དེའི་སྤྲོ་སྣང་ཞིབ་མོར་བརྗོད་མི་ཤེས་ལ། དགའ་དྲག་པས་མིག་མཐའ་མཆི་མས་བརླན། ངས་སེམས་ཆུང་ངང་དཀར་ཡོལ་དེ་རང་གི་རུམ་ལ་བཅུག་སྟེ། ཡུལ་ལ་སོང་ནས་ཨ་མར་བཤད་པ་ན། ཨ་མས་ཁྱོད་རང་བསོད་ནམས་ཆེན་པོ་འདུག་ཟེར་ཞིང་། མོའང་དགའ་སྤྲོ་ཆེན་པོ་སྐྱེས་བྱུང་། དེ་ནས་རིང་བོ་མ་འགོར་བར། སློབ་གྲྭ་དང་འཚོ་བའི་དགོས་དབང་གིས་ཁོང་དང་གཏན་དུ་མཇལ་ཐབས་བྲལ་སོང་།

ཕྱི་དྲོ་དུས་ཚོད་དྲུག་པ་ཡས་མས་ལ། བུ་ཆུང་གིས་ལག་གི་ལྟ་འཕྲོར་ལུས་པའི་དཔེ་ཆ་དེ་ཕར་བཞག་ནས། ཨ་མ་འུ་གཉིས་ནང་ལ་ལོག་འགྲོ འདི་ནས་སྡོད་ཡུན་རིང་པས། ད་ནི་ཅུང་ཙམ་སུན་གི་འདུག་ཟེར། ངས་ཀྱང་ཁོ་ལ་ཁག་མི་འདུག་སྙམ་བྱུང་། ཁོ་ནི་ད་དུང་ལོ་བདུན་ཙམ་ལས་སོན་མེད་པའི་བྱིས་པ་ཞིག་རེད། ཉིན་ཕྱེད་རིང་གི་དཔེ་ཀློག་ནི་ཁོ་ལ་མཚོན་ན་ད་དུང་ལོ་ཚོད་དང་མི་འཚམ་པའི་ངལ་ལས་རིང་པོ་ཞིག་ཀྱང་ཡིན་སྲིད། ང་རང་ཁོའི་ལོ་ཚོད་སྐབས་ལ་ད་དུང་ཀ་ཁའི་མགོ་རྐང་ལེགས་པོ་ཞིག་ཀྱང་བསྒྲིག་མི་ཐུབ་པས། ཁོའི་ཚོར་བ་ལ་བསམ་ཤེས་བྱ་རྒྱུ་ནི་འོས་པའི་ལས་ཤིག་རེད། ངས་ཁོ་ལ། འོ་ཡ། མ་ལོ། ལམ་སང་ཡུལ་ལ་ཕྱིན་ནས་རང་ཉིད་ཀྱིས་བལྟ་འདོད་པའི་འགུལ་རིས་ཤིག་ལ་བལྟ་ཆོག་ཅེས་བཤད་ཅིང་། ཡང་ཚིག་དེ་ཁ་ནས་ཤོར་མ་ཐག དེབ་ཀློག་པ་ནི་གོམས་གཤིས་ཤིག་ཏུ་ཆགས་དགོས་པ་ལས། རིན་ཐང་བརྗེ་རེས་ཤིག་ཏུ་གྱུར་ན་མི་འགྲིག་སྙམ་ནས། ལམ་སང་སྐད་ཆ་བཅོས་ནས་ཡུལ་ལ་སོང་སྟེ་ངལ་གསོའི་ཚུལ་དུ་བརྙན་འཕྲིན་ལ་ལྟོས་དང་ཆོག་ཅེས་སྨྲས་པ་ཡིན། གང་ལྟར་ཁོ་རང་དགའ་ཐག་ཆོད་པའི་ངང་ནས། ང་ལ་ཁྱོད་འདྲ་བའི་ཨ་མ་ཞིག་ཡོད་པས་སེམས་ནས་དགའ་ཟེར།

དེང་སང་ཕ་མ་ཚོས་ནམ་རྒྱུན་བྱིས་པའི་ཆེད་དུ་དགོས་མི་དགོས་ཀྱི་སེམས་ཁུར་སྣ་ཚོགས་བྱེད་བཞིན་པ་ནི་དངོས་གནས་སྙིང་རྗེ་བ་ཞིག་རེད། ང་ཚོ་བྱིས་པ་ཡིན་དུས་སློབ་སྦྱོང་གི་ཁོར་ཡུག་ཅེས་པ་ནི་ཡག་པོ་ཞིག་མེད་མོད། ནམ་རྒྱུན་འཚོ་བའི་ཁྲོད་དུ་མི་རྒན་པ་ཚོས་ཁྱོད་ཀྱི་འཚོ་བ་དང་འགྲོ་འདུག་སོགས་ལ་དེ་འདྲ་ཇུས་གཏོགས་བྱ་མི་སྲིད། དེའི་ཕྱིར་བྱ་བ་མང་པོ་ཞིག་ནི་མི་རྒན་པ་དེ་ཚོའི་ངག་ལས་ཐོས་པ་མིན་པར། ཁོ་ཚོའི་སྤྱོད་ལམ་བརྒྱུད་ནས་ཤེས་རྟོགས་བྱུང་བ་རེད། དཔེར་ན་ཕ་མ་ཚོས་ཁ་ཏོན་དགེ་སྦྱོར་རྣམ་དཀར་གྱི་ལས་ལ་འབད་པས། བྱིས་པ་ནར་སོན་དུས་བསམ་པ་དཀར་པོའི་ལས་ལ་མི་ཕྱོགས་པ་དང་ཡ་རབས་སྤྱོད་བཟང་མིན་པ་ཕལ་ཆེར་མེད།

གཟའ་ཟླ་བའི་ཉིན་ནམ་རྒྱུན་ལྟར། སྔ་མོར་ལངས་ནས་ཞོགས་ཇ་འཐུང་ཚར་མ་ཐག བུ་ཆུང་སློབ་གྲྭར་གཏོང་བའི་སྔོན་འགྲོ་ཚང་མ་བསྒྲུབས་ཚར་རྗེས། ཕ་བུ་གཉིས་ཕྱི་ལ་རང་འཁྲིའི་ལས་སུ་ཞུགས་པར་ཕྱིན་སོང་། ངས་དེ་རིང་མུ་མཐུད་དུ《སྦས་ཡུལ》བཀླག་དགོས་ཞེས་ཁེར་ལབ་ཅིག་འཆོར་བཞིན། ལམ་སང་དཔེ་དེབ་ལག་ཏུ་བླངས་ནས་བལྟ་མགོ་བརྩམས། ཁ་སང་གི་བཀླགས་མཚམས་ནི《མ་འོངས་པའི་སྒྲུང》ལ་སླེབས་འདུག ལྷིང་འཇགས་ཀྱི་གནས་ཤིག་ནས་ཁོ་ཧྥེ་འཐུང་ཞོར་ཏུ་དཔེ་ཀློག་ལ་རོལ་བ་ནི་དངོས་གནས་རང་གིས་རང་ལ་གནང་བའི་ལེགས་སྐྱེས་རྩ་ཆེན་ཞིག་ཅི་ལ་མིན། དེ་བས་ངའི་སེམས་སུ་དགའ་སྣང་ཚད་མེད་ཅིག་གིས་ཁེངས་ཡོད། འོན་ཀྱང་། མཚམས་ཤིག་ལ། སྒྲུང་དུ་བྱུང་བའི་དོན་དག་མང་པོ་ཞིག་གི་རྐྱེན་གྱིས། ངས་ནི་མིག་ཆུ་འདོན་ཞོར་དུ་སྒྲུང་བཀླག་དགོས་བྱུང་སོང་།“སྔོན་ཐོན་པ་དག་གིས་དེ་རིང་དེ་ལྟར་བྱོས། སང་ཉིན་གྱི་ཚོགས་འདུའི་སྐབས་དགེ་ལེགས་ཐོད་ཤོའི་རོ་ཁྱིས་མི་ཟ་ནི་ཞིག་བྱེད་རྒྱུ་ཡིན་ཞེས་ཐ་ཚིག་དང་བཅས་རེ་ཞིག་བརྡུང་མཚམས་བཞག”ཅེས་པ་མཐོང་དུས་ང་རང་ཡང་ཕྱིར་དྲན་མང་པོ་ཞིག་གི་ཀློང་དུ་དྲངས། ང་ནི་ནམ་རྒྱུན་གཏམ་བཤད་པ་ལ་མཁས་པ་ཞིག་མིན་པས། སེམས་ཀྱི་ཚོར་བ་དྲག་པོ་མང་པོ། ཇི་བཞིན་དུ་བརྗོད་མི་ཤེས་པ་དེ་ནི་ཐབས་སྡུག་ཅིག་རེད། ངའི་ཨ་མེས་ཀྱི་སྐོར་ནི་ངའི་སེམས་སུ་ནམ་ཡང་བརྣག་ཡོད་ནའང་། ཁ་ནས་བརྗོད་དུས་བྲོ་བ་འགྱུར་འགྲོ་བའི་དོན་དག་མང་པོའི་གྲས་ཀྱི་གཅིག་ཡིན། ཁོང་ནི་ང་རང་ཨ་མའི་མངལ་ཏུ་ཆགས་ནས་ཟླ་ཁ་ལོན་ལ་ཉེ་དུས། དོན་དག་མང་པོའི་དགོས་དབང་གིས་གཞན་ཡུལ་འགྲིམ་དགོས་བྱུང་སོང་བ་ཡིན་ལ། ང་རང་སློབ་ཆེན་ལོ་རིམ་དང་པོ་ཡིན་དུས། ང་ཚོ་བཟའ་མི་གང་བོ་ཡང་བསྐྱར་ངོ་འཕྲད་པའི་ལས་དང་བསྐལ་བ་ཡག་པོ་ལྡན་སོང་། དེ་ནས་བཟུང་ང་ནི་ཁོའི་འགྲོ་རོགས་འདུག་རོགས་ཆེས་ཉེ་ཤོས་ཤིག་ཏུ་ཆགས་སོང་ལ། ང་རང་ཆུང་ངུའི་དུས་སུ་ཁོང་གིས་སྙོར་སྐྱོང་སོགས་བརྒྱུད་མེད་ནའང་། ཁོང་ནི་ང་ལ་ཤ་ཚ་ཞིང་སྙིང་ནས་གཅེས། ང་རང་སློབ་ཆེན་ལོ་རིམ་གཉིས་པའི་སྐབས་སུ། ངེད་གཉིས་སྐུ་འབུམ་དང་ལན་གྲུ་སོགས་ལ་སོང་ནས་ལྷོད་ལྷོད་ངང་སྡོད་སྐབས། ངས་ཁོའི་རྗེ་ངར་དང་རྒྱབ། མཁྲིག་མ་སོགས་སུ་རྨ་ཤུལ་ནག་པོ་ཤིན་ཏུ་ཟབ་མོ་དག་གིས་གང་ཡོད་པ་མཐོང་། ངས་ཁོང་ལ་འདི་ཅིའི་ཕྱིར་བཟོས་པ་རེད་ཅེས་དྲིས་དུས། ཁོང་གིས་ང་ལ་ཧ་ཅང་བག་ལྷོད་པོའི་སྒོ་ནས་སྔོན་ཆད་འཐབ་རྩོད་བྱས་ནས་བྱུང་བ་རེད་ཟེར་ཞིང་། དེ་ལས་ལྷག་པའི་གསལ་བཤད་དང་སྤྲོས་པ་སོགས་མི་བྱེད་པས། ངས་ཀྱང་ཞེད་སྣང་ཞིག་དང་བཅས་སྐད་ཆ་མུ་མཐུད་དུ་འདྲི་རྒྱུ་བསྐྱུར་བཞག་པ་ཡིན།

ཐེངས་ཤིག་ངེད་གཉིས་གྲོང་ཁྱེར་གྱི་དར་ཐང་དུ་འཆམ་འཆམ་ལ་འགྲོ་སྐབས་སུ། ཁོ་དང་ན་ཚོད་ཕལ་ཆེར་མཉམ་པའི་རྒན་པོ་ཞིག་ངེད་གཉིས་ཀྱི་སར་བརྒྱུགས་ཡོང་ནས། ཁྱོད་ངས་སྔོན་ཆད་མཐོང་མྱོང་བ་འདྲ། འོན་ཀྱང་གསལ་པོ་ཞིག་དྲན་གི་མི་འདུག་ཟེར། ཨ་མེས་འཛུམ་བཞིན་དུ། ངས་ཁྱོད་ངོ་ཤེས་ཀྱིན་མི་འདུག་ཟེར། ཨ་མེས་ནི་མི་ཞིག་ཐེངས་གཅིག་མཐོང་རྗེས་གཏན་ནས་ཡིད་ངོས་ནས་འབོར་དུ་མི་འཇུག་པའི་མི་ཞིག་ཡིན་ཞིང་། ཚུར་ཁོ་རང་ངོ་ཤེས་མཁན་ཞིག་ཡིན་ན་ཕར་ངོ་མི་ཤེས་པ་ཞིག་ཕལ་ཆེར་མེད་ཟེར་ཆོག ཁོང་ལའང་ངོས་མི་ཟིན་པའི་མི་ཡོད་པ་མཐོང་དུས་ང་ལ་མཚར་སྣང་ཞིག་སྐྱེས་བྱུང་། ཅུང་ཙམ་འགོར་རྗེས་མི་དེ་ཕར་བུད་སོང་ལ། ཨ་མེས་ཀྱིས་སྐད་མགོ་དམའ་མོས་ངང་ང་ལ་ངས་ཁོ་ངོ་ཤེས་ཀྱིན་འདུག་ཟེར། ངས་དེ་ན་ངོ་མི་ཤེས་ཞེས་ཟེར་དོན་ཅི་ཡིན་དྲིས་པ་ན། ཁོ་ནི་སྔོན་ཆད་ཡུལ་ཚོའི་འབྲུ་མཛོད་ཁང་གི་ལས་བྱེད་ཅིག་རེད། ང་ལ་འཐབ་རྩོད་དྲག་པོ་བྱས་མྱོང་ཟེར། ཨ་མས་ནམ་རྒྱུན་སྔོན་ཆད་ཨ་མེས་ལ་འཐབ་རྩོད་བྱེད་མཁན་ཚོས། ཁོ་རང་མ་སོད་པ་ལས་མ་བསད་པ་ག་ལ་ཡིན་ཟེར། བྱིས་པའི་དུས་སུ་ཁོང་ཚོའི་གནའ་རབས་གླེང་དུས་དེ་ནི་གནའ་གཏམ་ཞིག་རེད་འདོད། དེ་ལྟར་གློ་བུར་དུ་ཧ་ཅང་ཐག་རིང་བའི་སྒྲུང་གི་ནང་མི་སྣ་ཞིག་མངོན་སུམ་མིག་གི་མདུན་དུ་སླེབས་ཤིང་། ཡང་རྒྱང་དུ་ཡལ་བ་མཐོང་དུས་ང་ལ་ཤིན་ཏུ་བརྗོད་དཀའ་བའི་ཚོར་བ་ཞིག་བྱུང་སོང་།

སྡུག་ལ་རྙིང་རྒྱུ་ཡོད་མོད། བརྗེད་རྒྱུ་ག་ལ་ཡོད། ཟླ་འགའི་སྔོན་དུ་བལྟས་པའི《ཨ་ཕྱིའི་དགོངས་ཡངས་ཞུ་བའི་འཕྲིན་པ》(外婆的道歉信)ཞེས་པ་དང《འཚོ་བ་ནི་གཏམ་རྒྱུད་འཆད་ཕྱིར་རོ》(活着为了讲述)ཞེས་པ་སོགས་སུའང་དེ་ལྟ་བུའི་བགྲེས་པོ་བརྗེད་མི་ཐུབ་པ་རེ་ཡོད་ལ། དེ་ཚོ་མཐོང་དུས་ངའི་མི་ཚེའི་གཟི་བརྗིད་དུ་གྱུར་པའི་ཨ་མེས་དང་ཨ་ཕྱི་གཉིས་དྲན་པའི་གདུང་བ་སྔར་ལས་ཇེ་ཟབ་ཏུ་འགྱུར། ཨ་མེས་ཀྱིས་ནམ་རྒྱུན་ཁྱེད་ཚོ་ནི་ཤོག་བུས་བཟོས་པའི་མི་ཞིག་དང་འདྲ། སེམས་སུ་ཅུང་མ་བབས་ན་སྡུག་སླ་ལ། ཡང་དོན་བཟང་པོ་ཅུང་ཙམ་དང་འཕྲད་ན་སྤྲོ་ཡང་སླ་ཞེས་ཟེར། དེ་འདྲའི་སྐད་ཆ་རེ་ནི་ངས་རང་གིས་རང་ལ་དྲན་གསོ་བའི་ཚེ་ནོམ་དུ་ཉར་ཡོད་ལ། ལས་དང་བསོད་ནམས་དམན་པའི་དབང་གིས་ཁོང་ཚོ་ང་ཚོ་དང་མཉམ་དུ་སྡོད་ཡུན་མི་རིང་མོད། ད་ལྟའང་ཁོང་རང་མདུན་ན་ཡོད་པ་བཞིན་བསྒོ་བ་དེ་དག་སྙིང་ལ་འཇོག་བཞིན་ཡོད། ཨ་མེས་ཁོང་རང་མི་ཡུལ་འདི་དང་གཏན་དུ་ཁ་མ་བྲལ་སྔོན་གྱི་ཉིན་འགའི་མཚན་མོར། ཨ་ཕྱི་ཡིས་ཁོང་ལ་ད་དུང་བསྒྲུབ་རྒྱུར་ལུས་པའི་བསམ་དོན་རེ་ཡོད་ན་ཤོད་རོགས་ཟེར་སྐབས། ཁོང་གིས་ད་ནི་བསམ་དོན་ཐམས་ཅད་འགྲུབ་ཟིན་ཟེར་ཞིང་། ཤུལ་གྱི་བཟའ་མི་ཚོ་ལ་རེ་བའི་དོན་གཅིག་ཀྱང་བཅོལ་མ་བྱུང་། ངས་སྣང་ཚུལ་དེ་མཐོང་བ་ན་མིག་ཆུ་རང་དབང་མེད་པར་ཤོར་ཡོང་ལ། ཁ་རོག་གེར་ཁང་པའི་བར་ཁྱམས་སུ་ཕྱིན་དུས། ཕྱི་ནའང་ཁ་བ་ལྷབ་ལྷུབ་ཏུ་འབབ་ཀྱིན་འདུག དེ་ནི་ལྗིད་ཏིག་ཏིག་གིས་ངའི་ཡ་ཁོག་ཏུ་འབབ་པ་དང་འདྲ་བར་དབུགས་ཀྱང་གཏོང་ལེན་དཀའ། དེ་ནས་བརྩིས་པའི་ལོ་ངོ་བདུན་འགོར་རྗེས་ཀྱི་དགུན་ཁ་ཞིག་ལ། ཨ་ཕྱིའང་ང་ཚོ་དང་བྲལ་ཞིང་། ང་ནི་ས་མཐར་ཡོད་པས། ཁོ་མོར་མཇལ་མ་ཐུབ་ཅིང་། བར་ཐག་ཅིག་གིས་ཡིན་ནམ། དུས་ཡུན་ཤིན་ཏུ་རིང་པོ་ཞིག་ལ། དེ་ནི་བདེན་དུ་འཛིན་མི་དགོས་པའི་རྨི་ལམ་ཞིག་རེད་འདོད། འོན་ཀྱང་། ལོ་ཟླ་ཅི་ཙམ་འགོར་ན། ཁོ་མོའི་ཡོད་ཚད་ངའི་སེམས་ཀྱི་ཟབ་ས་ཞིག་ཏུ་ནམ་ཡང་ཡལ་རྒྱུ་མེད་ལ། དྲན་པའང་ཇེ་ལྕི་རེད།

མི་རེ་རེའི་སེམས་སུ་སྦས་ཡུལ་རེ་ཡོད་ངེས་ལ། དེ་རུ་གདོང་ལ་བྱམས་བརྩེའི་གཉེར་རིས་ཟབ་མོ་བབས་པའི་བགྲེས་པོ་བརྗེད་མི་ཐུབ་པ་སྐོར་ཞིག་ཀྱང་ཡོད་ངེས། དེའི་ཕྱིར་རྩོམ་པ་པོ་སྒྱུ་མའི་འཕྲུལ་དང་ལྡན་པའི་ལམ་པ་རུ་བརྫུས་ནས་ང་ཚོ་ཁྲིད་ནས་ཁོང་ཚོ་ལ་རེ་རེ་བཞིན་མཇལ་དུ་བཅུག་པ་ནི་བཀའ་དྲིན་ཤིན་ཏུ་ཆེན་པོར་མཐོང་། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།