ཀྲུང་གོ་བོད་ཀྱི་དྲ་བ།

དོགས་སྣང་།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : མི་སྐྱ་མགོན་རྒྱལ།   སྤེལ་དུས། : 2024-03-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1

“བདེ་སྐྱིད། ཟ་མ་ཟོས་ཡོད་དམ། ཁྱོད་ཚོའི་སློབ་གྲྭའི་ཉེ་འཁོར་ན་ཟ་རྒྱུ་ཞིམ་པོ་ཅི་ཞིག་ཡོད་པ་རེད།”

ང་རང་རླངས་འཁོར་གྱི་ལྟག་རྒྱབ་ཏུ་བསྡད་མ་ཐག ཨ་མའི་གྲོགས་པོ་དེས་ང་ལ་དེ་ལྟར་དྲིས་བྱུང་བས། ང་རང་ཅུང་ཡ་མཚན་པར་བཏང་། ངའི་ཀླད་པའི་ནང་ཐོག་མར་ཤར་འོང་བ་ནི་ད་སྔོན་ཨ་མའི་གྲོགས་པོ་འདི་མཐོང་ཡང་མ་མྱོང་། འདིས་ངའི་མིང་ཇི་ལྟར་ཤེས་པ་ཡིན་ནམ་སྙམ་པ་ལས། ཟ་མ་ཞིམ་པོ་ཟ་ས་ཞིག་གང་དུ་ཡོད་མེད་ལ་བསམ་བློ་འཁོར་མ་ཐུབ་པར་ཡོད་དུས།ཨ་མས་ཁ་ཕྱིར་འཁོར་ནས “ཟ་མ་ཟོས་ཡོད་དམ”ཞེས་དྲིས་བྱུང་།

“ནངས་ཇ་འཐུང་ནས་ཅང་འགོར་མེད་པས། ང་ལ་འཐུང་ས་མེད། ”

“དེས་ན་སྔ་མོ་ནས་ཕྱིར་འགྲོ། འདི་ནས་ཟ་མ་མི་ཟ་རྒྱུ་བྱེད”ཅེས་མོའི་གྲོགས་པོར་བཤད་པས། ཁོས་རླངས་འཁོར་ནང་གི་རྒྱབ་མཐོང་མེ་ལོང་ལས་ང་ལ་ལྟ་བཞིན་འཛུམ་ཙམ་བྱེད།

ལམ་ལ་ཆས་ནས་ཅུང་ཙམ་སོང་རྗེས། ཨ་མས་ང་ལ་རྒྱུགས་སྐར་དྲིས་བྱུང་། སློབ་ཆེན་དུ་སོང་བ་ནས་མོས་ང་ལ་སྔོན་ཆད་བཞིན་བསླབ་བྱ་རེ་རེའི་རྒྱུགས་འབྲས་ལ་ཞིབ་ཏུ་མི་ལྟ་མོད། སྤྱིའི་གནས་ཚུལ་ཙམ་འདྲི་བར་བྱེད། སློབ་ཆེན་དུ་སོང་བ་ནས་ལོ་རིམ་གཉིས་པའི་སྐབས་མ་གཏོགས།ལོ་རིམ་དང་པོ་དང་གསུམ་པའི་སྐབས་སུ་ང་ལ་རྒྱལ་ཁབ་སློབ་གསོའི་རོགས་སྐྱོར་ཐོབ་མྱོང་བས།ངས་ཨ་མར་རྒྱུགས་སྐར་གྱི་གནས་ཚུལ་བཤད་དུས་ཀྱང་རྒྱུགས་འཕྲོད་མིན་གྱི་སྐད་ཆ་ཕལ་ཆེར་བཤད་མ་མྱོང་བ་འདྲ།ངས་མོ་ལ་འཛིན་གྲྭའི་ཨང་དང་པོ་ལེན་ཐུབ་མིན་གྱི་གདེང་ཚོད་བཤད་པ་ཡིན་མོད། དེ་རིང་ཨ་མའི་གྲོགས་པོ་ཡོད་པས།“སློབ་ཆེན་གྱི་རྒྱུགས་དེ་དག་ནི་མང་ཆེ་ཤོས་ཀྱིས་འཕྲོད་སྲིད”ཅེས་པ་ལས་ཨང་དང་པོ་ལེན་ཐུབ་མིན་གྱི་སྐོར་དེ་མོ་ལ་མ་གླེང་།ངས་དེ་ལྟར་བཤད་མ་ཐག ཨ་མས“སློབ་སྐབས་རྗེས་མའི་རོགས་སྐྱོར་ལ་རེ་བ་ཡོད་དམ ”ཞེས་དྲིས་བྱུང་བས། ངས་ལན་མ་བཏབ་གོང་། ཨ་མའི་གྲོགས་པོ་དེས “ཐུབ་ནི་རེད།བདེ་སྐྱིད་སློབ་སྦྱོང་ལ་བཟང་།སྔོན་ཆད་ཀྱང་བླངས་མྱོང་བ་མ་རེད་དམ”ཞེས་གདོང་ལ་སྔར་བཞིན་འཛུམ་གྱིས་ཁེངས་བཞིན་རླངས་འཁོར་གྱི་རྒྱབ་མཐོང་མེ་ལོང་ལས་ང་ལ་ལྟ་ཙམ་བྱས་པས།ངས་ཀྱང་ཕྱིར་འཛུམ་ཙམ་བྱས་པ་ལས་ལན་ཅི་ཡང་མ་བཏབ་མོད།ང་རང་ཅུང་དོགས་མི་བདེ་བ་ཞིག་ཏུ་བཏང་སོང་། ཡིན་ཡང་།ཁོས་དེ་ལྟར་བཤད་དུས་ཀྱི་སྐད་གདངས་ལས་ཁོས་ནི་དོན་ངོ་མར་ཡིད་ཆེས་དང་བཅས་ཏེ་བཤད་བཞིན་པ་འདྲ།

ངའི་མིང་ཆ་ཚང་ལ་བདེ་སྐྱིད་གཡུ་མཚོ་ཟེར་མོད། ངའི་ཁྱིམ་མི་དང་སློབ་གྲོགས་དག་གིས་ང་ལ་བདེ་སྐྱིད་ཅེས་འབོད། ང་ལ་བདེ་སྐྱིད་ཟེར་མཁན་དག་ནི་ང་ཡི་སྣང་ངོར་འགྲོགས་ཤིང་འདྲིས་ཡོད་པ་དག་ཡིན་པས། ཨ་མའི་གྲོགས་པོ་དེས་ང་ལ་ཐོག་དང་པོར་བདེ་སྐྱིད་ཅེས་ངོ་ཤེས་རྙིང་པ་ཞིག་གི་ཚད་དུ་བཞག་ནས་འབོད་དུས་ང་རང་ཅུང་དོགས་མི་བདེ་བར་བཏང་སོང་། ཞིབ་ཏུ་བསམ་ན་དེ་ཙམ་ཡང་མིན་པར།ངའི་ཨ་མ་ལགས་ལ་ཡང་འབྲེལ་བ་ཡོད་པ་འདྲ། ཨ་མའི་གྲོགས་པོ་དག་ནི་བུ་མོ་རྐྱང་རྐྱང་ཡིན་པ་ལས།སྐྱེས་པ་ཞིག་མོའི་གྲོགས་པོ་ཡིན་ཞེས་ངའི་ནུ་མོ་དང་ངེད་གཉིས་ལ་ངོ་སྤྲོད་བྱས་མྱོང་བ་ཞིག་ཕལ་ཆེར་མེད་པ་འདྲ་བས།དེ་རིང་མོའི་གྲོགས་པོ་ཡིན་ཟེར་བའི་སྐྱེས་པ་ཞིག་དང་མཉམ་དུ་ང་ལེན་དུ་ཡོང་དུས། ང་ལ་མཚར་སྣང་འགོག་མེད་ཅིག་བྱུང་སོང་། ཁ་སང་མོས་ང་ལ་སྐད་འཇོག་དུས་སང་ཉིན་གྲོགས་པོ་ཞིག་དང་མཉམ་དུ་ལེན་དུ་ཡོང་ཚུལ་བཤད་དུས་ཀྱང་།ངའི་སེམས་སུ་དེ་ནི་བུ་མོ་ཞིག་ཡིན་ངེས་པར་བསམ་པ་དང་གཞི་ནས་འགལ་བས།ཁོས་ང་ལ་མཐོང་མ་ཐག་ནས་བདེ་སྐྱིད་ཅེས་བོས་པར་དོགས་མ་བདེ་བ་ཡིན་ངེས།དེ་དང་རྐྱེན་བྱས།ཁོས་ང་ལ་འཛུམ་ཙམ་གྱིས་ཁ་བརྡ་བྱེད་པའི་རྣམ་འགྱུར་དག་ཀྱང་ང་ལ་མཚོན་ན་དེ་འདྲའི་རྒྱུན་ལྡན་ཞིག་གམ་གོམས་བདེ་བ་ཞིག་མ་རེད།

ཡུལ་ལ་ལོག་པའི་ལམ་བར་དུ་ང་རང་རླངས་འཁོར་ནང་དུ་ཅུང་ཙམ་རིང་གཉིད་སོང་བས། གཉིད་ལས་སད་དུས་ཕལ་ཆེར་ཡུལ་དུ་ཐོན་ལ་ཉེ་འདུག ཨ་མའི་གྲོགས་པོ་དེ་ནི་ངས་ངོ་མི་ཤེས་པ་མ་གཏོགས་ངེད་ཚང་གི་ཁྱིམ་མི་ཚོས་ཀྱང་ངོ་ཤེས་མཁན་ཞིག་ཡིན་པ་འདྲ།ཁོས་ངེད་ཚང་གང་དུ་ཡོད་མེད་འདྲི་མི་དགོས་པར་ངེད་ཚང་ཡོད་སའི་གཞིས་ཁུལ་དེ་རུ་འཛུལ་སོང་བ་མ་ཟད།ངེད་ཚང་ཡོད་སའི་སྐས་ཚན་ལའང་བློ་དོགས་མེད་པར་ཐད་ཀར་སྒོ་ཁར་བསྐྱལ་རྗེས་གཟོད་ཕྱིར་བུད་སོང་།

2

ཉིན་དེར། ང་རང་སློབ་ཐོན་བྱུང་སྟབས་དངོས་པོ་མང་བས་ཨ་ཕ་ཆེད་དུ་ང་རང་ལེན་དུ་ཡོང་འདུག ཁོས་ང་རང་མཐོང་མ་ཐག ཁྱོད་ལ་དངོས་པོ་མང་བ་ལ། ལོ་ངོ་བཞི་ཙམ་རིང་ཁྱིམ་ཚང་ཆུང་ཆུང་ཞིག་གི་ཚོད་ཅིག་ཆགས་འདུག་ཅེས་ཀུ་རེ་རྩེད་ཞོར་དངོས་པོ་དག་རླངས་འཁོར་དུ་བཞག ངས་ཨ་མ་ཡོང་མེད་པ་མཐོང་ནས“ཨ་མ་ཡོང་མེད་དམ”ཞེས་འདྲི་དུས།

“དེ་རིང་ཨ་མ་གྲོགས་པོ་ཞིག་དང་མཉམ་དུ་ཕྱི་རུ་འགྲོ་དགོས་ཟེར་བས་ཡོང་མ་ཐུབ།”

ངེད་གཉིས་ཀྱིས་མཉམ་དུ་ངའི་གྲོགས་མོ་གཉིས་ལ་བདེ་མོ་བཞག་པ་ཡིན། ང་རང་ཁ་ལོ་པའི་གམ་གྱི་འདུག་སྟེགས་སུ་སྡོད་པར་རྩོམ་དུས། ཨ་ཕས་གློ་བུར་དུ “དེར་ཉེན་ཁ་ཆེ་བས་ཁྱོད་གཞུག་ཏུ་སྡོད”ཟེར།

ངས “འུ་གཉིས་མཉམ་དུ་ཡོད་པས་གཅིག་མིན་ནམ”ཟེར་ཞོར་ལྟག་རྒྱབ་ཏུ་བསྡད།

ཁོས “ང་ཡི་བུ་མོ་བདེ་སྐྱིད་བདེ་ཞིང་སྐྱིད་པོ་ཡོང་དགོས”ཟེར་ནས་ཡང་བསྐྱར་ཀུ་རེ་རྩེད་ཞོར་དགོད་བཞིན་འདུག ཡིན་ཡང་། ངས་རླངས་འཁོར་གྱི་རྒྱབ་མཐོང་མེ་ལོང་ལས་མཐོང་བ་ནི་ཨ་མའི་གྲོགས་པོ་དེ་རེད། ཁོའི་འཛུམ་ཆུང་དེས་ང་རང་ཡང་བསྐྱར་དོགས་མི་བདེ་བར་བཏང་ལ། དེ་དང་མཉམ་དུ་ང་ཡང་གཉིད་ལས་སད།ངས་འདི་དག་རྨི་ལམ་ཙམ་ཡིན་པ་ཤེས་མོད།ངས་ཨ་ཕའི་ངོ་གདོང་དེ་བརྗེད་ཐབས་མི་འདུག

3

ང་རང་ལ་མཚོན་ན་སློབ་སྦྱོང་ལས་གཞན་ལ་སེམས་ཁུར་བྱེད་ས་ཆེར་མེད་པར་བདེ་བླག་ངང་སློབ་ཆེན་གྱི་སྒོ་ཐེམ་འགྲིམས་པའི་ལོ་དེའི་དགུན་ཁར། རློམ་ཐབས་མེད་ལ་རློམ་ཡང་མི་འདོད་པའི་གཏམ་ངན་ཞིག་གིས་ང་རང་རྨང་ནས་འགྱེལ་བར་བྱས། དེ་ནི་ངའི་ཨ་ཕ་ལགས་གློ་བུར་དུ་ང་ཚོ་དང་ཁ་བྲལ་བའི་གཏམ་ངན་དེ་རེད།སྐབས་དེ་ནས་བཟུང་ང་ལ་སྐྲག་སྣང་དང་ཁེར་རྐྱང་གི་ཚོར་བ་ཞིག་གིས་ཡུན་རིང་བཅུམས་ཤིང་།དུས་ཚོད་ཀྱི་གོམ་འགྲོས་དང་བསྟུན་ནས་ཚོར་བ་དེ་ནི་ང་ལ་གོམས་ལོབས་སུ་སོང་བའམ།ཡང་ན་དེ་ནི་ངའི་མི་ཚེ་འདིའི་ཆ་ཤས་ཤིག་ཏུ་གྲུབ།ཨ་ཕ་ལགས་ང་ཚོ་དང་ཁ་བྲལ་ནས་ལོ་གསུམ་འགོར་ཡོད་པའི་དུས་འདི་ལ།ངས་ཀྱང་ད་གཟོད་ཁོང་དྲན་ཞིང་དྲན་པ་དེ་ཅུང་ལྷོད་དུ་ཕྱིན་ཞིང་།དྲན་ན་ཡང་དོན་དངོས་འདི་ལ་གདོང་གཏད་ཐུབ་པ་མ་ཟད།ཁོ་རང་དྲན་ཐེངས་རེ་རེར་དོན་འདི་ལ་གདོང་གཏད་དགོས་པའི་གནས་ལུགས་སེམས་ལ་ཆུད་ཡོད། ཡིན་ཡང་ང་རང་ཆུང་དུས་ནས་དོན་འདི་ལ་གདོང་གཏད་དགོས་བྱུང་བ་ཡང་ལས་ཀྱི་བཀོད་སྒྲིག་ཡིན་པས།ངས་ངེས་པར་ཨ་མ་དང་ནུ་མོ་གཉིས་ལས་སེམས་ཤུགས་བསྐྱེད་ཙམ་དང་སྤོབས་པ་ཆེ་ཙམ་བྱེད་དགོས་པའི་སྙིང་ཕུར་མང་པོ་བརྡབས་རྐྱེན།ད་ལྟའི་ང་ནི་ཅུང་སྤོབས་པ་ཅན་ཞིག་ཏུ་གྱུར་ཡོད་མོད།དོ་དགོང་གི་རྨི་ལམ་འདིས་ང་རང་ཡང་བསྐྱར་རྨང་ནས་བསྒུལ་བར་བྱས།

ཨ་ཕ་ལགས་ཀྱི་ཀུ་རེ་དེ་དག་ཅི་ཞིག་གི་དོན་ཡིན་ནམ། ཁོ་ངའི་རྨི་ལམ་དུ་ཡང་བསྐྱར་ཡོང་དོན་ཅི་ཡིན་ནམ། ཡང་ན་ང་རང་སློབ་ཐོན་བྱུང་དུས་ཁྱོད་བསུ་རུ་ཡོང་དོན་ཅི་ཡིན་ནམ། དྲི་བ་འདི་དག་ངའི་ཀླད་པའི་ནང་བཙངས་འོང་ནས་ང་རང་གཉིད་ཐབས་མེད་པར་བྱས། ཡང་གཅིག་བསམ་ན་འདི་དག་ནི་རྨི་ལམ་ཙམ་ཡིན།སྔོན་མར་ཡང་ཐེངས་གཉིས་ཙམ་ལ་ང་ཡི་རྨི་ལམ་དུ་རྨིས་མྱོང་བ་མ་ཡིན་ནམ།ངས་དེ་ལྟར་རང་གིས་རང་ལ་དེ་ནི་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་ཡིན་ཚུལ་བཤད་ཀྱང་། ཨ་མའི་གྲོགས་པོ་དེའི་འཛུམ་ཆུང་དྲན་ཚེ་ང་ཡང་བསྐྱར་འབྲེལ་བ་ཡོད་མེད་ཀྱི་དོན་མང་པོ་ཞིག་ལ་བསམ་བློ་འཁོར་འགྲོ། ཡར་ལངས་བསམ་དུས་འགྲམ་གྱི་ནུ་མོ་དཀྲོགས་པར་སྐྲག་པས། ངས་དེ་ལྟར་དྲི་བ་སྣ་ཚོགས་ཀྱི་ཁྲོད་ནས་ནམ་ལངས་རག་བར་དུ་བསྒུགས་པ་ཡིན།

4

ངའི་ཨ་ཕ་ལགས་ནི་ང་ཚོའི་རྫོང་མཁར་གྱི་བོད་ཡིག་དགེ་རྒན་ཞིག་ཡིན། ནམ་རྒྱུན་སློབ་མ་ཚོ་དང་མཉམ་དུ་དུས་ཚོད་ཟད་བཞིན་པའི་དགེ་རྒན་ཞིག་ཡིན། ཁོ་ནི་དབྱར་དགུན་གནང་གི་ངལ་གསོ་ལས། ངལ་གསོ་གཞན་དག་གི་སྐབས་ཀྱང་དུས་ཚོད་བཙལ་ནས་སློབ་མ་ཚོ་སུན་སྣང་སྐྱེ་བའི་བར་དུ་བོད་ཡིག་ཟུར་ཁྲིད་དང་བློར་འཛིན་གྱི་ལས་སོགས་ལྷུར་དུ་ལེན་མཁན་ཞིག་ཡིན།འདིའི་དོན་དུ་ངའི་ཨ་མ་ལགས་དང་ཁོ་གཉིས་ཀྱི་བར་དུ་ཡང་བཟའ་འཁོན་མང་པོ་ཞིག་བྱུང་མྱོང་།མོས་རྒྱུན་དུ་ཁྱོད་ཀྱིས་ཡར་སྐྱེད་མེད་པའི་སློབ་མ་དེ་དག་གི་དོན་དུ་དུས་ཚོད་གཏོང་བ་ལས་སྐབས་རེར་བུ་མོ་གཉིས་ལ་ཟུར་ཁྲིད་རེ་བྱས་ཀྱང་ཆོག དེ་མིན་ཚེ་ང་ལ་རོགས་བྱས་ཏེ་ཚོང་ཁང་ལ་བལྟས་ཀྱང་ཆོག ངས་ཀྱང་ངལ་རེ་གསོ་འདོད་ཅེས་བཤད་ནའང་།ཨ་ཕ་ལགས་ནི་ཁོང་ཁྲོ་ལངས་པའི་སྐབས་ཤིན་ཏུ་ཉུང་ལ།སྐབས་རེར་ཐད་ཀར་སློབ་གྲྭའི་ནང་དུ་བུད་འགྲོ།དེའི་རྗེས་སུ་ཨ་མ་ལགས་ལ་ཡང་བྱ་ཐབས་མེད་པར་ངེད་གཉིས་ལ་ལས་བྱ་དང་ཁྱིམ་ལས་སོགས་བཀོད་སྒྲིག་ཅིག་བྱས་རྗེས་མོའི་ཚོང་ཁང་ནང་དུ་བུད་འགྲོ། ཨ་མ་ལགས་ཀྱིས་ཚོང་ཁང་འདི་བཟུང་ནས་ལོ་བདུན་བརྒྱད་ལྷག་འགོར་ཡོད།5

ངའི་དྲན་འཛིན་ངོས་སུ་མོ་ནི་རྫོང་མཁར་འདིར་ཆའོ་ཏན་གྱོན་ཆས་ཚོང་ཁང་ཐོག་མར་ཕྱེ་བ་ནས་བཟུང་དེ་གའི་ལས་བཟོ་པར་གྱུར་ཅིང་དེ་གར་ཡུན་རིང་ལ་བསྡད།ཐོག་མར་དེ་རུ་འགྲོ་ཐུབ་པ་ནི་མོས་སྐབས་དེར་རྒྱ་སྐད་བརྡ་འཕྲོད་ཐུབ་པ་རེ་དང་རྒྱ་ཡིག་འགའ་རེ་ཡང་ཤེས་བཞིན་ཡོད་པས་ཡིན་སྲིད། དེའི་རྗེས་ཀྱང་གྱོན་པ་རྟགས་ཅན་བཙོང་ས་འགའ་རེའི་ནང་སོང་ནས་བྱ་བ་བསྒྲུབས། ང་རང་སློབ་ཆུང་ལོ་རིམ་དྲུག་པའི་སྐབས་ཤིག་ལ་མོའི་ད་ལྟའི“སྐྱེས་མའི་ལུགས་གསར་གྱོན་ཆས”ཞེས་པའི་གྱོན་ཆས་བཙོང་ས་འདི་ཕྱེ་བ་རེད།ཨ་མ་ལགས་ནི་གྱོན་པ་སོགས་བཟོ་ལྟ་གསར་པའི་རིགས་གྱོན་པར་དགའ་ཞིང་གྱོན་པའི་སྡེབ་སྒྲིག་ལ་ཡང་ཅུང་དང་དོད་བྱེད་ཅིང་། དེའི་ཕྱོགས་ནས་ཅུང་ཤེས་པའི་རང་རློམ་ཡང་ཡོད། དུས་རྒྱུན་ཨ་ཕ་ལགས་དང་ངེད་གསུམ་གྱི་གྱོན་ཆས་གང་ཞིག་ཇི་ལྟར་གྱོན་པའི་ཐད་མོས་རྒྱུན་དུ་སློབ་སྟོན་མང་པོ་བྱེད་ངེས་ལ།སྐབས་རེར་འདི་ལས་ཡང་ང་ཚོར་ཚིག་རྩོད་ཤོར་འགྲོ་དུས་ཡོད།ཡིན་ཡང་།ང་རང་སློབ་ཆེན་དུ་སོང་བ་ནས་བཟུང་མོས་ངའི་གྱོན་པ་གྱོན་སྟངས་སོགས་ཀྱི་ཐད་དེ་འདྲའི་ཐེ་གཏོགས་དང་བསམ་འཆར་མི་བཤད་པ་ཞིག་ཏུ་གྱུར་འདུག་པ་མ་ཟད།མོའི་ཚོང་ཁང་དུ་སོང་ནས་གྱོན་པ་ཡིད་དུ་འོང་བ་དག་ང་ལ་དགོས་ཚུལ་བཤད་ཀྱང་གྱོན་མི་ཆོག་ཚུལ་བཤད་དུས་མེད།

ངང་སྒུག་གི་དུས་ཚོད་ནི་ཆེས་རིང་བ་ཡིན་ཟེར་བ་དེ་ནི་ཅི་འདྲའི་བདེན་ཨང་། སུས་ཀྱང་འདིའི་དོན་རྟོགས་མོད། ད་ལྟའི་ང་ལས་རྟོགས་མཁན་ཞིག་ཡོད་མི་སྲིད་ཨང་སྙམ་པ་ཞིག་ཀྱང་ཡིད་ལ་སྐྱེ། དོ་དགོང་ང་རང་འདི་ལྟར་རྨང་ནས་སྒུལ་དོན་གཅིག་ནི་ཨ་མ་ཡུལ་དུ་མེད་པས་ཀྱང་ཡིན་ངེས། ཨ་མ་ངེད་གཉིས་ཡུལ་དུ་ཐོན་ནས་ཅུང་མ་འགོར་བར་ནུ་མོ་ཡང་དགུན་གནང་བཏང་ནས་ཡུལ་ལ་ཐོན།ཨ་མས་ངེད་གཉིས་ལ་དུས་རྒྱུན་སློབ་གྲྭ་ནས་ཐོན་དུས་སློབ་གྲྭ་ནས་ཤ་ཟ་ཐུབ་མེད་ཅེས་ཟས་ཤ་ཅན་གྱི་རིགས་ཤིག་བཟོ་བར་བྱེད།དེ་རིང་ཡང་དེ་དང་འདྲ་བར་ཨ་མས་ཆུ་མོག་བཟོ་ཟེར་བས།ང་ཚོས་མཉམ་དུ་སློབ་གྲྭའི་ནང་གི་དོན་དག་གླེང་ཞོར་ཆུ་མོག་ལས་རྒྱུ་མགོ་བརྩམས་པ་ཡིན་ལ།དེ་དུས་ཨ་མའི་སྐད་འཕྲིན་དུ་ཡི་གེ་མང་པོ་འབྱོར་བཞིན་འདུག་ལ།ཁོ་མོས་སྐབས་རེར་དེ་ལ་ལྟ་ཙམ་གྱིས་ཕྱིར་ཡི་གེ་མི་བསྐུར་ལ།ཡང་བསྐྱར་ཡི་གེ་རེ་འབྱོར་དུས་ཕྱིར་ཡིག་ལན་སྐུར་བར་བྱེད། ངེད་གཉིས་ཀྱིས་དེ་ལ་སྣང་དོགས་ཅུང་ཙམ་ཡང་མ་བྱས་མོད།ང་ཚོས་མཉམ་དུ་ཆུ་མོག་ཟ་བཞིན་པའི་སྐབས་དེར་ཁོ་མོར་ཁ་པར་ཞིག་སླེབས་ཀྱང་མོས་ཁ་ཡ་མ་བྱས་པར་བཞག རྗེས་སུ་ཡང་བསྐྱར་ཡི་གེ་སྐོར་ཞིག་བསྐུར་ཡོང་བས། ཁོ་མོས་ཕྱིར་ཡི་གེ་ཞིག་བསྐུར་རྗེས།དཀར་ཡོལ་ནང་གི་ཆུ་མོག་མགྱོགས་པོར་ཟོས་པ་དང་མྱུར་ཏུ་གོན་པ་གྱོན་ཞོར་ངེད་གཉིས་ལ“ང་མྱུར་ཏུ་ཨ་ཅེ་ཚེ་རིང་ལྷ་མོ་ཚང་ལ་ལན་ཅིག་འགྲོ་དགོས་པས། ཁྱོད་གཉིས་ཀྱིས་འཐུང་ཚར་ན་དཀར་ཡོལ་དག་བཀྲུ་བཤལ་བྱས་ནས་སྡོད་དང་།ཨ་མ་མྱུར་ཏུ་ཕྱིར་ཐོན་ཡོང” ཞེས་བཤད་རྗེས་ཕྱི་རུ་བུད་སོང་བ་མ་ཟད། ཡུད་ཙམ་འགོར་རྗེས་ངའི་སྐད་འཕྲིན་དུ་ཡི་གེ་བསྐུར་ནས “ཨ་མས་དེ་རིང་ཨ་ཅེ་ཚེ་རིང་ལྷ་མོ་ལ་འདུག་རོགས་ཤིག་བྱེད་དགོས་པས། ཁྱེད་གཉིས་ཡུལ་དུ་བསྡད་ན་ཨེ་སྐྲག”ཅེས་རྒྱ་ཡིག་གིས་བསྐུར་འདུག་པར། ངས་ནུ་མོ་ལ་དེ་ལྟར་བཤད་རྗེས“ཡ་ཡ ཨ་མ། ནུ་མོ་ཡོད་ན་ངེད་གཉིས་སྐྲག་མི་སྲིད”ཅེས་བསྐུར་བ་ཡིན།

ད་ལྟ་དེ་དག་ལ་ཕྱིར་འདང་བརྒྱབ་ཚེ། དེ་ནི་ཨ་མ་ལགས་ཀྱིས་ངེད་གཉིས་གཅིག་པུ་ཡུལ་དུ་བཞག་ནས་སོང་བ་ཐོག་དང་པོ་ཡིན་སྲིད། ལྷག་ཏུ་སློབ་གྲྭ་ནས་ཕྱིར་ཡོང་བའི་ཉིན་དང་པོར་ངེད་གཉིས་ཡུལ་དུ་བསྐྱུར་མི་སྲིད། ཨ་ཅེ་ཚེ་རིང་ལྷ་མོ་ནི་ཨ་མའི་གྲོགས་མོ་བཟང་ཤོས་ཡིན་ལ།ངེད་ཚང་ལ་ཡོང་ཐེངས་ཆེས་མང་བའི་ཨ་མའི་གྲོགས་མོ་ཡང་ཡིན།ཡིན་ཡང་། རྒྱུན་ལྡན་ལྟར་ན་ཨ་ཅེ་ཚེ་རིང་ལྷ་མོ་ངེད་ཚང་ལ་ཡོང་ནས་ཞག་འདུག་བྱེད་སྲོལ་ཡོད་པ་མ་གཏོགས། ཨ་མ་ཕར་སོང་ནས་ཞག་འདུག་བྱས་པ་ཞིག་ཕལ་ཆེར་ངའི་དྲན་ངོས་ན་མི་འདུག དེ་ནི་ངེད་ཚང་དུ་ཨ་མ་དང་ངེད་མ་བུ་གསུམ་མ་གཏོགས་མེད་པས་ཁོ་གཉིས་ཀྱང་ཅི་འདོད་ལྟར་བསྡད་ཆོག་པར་འབྲེལ་བ་ངེས་ཅན་ཡོད་སྲིད། འདི་ལྟར་བསམ་བཞིན་བསམ་བཞིན་ངས་ཁོ་མོ་གང་ཞིག་ཏུ་བུད་སོང་བར་ཡང་དོགས་པ་ཞིག་སྐྱེས་ཡོང་།ཨ་མས་ནམ་ཞིག་ལ་ཁོ་རང་ངོ་ཤེས་པ་དང་ག་དུས་ཤིག་ལ་གྲོགས་པོར་གྱུར་པ་ཡིན་ནམ། ཁ་སང་ཁོ་གཉིས་གང་ཞིག་ནས་ང་རང་ལེན་དུ་ཡོང་བ་ཡིན་ནམ་སོགས་ཀྱི་དོགས་པ་སྣ་ཚོགས་གཅིག་འཕྲོར་གཅིག་མཐུད་ཀྱིས་བཙང་འོང་།བལྟས་ཚོད་ཀྱིས་སྐྱེས་པ་དེ་ནི་ངའི་ཨ་མ་ལས་ལོ་ཅུང་ཟད་ཆུང་སྣང་ལྡན་པ་ཞིག་རེད་ལ།ཁོས་རླངས་འཁོར་རྫིག་པོ་ཞིག་ཀྱང་བསྐོར་འདུག དེ་ལྟར་ངས་ཁོའི་བྱ་བྱེད་དང་ཁོ་རང་ལས་ཀ་ཅི་ཞིག་བྱེད་མཁན་ཞིག་ཡིན་ནམ་སོགས་ལ་བསམ་བློ་འཁོར་ཏེ་ང་རང་མུན་ནག་གི་གཏིང་རིམ་ཞིག་ཏུ་བྱིངས་བཞིན་འདུག་པས། ངས་རང་གི་ཨ་མར་འདི་ལྟར་དོགས་པ་ཟ་མི་འོས་ཞེས་རང་གི་དྲན་ཚུལ་དེ་གཞན་ཞིག་ལ་བསྐོར་ཅི་ཐུབ་བྱས་པ་ཡིན་ལ། ཁ་པར་བླངས་ནས་ཨ་མར་ཁ་པར་ཞིག་གཏོང་འདོད་སྐྱེས་ཀྱང་། དེ་ཡང་མི་འོས་བསམ་ནས་ཉན་ཆས་བཙལ་རྗེས། སྒེའུ་ཁུང་གི་འོད་སྣང་ལ་བསྒུགས་ནས་བསྡད། །


 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།