ཀྲུང་གོ་བོད་ཀྱི་དྲ་བ།

འབེལ་གཏམ་དམར་རྗེན་མ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྡོང་བཙུན་པ།   སྤེལ་དུས། : 2022-08-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ང་རང་ཆེས་མི་དགའ་བའི་མི་དེ་ནི་དུས་རྒྱུན་ང་ལ་ཁ་ཡག་རྣ་རྒྱན་རྐྱང་རྐྱང་བཤད་མཁན་གྱི་མི་དེའི་རིགས་ཡིན། ཕར་བལྟས་ཚོད་ཀྱིས་མི་དེ་དང་ངེད་གཉིས་ཀྱི་བར་ཐག་ཧ་ཅང་ཐུང་བ་ཞིག་ཏུ་སྣང་ནའང་།  དོན་གྱིས་ཁ་དང་ཁོག་པ་ཁ་ཁ་ཡིན། སེམས་དང་བསམ་པ་སོ་སོ་ཡིན་པས་ངེད་གཉིས་ཀྱི་བར་ཐག་ནི་འཇིག་རྟེན་གྱི་མཐའ་མཚམས་ལས་བརྒལ་ཡོད། ཁོ་ནི་ནམ་ཡང་ང་ལ་བློ་མི་དཀར་བའི་མི་དེའི་རིགས་ཡིན་པས་མི་ཚེ་འདིར་ངེད་གཉིས་སྐྱིད་སྡུག་མཉམ་མྱོང་བྱེད་པའི་ལས་དབང་གི་ཐག་པ་གཅིག་ཏུ་འཇུ་དགོས་དོན་གཏན་ནས་མེད།  

ང་རང་ཆེས་འགྲོག་ན་མི་འདོད་པའི་མི་དེ་ནི་ནམ་ཡང་གཏམ་མི་ཁ་ལ་སྐྲག་པའི་མི་དེའི་རིགས་ཡིན། གཏམ་མི་ཁ་ཙམ་ལ་གདོང་ལེན་བྱེད་མི་ཐུབ་ན་ཁྱོད་ཀྱིས་དཀའ་སྡུག་ཆེ་བའི་འབྱུང་འགྱུར་གྱི་ལམ་སྣེ་ཇི་ལྟར་གདམ་རྩིས་ཡོད། དུས་རྒྱུན་མི་རིགས་དང་རྒྱལ་ཁབ་ཀྱི་བྱ་གཞག་ཅེས་ཆེན་པོ་ཆེན་པོ་ཞིག་གླེང་གིན་ཡོད་པ་དེའང་ཁྱོད་ལ་མཚོན་ན་ཁ་བཤད་ཝུ་བ་ཙམ་དང་འཇའ་གཟུགས་སྟོང་བ་ཉིད་དུ་གྱུར་ཟིན་པ་མ་རེད་དམ། གཏམ་མི་ཁ་ནི་ཁྱོད་ལ་མཚོན་ན་སྙིང་སྟོབས་ཤིག་དང་མཚན་སྙན་གྱི་ནོར་བུ་ཞིག་ཡིན། དེས་ཁྱོད་ཀྱི་ང་རྒྱལ་གྱི་མགོ་འཕང་གནོན་ཐུབ་ལ་འུར་ཟིང་གི་མི་ཚོགས་དང་རིང་དུ་འབྲལ་བར་མཐུན་རྐྱེན་བསྒྲུབ་ཐུབ་པ་ཡིན་པས། ཁྱོད་ཏག་ཏག་གཏམ་མི་ཁ་ལ་ཞེད་པའི་མི་དེ་ཡིན་ན་མཚམས་འདི་ནས་འུ་གཉིས་རང་རང་སར་སོང་ན་འགྲིག་གི་རེད།    

 ང་ལ་ཆེས་ཐོབ་ན་འདོད་པའི་དངོས་པོ་ཞིག་ཡོད་པ་ནི། གསེར་དངུལ་གྱི་རྒྱུ་འབྱོར་མང་བོ་དང་མཚན་སྙན་གྱི་གཟི་བརྗིད་ཆེན་པོ་སོགས་ཡིན། རྒྱུ་འབྱོར་མང་བོ་དང་མཚན་སྙན་ཆེན་པོ་ཞིག་མེད་ན་ངེས་དོན་གྱི་སྡུག་བསྔལ་ངོ་མ་ཞིག་ཉམས་སུ་མྱོང་མི་ཐུབ་པས་ཡིན། རྒྱུ་འབྱོར་དང་མཚན་སྙན་སོགས་ལ་མ་བརྟེན་ཚེ། ཁྱོད་ཀྱིས་སྡུག་བསྔལ་ནི་བདེ་སྐྱིད་ཀྱི་གཏིང་ལ་སྦས་པའི་གསང་ལམ་ཆེན་པོ་ཞིག་ཡིན་པ་ཧ་གོ་ཡེ་མེད་ལ། གསང་ལམ་དེ་བརྒྱུད་མཐར་ཁྱོད་ཀྱིས་ད་གཟོད་མཐར་ཐུག་གི་བདེ་བའི་གོ་འཕང་ཟེར་བ་དེ་དོན་དུ་གཉེར་ཐུབ་པ་བྱུང་པས་གསེར་དངུལ་གྱི་རྒྱུ་འབྱོར་དང་མཚན་སྙན་གྱི་གཟི་བརྗིད་སོགས་ནི་གསང་ལམ་དེའི་ཕྱོགས་སྟོན་འཁོར་ལོ་ཡིན་པས་ནམ་ཡང་གསང་ལམ་ཆེན་པོ་དེ་འཚོལ་བར་རིགས་སོ།།

ངས་མི་ཚེ་འདིར་ཆེས་བཀའ་དྲིན་ཞུ་ན་འདོད་པའི་མི་དེ་དག་ནི། ཐེངས་མང་བོ་ང་ལ་ཕམ་ཁའི་རྒྱ་གྲམ་སྤྲོད་མཁན་དང་། བསྙོན་འཛུགས་ཀྱི་སྦྱོར་བ་རྩོམ་མཁན། མི་ཁའི་ལམ་སྣེར་འཁྲིད་མཁན། གྱེས་བྲལ་གྱི་སྡུག་བསྔལ་སྩོལ་མཁན་སོགས་ཡིན། ཁོ་ཚོས་ཐེངས་མང་བོ་ང་ལ་ཕམ་ཁ་དེ་དག་སྦྱིན་མེད་པ་ཡིན་ན་ང་ལ་ད་ལྟའི་རྒྱལ་ཁ་འདི་དག་ཇི་ལྟར་ཐོབ་ཡོད་པ་ཡིན།  ཁོ་ཚོས་ང་ལ་ཐེངས་མང་བོར་དོན་མེད་བསྙོན་འཛུགས་བྱས་མེད་པ་ཡིན་ཚེ། ངས་རང་ངོ་རང་གིས་ཇི་ལྟར་མཐོང་ཡོད་པ་ཡིན། ཁོ་ཚོས་དུས་ཚོད་ངེས་མེད་དུ་ང་ལ་མི་ཁའི་ཁ་རླངས་བཏང་མེད་པ་ཡིན་ན་ངས་རང་རློམ་གྱི་མགོ་བོ་འདི་ཇི་ལྟར་སྨད་དུ་ཕྱོགས་ཡོད་པ་ཡིན། ཡང་ཁོ་པ་ཚོས་ང་ལ་གྱེས་བྲལ་གྱི་སྡུག་བསྔལ་དེ་དག་བསྩལ་མེད་པ་ཡིན་ཚེ་ངས་ལྷན་འཛོམས་ཀྱི་རིན་ཐང་འདི་དག་ཇི་ལྟར་རྙེད་པ་ཡིན། མདོར་ན་ཁོ་ཚོ་ཚང་ལ་ངའི་མི་ཚེའི་རྒྱལ་ཁ་ཡིན། བྱ་གཞག་གི་རྨང་རྡོ་ཡིན།  

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།