འདི་ནས་ཡར་ལ་བརྩིས་པའི་ལོ་ངོ་བདུན་གྱི་སྔོན་ལ་གྲོགས་པོ་ངེད་གཉིས་དམིགས་མེད་དུ་མཐོན་པོ་སྒང་དུ་ཐེངས་གཅིག་འགྲོ་མྱོང་། རུ་ཕྱུག་སྡེ་བར་འཐེན་ཡོད་པའི་རྐང་ལམ་བརྒྱུད་དེ་མོ་བློན་མཐོན་པོ་གཟས་ཏེ་སོང་། གྲོགས་པོས་འབྲོག་སྡེ་འདི་ཡི་ལོ་རྒྱུས་ཀྱི་ཆགས་འཇིག་དང་འབྲེལ་ནས་སྙིང་གཏམ་མང་པོ་ཞིག་ལབ་འདོད་ཡོད་ཀྱང་། རི་རྩེར་སྨུག་གིས་གཡོགས་པ་ལྟ་བུའི་སྐབས་ཐོག་གི་སེམས་ཁམས་ཤིག་གིས་ངས་དེར་ཡེ་ནས་ཉན་འདོད་མ་བྱུང་། གྲོགས་པོས་ནན་གྱིས་ང་ལ་རང་གི་མེས་པོ་ཚོ་གནས་འདི་ནས་གྱེས་ཤིང་སླར་འདི་རུ་འཛོམས་པ་དེ་རླབས་ཆེ་ལ་བསོད་ནམས་ལྡན་པ་ལའང་ཟེར། ངས་ཁོའི་སེམས་ཁམས་ཧྲིལ་གྱིས་མཐོང་ན་ཡང་། དུས་ཀྱི་འགྱུར་ལྡོག་དང་ལོ་རྒྱུས་ཀྱི་ཆགས་འཇིག་ནི་སུས་ཀྱང་ལྡོག་ཏུ་མེད་པའི་རི་གཟར་རྦབ་རྡོ་ལྟ་བུ་ཡིན་པས། གནས་ལུགས་དེ་སེམས་སུ་དྲན་ཀྱང་ངག་ལས་ཤོད་མ་ནུས།
མཐོན་མཐིང་དབྱིངས་སུ་སྤྲིན་དཀར་གྱི་འདབ་མ་གྲོལ་ཞིང་། ས་གཞིའི་སྟེང་དུ་སྡུག་གུར་བཀྲ་བའི་མེ་ཏོག་གི་ལང་ཚོ་ངོམ། གསེར་དངུལ་ཐང་དུ་འབོད་པའི་སྤང་གཞོང་འདིས་དངོས་གནས་ངའི་སེམས་ཀྱི་སྡུག་བསྔལ་སེལ་ཞིང་། སྐབས་ཅིག་ལ་སྤྲོ་སྣང་དང་འགྲོགས་པའི་ཕྱིར་དྲན་སྣ་ཚོགས་ཤིག་ཡུན་གྱིས་མིག་ལམ་དང་སེམས་ངོར་འཇགས་པར་བྱས་པས། ང་ལ་སྔར་མེད་ཀྱི་དུངས་པ་དང་ཡིད་གདེང་ཞིག་གིས་སེམས་ཀྱི་ག་ཤེད་ཅིག་ལ་ཙག་ཤེད་ལྟ་བུའི་ཚོར་བ་ཞིག་དང་བག་ཡངས་དང་སྣང་བ་འདྲེས་པ་ལྟ་བུའི་སེམས་ཚོར་ཞིག་ཀྱང་བསྟུན་མར་གནང་སོང་། ཡིན་ནའང་། སྔར་བཞིན་རང་སེམས་སུ་གསལ་བའི་འགལ་འདུ་དང་ལྡོག་འདྲིའི་དྲི་བ་ཁ་ཤས་ཀྱིས་སེམས་པ་དུབ་པར་བྱས་ཤིང་འཁྱག་པར་བཏང་། རྒྱུས་མེད་ནས་ཆ་ཡོད་དང་། ཆ་ཡོད་ནས་རྒྱུས་ཡོད་དུ་གྱུར་བའི་འབྲོག་སྡེ་འདི་ཡི་གནས་བབས་འདི་ལ་དབང་མེད་དུ་བསམ་གཞིག་ཅིག་མི་གཏོང་ཐུ་མེད་དུ་ཆགས།
གཞི་ནས་མཐོན་པོ་སྒང་རྩེར་བུད་ཟིན། ངེད་གཉིས་ཀྱིས་དབང་མེད་དུ་ཀི་རིང་ཞིག་བཏབ་ཅིང་སོ་སོའི་སེམས་ངོར་བཞུགས་པའི་དད་འདུན་གང་ཞིག་ལ་ལྷ་གསོལ་གྱི་སྨོན་པ་བྱས་ཤིང་། སྐྱོ་གདུང་དང་འདྲེས་པའི་སེམས་ཀྱི་ངལ་དུབ་ཅི་རིགས་གནས་འདིར་བྱོ་བར་བྱས། ཕན་ཚུན་གྱི་སྐེ་རུ་འཐམ་ནས་མུ་མཐུད་དུ་མཐོན་པོ་སྒང་གི་རི་རྒྱུད་དེད་དེ་སོང་། གྲོགས་པོས་གློ་བུར་དུ་འདི་ནས་བལྟས་ཚེ་རྒྱང་དུ་ཡོད་པའི་འབྲོག་སྡེ་དེར་ཁོའི་མ་འོངས་པའི་སྐྱ་ཡ་ཡོད་ཟེར། ངས་དེ་མུར“ལས་ཀྱི་རླུང་བུ་གར་གཡུགས་ཁྱོད་ཀྱིས་ཤེས་ཐབས་མི་འདུག”ཅེས་རྩེད་མཚར་བྱས་ནའང་། གྲོགས་པོའི་གཟབ་ནན་དང་དྲན་གདུང་གི་རྣམ་འགྱུར་དེས་ངེད་ལ་ཏབ་ཅིག་འཇམ་ཅག་གེར་བཏང་།
གྲོགས་པོས་མཐོན་པོ་སྒང་དང་འབྲེལ་བའི་ངག་རྒྱུན་མང་པོ་བཤད་ནའང་། སེམས་སུ་འབབ་པའི་ངག་རྒྱུན་གཅིག་ནི་ས་འདིའི་རི་དག་ལས་ཆེ་ཆེར་མཐོ་བས་མཐོན་པོ་སྒང་ཞེས་མིང་ཐོགས་པར་བཤད་པ་དེ་དོན་དང་མཐུན་པར་འདོད། དེ་མིན་ཆོས་ལུགས་དང་ལྷ་སྒྲུང་གི་རྒྱུན་ལ་བརྒྱུས་པའི་ངག་རྒྱུན་དེ་དག་ངའི་བློ་ངོར་ཡེ་ནས་འཕྲོད་ཀྱིན་མི་འདུག ངོས་གཞན་ཞིག་ནས་བལྟས་ཚེ་ཆོས་ལུགས་དང་ལྷ་སྒྲུང་གི་རྒྱུན་ལ་བརྒྱུས་པའི་ངག་རྒྱུན་དེ་དག་ལའང་དོན་སྙིང་ཞིག་ཡོད་ཀྱང་སྲིད་མོད། དངོས་གནས་མཐོན་པོ་སྒང་འདི་ཤིན་ཏུ་མཐོ་སྟེ། མཐོན་པོ་སྒང་གི་རྩེ་ནས་བལྟས་ཚེ་བྱེ་མ་ལ་བདུན་དང་མཚོ་སྔོན་པོའི་ལྷོ་རི་སྟེ་བློན་པོ་གསེར་ཆེན། མཐིང་མདོག་གི་ལྟེམས་མེར་འཁྱིལ་བའི་མཚོ་སྔོན་པོ་དང་དེ་ཡི་དཀྱིལ་དུ་ཀྲུང་ངེར་བཞུགས་པའི་མཚོ་སྙིང་མ་ཧྭ་དེ་ཝ། མདོ་དབུས་མཐོ་སྒང་གི་སྒལ་གཞུང་དུ་འཐེན་པའི་མཚོ་བོད་ལྕགས་ལམ། ཡུལ་སྐོར་བའི་མཚང་ཁ་ཤིག་ཤིག་བྱེད་སའི་མཚོ་སྔོན་པོའི་བྱང་རྒྱུད་ཀྱི་བྱེ་གླིང་། བྱ་རིགས་སྣ་བརྒྱའི་གྲེ་འགྱུར་སྒྲོག་སའི་གནས་མཆོག་བྱ་གླིང་། མཚོ་སྔོན་པོའི་བྱང་འགྲམ་གྱི་བྱེ་མ་རྔ་རྡུང་གི་རྟེན་སྐལ་དུ་ཡོད་པའི་མཚོ་ཆུང་ནོར་བུ། ཚངས་དབྱངས་རྒྱ་མཚོས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པའི་ཁེ་རམ་ཐང་། མཚན་གྱི་གྲགས་པ་འབར་བའི་མདོ་ལ་རི་རྒྱུད། ཨ་མྱེས་རྨ་ཆེན་གྱི་སྲས་སུ་འབོད་ཅིང་ཁུ་ནུ་རི་རྒྱུད་དུ་གཏོགས་པའི་མདའ་བཞིའི་མཐོན་པོ་བཅུ་གསུམ་གྲས་ཀྱི་མཐུ་ལྡན་ཨ་མྱེས་ཞལ་དཀར། མཚོ་བྱང་གི་སྲིད་འབྱོར་རིག་གསུམ་ལྟེ་བར་གྲགས་པའི་ནུབ་མཚོ་གྲོང་རྡལ། རི་བརྒྱ་ལྷུན་པོས་བསྐོར་བའི་ཨ་མྱེས་བུ་རྒོད། རྒྱ་བཟའི་མེ་ལོང་བསྐྱུར་ནས་འཁྲེང་ཞེན་གྱི་ཉག་ཁ་བརྒལ་ས་ཉི་ཟླ་རི་བོ་སོགས་མཚན་དང་སྙན་གྲགས་ཆེ་ཞིང་། བྱིན་རླབས་ཀྱི་ཚན་ཁ་འབར་བའི་མཐོན་པོ་སྒང་འདིའི་མཐར་སྐོར་གྱི་མཛེས་ལྗོངས་དག་ཧྲིལ་གྱིས་མཐོང་ཐུབ་པས། སེམས་སུའང་དེ་མ་ཐག་ཉེ་འགྲམ་གྱི་རི་བོ་དག་ལས་ཤིན་ཏུ་མཐོ་བས་མིང་ལའང་མཐོན་པོ་སྒང་ཞེས་ཐོགས་པའི་ངག་རྒྱུན་འདི་ནི་ལུགས་དང་མཐུན་པ་ཞིག་རེད་སྙམ་པའི་ཚོར་སྣང་ཡང་བླ་ལྷག་སྦྱིན། གྲོགས་པོས་ཀྱང་ངའི་བསམ་ཚུལ་དེར་མོས་མཐུན་ཡོད་པའི་འཛུམ་མདངས་བསྟན་ཞིང་དེ་མུར་མཐོན་པོ་སྒང་གི་ཁོ་ར་ཁོར་ཡུག་གི་མཛེས་ལྗོངས་ལ་རོལ་མྱོང་བྱས།
གནས་འདི་ནི་མཁས་ཆེན་མང་པོ་ཞིག་གི་འཁྲུངས་ཡུལ་ཡིན་པས་ངས་ནམ་རྒྱུན་སྔོན་རབས་རྣམ་ཐར་དང་ལོ་རྒྱུས་ཀྱི་དྲན་ཐོ་སེམས་ལ་བཅངས་ནས་དང་དོད་བྱེད་ཀྱིན་ཡོད། ལ་མོ་ཞབས་དྲུང་དཀར་པོ་དང་ཞྭ་དམར་པཎྜ་ཏ་སྐུ་ཕྲེང་རིམ་བྱོན་མང་པོས་གནས་འདིར་རིག་གནས་སྲིད་འབྱོར་གྱི་མཛད་པ་ཆེ་ཆེར་བསྐྱངས་མྱོང་ཞིང་། མདའ་བཞི་ཚོ་བདུན་གྱི་མངའ་སྡེ་རྣམས་ལ་བྱམས་ཀྱིས་བརྩེ་ཞིང་བྱིན་གྱིས་རླབས། དེ་བས་མཐོན་པོ་སྒང་གི་མངའ་འོག་དང་གསེར་དངུལ་རྩྭ་ཐང་གི་གཞི་རུ་ཆགས་པའི་འབྲོག་སྡེ་འདི་དག་དུས་ཀྱི་རླུང་བུས་ཕྱོགས་སུ་གཏོར་ནའང་། ད་ལྟ་སླར་ཡང་གཞི་འདི་རུ་འཛོམས་པའི་དགའ་སྐྱིད་ཀྱི་ཡོ་ལང་དེ་ཡུལ་འདིའི་མི་དག་གིས་བསྐལ་བའི་བར་དུའང་བརྗེད་མི་སྲིད་སྙམ།
ངེད་གཉིས་རི་སྐེད་དུ་ཐོན་རྗེས་ངལ་གསོ་ཏོག་ཙམ་བྱས་ཤིང་མུ་ནས་མར་ཡོང་བ་ཡིན། ཡང་གྲོགས་པོས་གློ་བར་དུ་ཕ་ཡུལ་ནི་སེམས་ཀྱི་འཁྲི་ཤིང་དང་ལས་ཀྱི་རྟེན་ས་ཡིན་ནའང་། མཚམས་རེར་ཕ་ཡུལ་ལ་སུན་ཞིང་ཤིན་ཏུ་སྡང་། ཡིན་ནའང་བསྐྱུར་མི་ཐུབ་པ་ཕ་ཡུལ་རེད་ཟེར། ངས་དེ་མུར་ཁོ་ལ་ལྡོག་འདྲིའི་ཚུལ་གྱིས་ཁྱོད་ཀྱིས་ཕ་ཡུལ་ཟེར་བ་གང་ཞིག་ལ་ངོས་འཛིན་གྱིན་ཡོད་ཅེས་དྲིས་པས། གྲོགས་པོས་ཅི་ཡང་མི་ཟེར་བར་བསམ་གཞིག་གི་ཀློང་དུ་བྱིངས། ངས་ཡང་བསྐྱར་ཕ་མ་དང་གཉེན་ཉེ་ཡོད་ས་ཙམ་དུ་ཕ་ཡུལ་ཟེར་མི་འདོད་ལབ་རྗེས། ཡང་གྲོགས་པོས་སྒོ་ཕྱུགས་དང་ཁང་བ་ཙམ་ཞིག་ཡོད་ས་དེ་ལ་ཡང་ཕ་ཡུལ་ཟེར་མི་འདོད་ཟེར། ངས་ཆུང་དུས་ཀྱི་རྩེད་རོགས་དང་དྲན་གདུང་ཡོད་ས་དེ་ལ་ཕ་ཡུལ་ཟེར་འདོད་ཅེས་ལབ་པས། ངེད་གཉིས་གློ་བུར་དུ་ཁ་རོག་གེར་འདུག་དགོས་པའི་བར་སྐབས་ཤིག་བྱུང་། སེར་ལམ་ལམ་གྱི་ཉི་རྩེ་མཐོན་པོ་སྒང་གི་ཕྲག་གོང་ནས་རྒྱང་དུ་བཞུད་ནའང་། སེམས་ཀྱི་དྲོད་ལམ་ལམ་གྱི་སྐད་ཆ་ཁ་ཤས་ཀྱིས་ངེད་གཉིས་ད་དུང་བསམ་གཞིག་གི་ཀློང་དང་ཕྱིར་དྲན་གྱི་དབྱིངས་སུ་ཁྲིད། ངས་སྔར་བཞིན་གྲོགས་པོ་ལ་འུ་གཉིས་ཀྱིས་ཕ་ཡུལ་བསྐྱུར་ནས་རྒྱང་རིང་གི་ས་མཐའ་ཞིག་ལ་འགྲོ་ཞེས་གྲོས་མགོ་བཏོན་མ་ཐག གྲོགས་པོས་རྣམ་རིག་གྲུང་གྲུང་གིས་ང་ལ་བལྟས་ནས་འདི་ལ་ཡང་འཐད་དོ་ཟེར། ལོ་ངོ་གཉིས་ཀྱི་རྗེས་སུ་གྲོགས་པོས་དངོས་སུ་ཕ་ཡུལ་བསྐྱུར་ནས་ལྷ་སར་ཆས་སོང་། ལྷ་སར་སོང་ནས་ལོ་ངོ་ལྔ་འགོར་རྗེས། ངས་སྔར་བཞིན་ཕ་ཡུལ་བློས་མ་ཐོངས་ཤིང་གྲོགས་པོ་ཡང་རིམ་གྱིས་བོར།
ལོ་ཟླ་ནི་འདི་ལྟར་གདུག་རྩུབ་ཀྱིས་བཞུད་ཅིང་འདི་ལྟར་ཁྲེལ་མེད་ཀྱིས་བཞག་ནས་འགྲོ་བས། མཚམས་རེ་ངས་བློས་མི་ཐོངས་པའི་གཏམ་རྒྱུད་དང་བརྩེ་དུང་དེ་དག་རྒྱང་དུ་བསྐྱུར་ནས། ཕ་ཡུལ་མིན་པའི་ཕ་ཡུལ་ལྟ་བུ་ཞིག་ལ་ཅིས་ཀྱང་ལོག་འདོད་ཆེ་ཡང་། འདི་ནི་ང་གཅིག་པུའི་འདོད་ཚུལ་མིན་པར་ཁྱོད་རང་ཐེ་བའི་འུ་ཅག་གི་འདོད་ཚུལ་ཡིན་པ་ང་ལ་གདེང་ཚོད་ཡོད་དེ། གྲོགས་པོས་ཀྱང་ཕ་ཡུལ་བསྐྱུར་ནས་ཕ་ཡུལ་ལྟ་བུའི་ས་ཆ་གཞན་ཞིག་འགྲོ་བ་འདི་ཡང་གནས་ལུགས་མེད་པའི་གདམ་ཀ་ཞིག་ག་ལ་ཡིན་སྲིད། ང་རང་མཐོན་པོ་སྒང་དང་བརྒྱུད་ནས་ཕ་ཡུལ་ལ་འགྲོ་སྐབས་འདི་འདྲའི་བསམ་ཚུལ་གང་མང་སྐྱེས་མྱོང་།
ཐེངས་འདིར་ཡང་པེ་ཅིན་ན་སློབ་གཉེར་བྱེད་བཞིན་པའི་གྲོགས་མོ་ལགས་ཀྱིས་སྐྱེ་ཁམས་ཡུལ་ངོས་བརྟག་དཔྱད་ཀྱི་ལས་གཞི་ཞིག་ལ་རོགས་དན་གྱི་གྲོས་བཏོན་པས། མོ་དང་འགྲོ་རོགས་བྱས་ཏེ་མཐོན་པོ་སྒང་ལ་ཡོང་བ་ཡིན། ང་ལ་རྒྱབ་ཁུག་དང་པར་ཆས་སོགས་ཅ་ལག་དག་འཁུར་བའི་འགན་ལས་ཅི་ཡང་མེད་དེ། མོས་མཐོན་པོ་སྒང་གི་ཆགས་དབྱིབས་དང་མཐོ་ཚད་སོགས་གཞི་རྒྱ་ཆེ་བའི་སྒོ་ནས་བརྟག་དཔྱད་བྱེད་བཞིན་འདུག །ངེད་གཉིས་མཐོན་པོ་སྒང་གི་འདབས་རོལ་དུ་ཡོད་པའི་རྒྱལ་གཉེར་གཉིས་གཉིས་གཅིག་སྙིགས་ཟོག་གཙང་སེལ་གནས་ཤུལ་དང་། ནུབ་མཚོ་གྲོང་རྡལ་ནས་ནུབ་ཕྱོགས་སུ་སྤྱི་ལེ་བདུན་ལྷག་ལ་སོང་ན་ཐོན་ཐུབ་པའི“སྔོན་གྱི་དུས་སུ་འཕྲུལ་ཆས་ཁང་དང་འགད་སྨན། མཚོན་ས་ཉར་ཚགས་བྱེད་སའི་བཟོ་གྲྭ་དྲུག་པ”གཞན་དེ་ནས་མུ་མཐུད་དུ་ནུབ་ཕྱོགས་སུ་སྤྱི་ལེ་གསུམ་ལྷག་ལ་སོང་ན་ཐོན་ཐུབ་པའི“སྔོན་གྱི་དུས་སུ་ཆུ་མཁོ་འདོན་བྱེད་ས་ཡིན་པའི་བཟོ་གྲྭ་ལྔ་བ”སོགས་སུ་བཅར་ཏེ་ཡུལ་དངོས་བརྟག་དཔྱད་བྱས། དེ་ནས་མུ་མཐུད་དུ་མཚོ་ཆུང་སྡེ་བར་ཡོད་ཅིང“ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོབ་སྡེ་ཁག་གི་ཁོངས་སུ་བདམས་ཡོད་པའི་མཚོ་ཆུང་མཁར་རྙིང”ལ་ཡུལ་དངོས་བརྟག་དཔྱད་བྱེད་དུ་སོང་བ་ཡིན། འདི་ནི་ཞིབ་འཇུག་ཆེད་མཁས་པ་དག་གི་ལྟ་ཚུལ་ལྟར་ན་ཧན་རྒྱལ་རབས་ཀྱི་དུས་སུ་བསྐྲུན་པར་ཐག་བཅད་འདུག དེ་ནས་མུ་མཐུད་དུ“ཞིང་ཆེན་རིམ་པའི་སྲུང་སྐྱོབ་སྡེ་ཁག་དང་གནའ་རྗས་རྟོག་དཔྱོད་པས་ཞིབ་འཇུག་བྱས་མཐར་ཁ་ཡོག་རིག་གནས་ཡིན་པར་ཁྱབ་བསྒྲགས་བྱས་ཡོད་པའི་དེའུ་དྲུག་བང་སོའི་གནས་ཤུལ”དུའང་སོང་བ་ཡིན། ཁོ་མོའི་གཟབ་ནན་དང་ཞིབ་ཚགས་ཡིན་པའི་རྣམ་འགྱུར་དང་རང་འགན་དང་དུ་ལེན་པའི་འགན་འཁྲི་དེས་ང་ལ་དངོས་སུ་སློབ་ཁྲིད་ཐེངས་གཅིག་བྱས། གྲོགས་མོ་ལགས་ཀྱི་ཡུལ་དངོས་བརྟག་དཔྱད་ཀྱི་ལས་གཞིའི་རོགས་དན་བརྒྱུད་རང་གིས་ཀྱང་ས་འདིར་གནས་ཤུལ་གྲགས་ཅན་འདི་འདྲ་ཡོད་པ་ཐོག་མར་ཤེས་པ་ཡིན་པས། མཐོན་པོ་སྒང་བརྒྱུད་ནས་ཕྱིར་ནུབ་མཚོ་གྲོང་རྡལ་དུ་འགྲོ་དུས་ངས་ཡང་དང་བསྐྱར་དུ་མཐོན་པོ་སྒང་ལ་ལན་འགར་བལྟ་དགོས་བྱུང་།
གྲོགས་མོ་ལགས་ཀྱི་རེ་བ་ལྟར་གྲོགས་པོ་ཞིག་བརྒྱུད་དེ་ས་འདིའི་མཁས་པ་དང་ལོ་ལོན་རེ་འགའི་མདུན་དུ་བཅར་འདྲི་བྱེད་དུ་སོང་བ་ཡིན། ཁོ་མོར་དོགས་པ་ཡོད་པའི་གནས་ཚུལ་དག་ཁོ་ཚོ་བརྒྱུད་ནས་རྒྱུས་ལོན་བྱས་ཤིང་། ད་དུང་ངའི་བག་ཆགས་ཀྱི་གཏིང་དུ་ཟུག་ཡོད་པ་ནི་སྡེ་བའི་བགྲེས་པོ་ཞིག་གིས་ཡང་དང་བསྐྱར་དུ་བཤད་རྒྱུར། མཐོན་པོ་སྒང་འདི་ད་ལྟའི་རི་ལས་མཐོ་ཞིང་བརྗིད་ཆེ་བ་དང་། བྱ་རྒྱལ་ཁྱུང་ཆེན་ཞིག་མཐོན་པོ་སྒང་རྩེར་བབས་ཏེ་རི་རྩེ་མར་མནན་པའི་ངག་རྒྱུན་ཞིག་ཀྱང་བཤད་བྱུང་པས། ད་ལྟའི་རི་འདི་དེ་འདྲའི་མཐོ་རྒྱུ་མེད་པའང་ངག་རྒྱུན་དེར་གཞི་བཅོལ་ནས་བཤད་བྱུང་། ཁྱད་པར་དུ་ང་ལ་ངག་རྒྱུན་དེར་སྔ་འདང་ཕྱི་འདང་རྒྱག་རྒྱུ་ཡོད་ཅེས་བཤད།
དབྱར་གསུམ་མཛེས་སྡུག་གི་མེ་ཏོག་སྣ་བརྒྱས་ཡོངས་སུ་བརྒྱན་པའི་མཐོན་པོ་སྒང་ནི་མཛེས་སྡུག་གི་ཀློང་ནས་འགྱིང་ཞིང་། སྟོན་གསུམ་སྨུག་ཀློང་ཁྲོད་ནས་ཀྱང་མཐོན་པོ་སྒང་སྔར་བཞིན་མཛེས་སྡུག་གིས་བཞུགས་ལ། དགུན་གསུམ་གྲང་རླུང་དང་ཁ་བ་བུ་ཡུག་གི་ཁྲོད་ནས་ཀྱང་མཐོན་པོ་སྒང་ནི་དཔའ་མཛངས་རྟུལ་ཕོད་ཀྱིས་ཀྲོང་ངེར་འགྱིང་། དུས་ཚིགས་དབྱེར་མེད་ངང་མིག་གི་དཔལ་དང་སེམས་ཀྱི་ལོངས་སྤྱོད་དུ་འགྱུར་ཐུབ་པའི་མཐོན་པོ་སྒང་དུ་ཁྱོད་རང་ཅིས་ཀྱང་ཐེངས་གཅིག་ལོག་པར་རིན་ཐང་ལྡན་ནོ། །
ངས་མོ་རང་ཁྲིད་ནས་མཐོན་པོ་སྒང་དུ་འགྲོ་བར་ཟླ་གཉིས་ཀྱི་སྔོན་ནས་དུས་ཆད་བྱས་ཡོད་ནའང་། འཚོ་བའི་གྲུ་ཟུར་གྱི་དཀའ་སྡུག་གི་ཁྲོད་ནས་དེ་རིང་བར་དུ་ཁོམ་ལོང་ཞིག་རྙེད་མ་སོང་། ལོ་རྒྱུས་ཀྱི་བག་ཆགས་མཐུག་ལ་ལོ་རྒྱུས་ལ་སྤྲོ་སྣང་ཆེ་བ་ནི་མོའི་ཁྱད་ཆོས་ཤིག་ཏུ་རང་བཞིན་གྱིས་གྲུབ་ཡོད་ཀྱང་། གནའ་རབས་ལོ་རྒྱུས་ཁྲོད་ཀྱི་རྩོད་གཞི་འགའ་ཞིག་གི་སྐོར་ནས་ངེད་གཉིས་གཞི་གཅིག་ཏུ་འབབ་མི་ཐུབ། ལོ་རྒྱུས་ཀྱི་རྩོད་གཞི་དེ་དག་གི་ཁྲོད་ནས་མཚམས་རེར་བདེ་སྐྱིད་ཅིག་དང་དྲོད་ཁོལ་ཞིག་ཀྱང་མྱངས་ཐུབ་པས། དཔེ་ཀློག་ཐན་ཐུན་བྱེད་པའི་བརྒྱུད་རིམ་ཁྲོད་དུ་རམ་འདེགས་ཀྱི་ནུས་པའང་མཚམས་རེ་ཐོན་ཡོང་། ལྷག་ཏུ་ས་གནས་ལོ་རྒྱུས་ཀྱི་རྙོག་དྲ་དག་སེལ་ཐབས་མེད་ནའང་། ལོ་རྒྱུས་ཀྱི་ཁུངས་ལ་གཞི་བཅོལ་ཅི་ཐུབ་བྱེད་པ་ནི་བདེན་པ་བདེན་དྲང་གི་ལོ་རྒྱུས་ཤིག་འཆད་པའི་གཞི་རྩ་ཡིན་པས། ལོ་རྒྱུས་ལ་སྤྲོ་བའི་ཁོ་མོ་ལ་ངས་ནམ་རྒྱུན་དེ་ལྟར་བཤད་པ་ཡིན། དེ་ཡང་མདོར་བསྡུས་ན་རིག་གནས་ལ་ཤ་ཚ་བ་ཡིན་ཞིང་། ཆུང་ངུར་བཏང་ནས་བཤད་ན་ཁོ་མོ་ལ་ཤ་ཚ་བའང་ཅི་ལ་མིན།
ཁོ་མོ་ས་འདིར་སྐྱེས་ཤིང་འཚར་ལོངས་བྱུང་བ་ཡིན་པས། ཡུལ་ཕྱོགས་འདིའི་ཡུལ་སྲོལ་དང་རི་ཆུའི་རིག་གནས་སྐོར་ལ་ཆ་རྒྱུས་ཆེན་པོ་ཡོད་ལ་ཡོད་ཀྱང་ཡོད། རུ་སྡེ་འདི་མཚོ་སྔོན་པོའི་བྱང་རྒྱུད་དུ་དུས་ནམ་ཞིག་ལ་ཡོང་བ་དང་ཇི་ལྟར་ཡོང་ཚུལ་སོགས་ངེད་གཉིས་ནམ་ཡང་ལྟ་ཚུལ་མཐུན་པོ་མེད་དེ། མོས་རུ་སྡེ་འདི་སོག་རིགས་སུ་གཏོགས་པར་བཤད་པ་དེར་མོས་མཐུན་མེད་པའི་ཚུལ་བསྟན་པ་ཡིན། གང་ལྟར་རྙོག་འཛིང་ཆེ་བའི་ལོ་རྒྱུས་ཀྱི་གནད་དོན་འདི་དག་གི་སྔུན་ནས་ཕན་ཚུན་ལ་ཁས་ལེན་མི་སྟེར་བ་དེ་གཙོ་བོ་མིན་མོད། ཡིན་ནའང་དྲང་བདེན་གྱི་ལོ་རྒྱུས་ཤིག་ཡོད་པར་སྙམ་པའི་ཀུན་སློང་ཙམ་བཟུང་བ་ཡིན། «བོད་ཆེན་པོའི་སྲིད་ལུགས་དང་འབྲེལ་བའི་དེབ་ཐེར་དཀར་པོ»འི་ནང་དུ་ཨ་མདོའི་རིགས་དེ་ཕལ་ཆེར་སྔོན་གྱི་བཙན་པོའི་དམག་མི་ཕྱོགས་དེར་སླེབས་པ་དག་ལས་མཆེད་པར་མངོན་ཞེས་གསུངས་པ་འདིར་ཁོ་མོ་མི་འཐད་པ་ཡང་ཕྱོགས་གཞན་ཞིག་ནས་བལྟས་ན་དོགས་སློང་གི་ཆ་ཞིག་འདུག་པས། ངས་ཀྱང་ཚམ་ཚོམ་མེད་པར་ཁོ་མོའི་ལྟ་ཚུལ་དག་ལ་མངོན་ཆུང་གིས་རྒྱབ་སྐྱོར་དང་སྐུལ་མ་བྱས་པ་ཡིན།
«མཚོ་སྔོན་པོ་རྐང་ཚའི་ལོ་རྒྱུས»ལས་དེ་ལྟར་སྔོན་སོག་པོས་མཐར་སྐྲོད་བཏང་བའི་བོད་སྡེ་རྣམས་སྔ་རྗེས་སུ་རྨ་ཆུའི་ལྷོ་ཕྱོགས་ནས་རྩྭ་ཆུ་འཛོམས་པའི་མཚོ་སྔོན་པོའི་མཐའ་འཁོར་གཙོ་བྱས་པའི་རྨ་ཆུའི་བྱང་ཕྱོགས་སུ་གནས་སྤར་ཏེ་ཕྱུགས་ཟོག་འཚོ་སྐྱོང་གི་ལས་ལ་འབད་པ་རེད། རིམ་བཞིན་རྐང་ཚ་སོགས་བོད་སྡེ་ཇེ་མང་དུ་སོང་ཞིང་གནས་གཞི་བརྟན་འཇགས་སུ་གྱུར་པ་རེད། རབ་བྱུང་བཅུ་བཞི་པའི་ས་ཕོ་རྟ་སྟེ། སྤྱི་ལོ1858ལོར་ཆིང་སྲིད་གཞུང་གིས་རྐང་ཚ་སོགས་བོད་རིགས་ཚོ་སྡེ་རྣམས་མཚོ་སྔོན་པོའི་ཁོར་ཡུག་ཏུ་འདུག་ཆོག་པའི་ཆོག་མཆན་ཐོབ་པ་མ་ཟད། བླ་མ་རབ་བརྟན་རྐང་ཚའི་སྟོང་དཔོན་ཆེན་མོ་དང་། མཚོ་འཁོར་སྡེ་བརྒྱད་དམ་མཚོ་སྔོན་པོའི་ནང་ཤོག་བརྒྱད་དེ། རྐང་ཚ། བོང་སྟག འཁྱམ་རུ། བདུད་ཤུལ། མདའ་བཞི། ཨ་ཚོགས། རུ་སྔོན། ཨ་རིག་བཅས་སྡེ་བརྒྱད་ཀྱི་སྤྱི་ཁྱབ་སྟོང་དཔོན་ཆེན་མོར་བསྐོ་བཞག་མཛད་ཅེས་གསུངས་ཡོད་པ་ལྟར་རུ་སྡེ་འདི་དག་གིས་སྐྱིད་ཀྱི་རྟ་ཕོ་མཉམ་བཞོན་དང་སྡུག་གི་ཁུར་བོ་མཉམ་ཁུར་བྱས་ནས་ཡོང་བ་རེད་ཅེས་མོ་ལ་ཐེངས་མང་པོ་བཤད་མྱོང་ཡོད།
ཉིན་གུང་ཙམ་ལ་ངེད་གཉིས་མཐོན་པོ་སྒང་གི་རི་རྩེར་བུད་དེ་འདས་ཟིན་པའི་ལོ་རྒྱུས་ཀྱི་ཆགས་འཇིག་དང་ལོ་ཟླ་ཞིག་ལ་སྐྱས་ལམ་ཁད་ཀྱིས་བཅད་ཚུལ་ཁ་བརྡར་བྱས་ཤིང་འདས་སོང་གི་དྲན་པ་དག་རིམ་གྱིས་གླེང་བ་ཡིན། མོའི་གཞན་གྱི་ཁ་ནས་གོ་བའི་འདས་སོང་གི་གཏམ་རྒྱུད་དག་ང་ལ་རེ་རེ་བཞིན་གླེང་ཞིང་། མཚམས་རེར་ཧ་ཅང་གཟབ་ནན་དང་ཡང་མཚམས་རེ་རྩེད་མཚར་གྱིས་བཤད། ང་ལ་འབྲེལ་བ་ཡོད་པ་འདྲ་ལ་མེད་པ་དང་ཡང་འདྲ་བའི་གཏམ་རྒྱུད་དེ་དག་བསྐྱུར་རྗེས། ངས་ཕུགས་བསམ་དང་རྨི་ལམ། རེ་ལྟོས་དང་དྲན་གདུང་། འཚོ་བ་དང་བརྩེ་དུང་། ཡང་ན་གནོན་ཤུགས་དང་ལས་དབང་གླེང་བ་ཡིན།
ངེད་གཉིས་ཀྱིས་སོ་སོའི་ལག་པ་སོ་སོའི་ཨམ་ཕྲག་ཏུ་བཅུག་ནས་མདུན་ཐད་དུ་སྔོ་ལྟེམ་མེར་འཁྱིལ་བའི་མཚོ་སྔོན་པོ་ལ་བལྟས་ཤིང་། མདོ་དབུས་མཐོ་སྒང་གི་སྒལ་གཞུང་དུ་འཐེན་པའི་མཚོ་བོད་ལྕགས་ལམ་སྟེང་བསྐྱོད་ཀྱིན་པའི་མེ་འཁོར་གྱི་དུང་སྒྲ་ལའང་སེམས་པ་ཕྱོགས། གཞན་བྱེ་མ་རྔ་རྡུང་གི་རྟེན་སྐལ་དུ་ཡོད་པའི་མཚོ་ཆུང་ནོར་བུའི་མཛེས་ཉམས་ལ་བལྟས་ཏེ། མཐོན་པོ་སྒང་ནས་རྒྱང་རིང་གི་ཡུལ་གྲུར་ཕྱིར་མིག་དང་སེམས་པ་འཕངས།
རིག་གནས་ཡུལ་སྐོར་གྱིས་ས་གནས་དཔལ་འབྱོར་དང་འཚོ་བའི་ཆ་རྐྱེན་ལ་མཐུན་རྐྱེན་བླ་མེད་སྐྲུན་གྱིན་པའི་བར་གླགས་འདིར། མཐོན་པོ་སྒང་ནི་རིག་གནས་ཡུལ་སྐོར་དང་སྐྱེ་ཁམས་ཡུལ་སྐོར་གྱི་གནས་སུ་བདམས་ཏེ་ཡུལ་སྐོར་བ་མང་པོར་སྐྱེ་ཁམས་མྱོང་རོལ་གྱི་བགོ་སྐལ་དུ་གནང་བཞིན་ཡོད་ལ། མི་དང་སྐྱེ་ཁམས་བར་གྱི་འཆམ་མཐུན་མཉམ་གནས་ཀྱི་བསམ་བློར་གནས་འདིའི་མཛེས་ལྗོངས་ཀྱིས་ནུས་པ་བླ་ལྷག་ཅིག་ཐོན་བཞིན་ཡོད། “མིའི་རིགས་དང་རང་བྱུང་འཆམ་མཐུན་མཉམ་གནས་བྱེད་རྒྱུ་ནི་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྨང་རྡོ་དང་སྔོན་འགྲོ་ཡིན། འཆམ་མཐུན་ཡོད་པ་ནས་ད་གཟོད་བདེ་སྐྱིད་དང་མཐུན་སྒྲིལ་གྱི་ཁོར་ཡུག་བཟང་པོ་ཆགས་ཐུབ”པ་ལྟར། སྐྱེ་ཁམས་ཡུལ་སྐོར་དང་རིག་གནས་ཡུལ་སྐོར་གྱིས་མི་ཡི་སེམས་ཁམས་སུ་བདེ་སྐྱིད་ཀྱི་དྲོད་ཁོལ་སྦྱིན་ཐུབ་པས། ཁྱོད་རང་སོས་དལ་བག་ཕེབས་ངང་རང་བྱུང་ཁམས་ཆེན་མོའི་ཕང་བར་ཐེངས་གཅིག་ལོག་འདོད་ཚེ། མཐོན་པོ་སྒང་ནི་གདམ་ཀ་མེད་པའི་ཁྱོད་ཀྱི་སྐྱེ་ཁམས་ཡུལ་སྐོར་དང་རིག་གནས་ཡུལ་སྐོར་གྱི་ས་ཚིགས་དང་པོ་དེའོ།
ས་སྲོད་ཀྱི་མཚམས་སྤྲིན་དང་སྲོད་ཁའི་རླུང་བུ་འཇམ་པོས་ངེད་གཉིས་ཕྱིར་ཡུལ་དུ་ལོག་དགོས་པར་གསལ་བརྡ་གཏོང་གིན་ཡོད་ནའང་། ཕྱོགས་བཞིའི་མཛེས་སྡུག་གི་དཔལ་ལ་རོལ་བའི་བདེ་སྐྱིད་འདི། ངས་ཡུན་རིང་བཙལ་ཀྱང་མ་རྙེད་ལ་། དེ་རིང་གཞི་ནས་གནས་འདིའི་མཛེས་ལྗོངས་ཀྱིས་ང་ལ་ལོག་མལ་གྱི་སེམས་རྒྱ་གནང་བྱུང་།
ས་རུབ་ཟིན་ནའང་། ངས་ད་དུང་མཐོན་པོ་སྒང་ནས་མཚོ་མོའི་རླབས་སྒྲ་དང་བྱ་ཁྱུའི་གསུང་སྐད་ལ་ཉན་པ་ཡིན། མཐོན་པོའི་དབྱིངས་ཀྱི་གོར་ཅིང་གསལ་བའི་ཟླ་བ་དང་ཁྲ་ལམ་མེར་ཤར་བའི་སྐར་མ་སྟོང་ཤར་གྱི་མཛེས་སྡུག་ལ་མིག་ཟུང་ཅེར་བ་ཡིན། ཁྱོད་ཀྱིས་མདོ་དབུས་མཐོ་སྒང་གི་མཛེས་སྡུག་གི་མཚན་ལྗོངས་ཤིག་ལ་རོལ་བར་འདོད་ན། མཐོན་པོ་སྒང་ནི་ཁྱོད་ཀྱི་འགྲུལ་བཞུད་ཀྱི་རྟ་ཁ་གློད་ས་ཐོག་མ་དེའོ། །
ངེད་གཉིས་མཐོན་པོ་སྒང་ནས་གསེར་དངུལ་རྩྭ་ཐང་དུ་འཐེན་པའི་ལམ་ཕྲན་དེར་བརྒྱུད་དེ་མཐོན་པོ་སྒང་གི་རི་འདབས་སུ་ཐོན་དུས། མཉམ་གཅིག་ཏུ་ཁྲི་ཤོར་རྒྱལ་མོ་ཞེས་པའི་གླུ་དབྱངས་དེར་ཉན་ཞོར། རང་ལམ་སྙེག་པའི་གོམ་ཁ་སྔར་ལས་མགྱོགས་པོར་བཏང་།
ལོ་ཟླ་ཆུ་བོའི་རྒྱུན་བཞིན་སྐད་ཅིག་ཙམ་ལའང་མི་སྡོད་པར་རྒྱང་དུ་བཞུད། ཤུལ་དུ་བསྐྱུར་བའི་དྲན་ཤིང་དང་འཁྲེང་ཞེན་འདི་དག་མཉམ་དུ་ཞབས་བཏགས་གནང་། ཟང་ཟིང་གི་གྲོང་ཁྱེར་དང་གྱེས་ནས་སེམས་པ་ལྷོད་ལ་འབབ་པར་མཐོན་པོ་སྒང་དུ་ཅིས་ཀྱང་འགྲོ་དགོས་པའི་ངེས་ཤེས་ཤིག་སེམས་པའི་མཐིལ་ལ་ལྷུང་།
ངས་འབྲོག་སྡེ་འདི་ཡི་ལྷིང་འཇགས་རུམ་ནས་སྔར་བཞིན་རྒྱང་རིང་གི་གྲོགས་པོ་དྲན་ཞིང་། འཁོར་བའི་འུར་ཟིང་ལ་ཟུག་པའི་རྒྱང་རིང་གི་གྲོགས་པོ་མཐོན་པོ་སྒང་གི་མངའ་འོག་གི་འབྲོག་སྡེ་འདིར་ཡོང་བར་རེ་ལྟོས་བྱེད་བཞིན་ཡོད་ལ། མི་ཚེའི་མཛེས་སྡུག་གི་ཆ་ཤས་གཅིག་ནི་མཐོན་པོ་སྒང་ལས་འགྲུབ་པའི་སྨོན་འདུན་ཞུ་བཞིན་ཡོད།
སླར་ཡང་ངས་ཁོ་མོར་གཟའ་ཉི་མར་མཐོན་པོ་སྒང་དུ་འགྲོ་བར་དུས་ཆད་བཏབ། །