ཀྲུང་གོ་བོད་ཀྱི་དྲ་བ།

ཕྱིར་དྲན་ཐེངས་ཤིག

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : དཀོན་མཆོག་རྒྱལ་པོ།   སྤེལ་དུས། : 2022-06-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཕོ་ལོ་བཞི་བཅུར་སོན་ཡང་། ཕ་ཡུལ་གྱི་མ་ཎི་སྒྲུབ་ཆེན་འཚོག་དུས་སླེབས་པ་ན། གར་ཡོང་མི་ཤེས་པའི་སྤྲོ་སེམས་ཤིག་དང་དེ་ལ་བརྒྱུས་པའི་བྲེལ་འཚུབ་ཅིག་གནས་གང་དུ་སྡོད་ཀྱང་། ལས་ཅི་ཞིག་བྱེད་ཀྱང་ཆུ་མིག་བརྡོལ་བ་ཇི་བཞིན་འགོག་མེད་དུ་འཕྱུར་ཡོང་། ཧོར་ཟླ་བཅུ་གཅིག་པའི་ནང་འདིར། མཚོ་ངོས་ལས་ཆ་སྙོམས་མཐོ་ཚད་སྨི་སུམ་སྟོང་ཡན་ལ་འཕགས་པའི་ཕ་ཡུལ་རེབ་གོང་བྱང་ཆུབ་ཏུ་ཙག་དང་ཁངས་རླུང་ཇི་འདྲ་རྒོད་ནའང་། རང་ཉིད་ཀྱིས་བསམ་ཅུང་ཟད་ཤེས་པ་ནས་བཟུང་སྟེ་བརྩིས་པའི་མི་ལོ་སུམ་ཅུ་ལྷག་རིང་གི་མ་ཎི་སྒྲུབ་ཆེན་ཐེངས་རེ་རེ་ནི་ནམ་ཡང་གཞིལ་ཐབས་མེད་པའི་མེ་དཔུང་རེ་རེ་ཞིག་དང་ཅི་འདྲའི་མཚུངས་ཤིང་། མ་འོངས་པའི་ལོ་ཟླའི་ནང་དུའང་རང་གི་དབུགས་རྒྱུན་ཕྲ་མོ་འདི་མ་འགགས་པའི་བར་དུ་ཁྱེད་ནི་རེ་སྒུག་གི་ནམ་མཁར་འཛུམ་པའི་སྟོན་ཟླ་དང་དད་སེམས་ཀྱི་བསང་དུད་འཁྱིལ་སའི་ཁང་བཟང་དེ་ཅི་ལ་མིན་ཨང་། དེ་རིང་ཡང་མནོན་མི་ཐུབ་པའི་དགའ་ཚོར་དང་ཐུན་མོང་མ་ཡིན་པའི་དད་སེམས་ཀྱིས་ཕ་མ་བུ་ཕྲུག་དང་བཅས་ཏེ་ཕ་ཡུལ་གྱི་མ་ཎི་སྒྲུབ་ཆེན་ལ་ཆས་ཀྱིན་ཡོད།ལམ་བར་དུ་ཆུང་དུས་ཀྱི་འབྲེལ་ཡོད་དོན་དག་མང་པོ་ཞིག་ག་ལེར་ག་ལེར་བརྙན་རིས་ཇི་བཞིན་མིག་མདུན་དུ་ཤར་ཡོང་བར་མ་ཟད་ཐོས་མྱོང་གི་གཏམ་འགའ་རེ་ཡང་ཡིད་ལ་ཝ་ལེར་དྲན་བྱུང་།

དྲང་མོར་བཤད་ན། ང་རང་ལ་མཚོན་ན་ཕ་ཡུལ་གྱི་མ་ཎི་སྒྲུབ་ཆེན་ལ་ཞོགས་ལངས་པའི་སེམས་པ་འདི་ནི་ཆོས་ཐོག་འདིའི་བྱུང་འཕེལ་ལོ་རྒྱུས་དང་། བཅའ་ག་ཕྱག་ལེན།འདོན་རྟ་དབྱངས་གསུམ། འབུད་རྡུང་དཀྲོལ་གསུམ། གཏིང་ཟབ་པའི་གསང་བ་སྔགས་ཀྱི་ནང་དོན་བཅས་ཀྱིས་མ་ཡིན་ཏེ། གཙོ་བོ་བྱིས་དུས་སུ་ཀ་ར་སིལ་ཏོག་སོགས་འདྲེས་པའི་ཚོགས་རྫས་མང་པོ་རེག་ཐུབ་པ་དང་། གོན་པ་སོ་མ་གྱོན་ཐུབ་པ། དེ་ནས་ཏིང་ངེ་འཛིན་གྱི་སྒོམ་སྟོབས་གཟུགས་སུ་སྤྲུལ་པའི་གར་འཆམ་སྟེག་པ་ལ་ངོ་མཚར་བའི་མཚར་སྣང་དེ་དག་གི་སྒང་ནས་ད་ལྟའི་བར་རྒྱུན་བསྐྱངས་ཏེ་ཡོང་བ་ཡིན་འདུག སྤྱིར་ང་ཚོ་རེབ་གོང་ལུང་བ་ལ་ཁ་དཔེ་ཞིག་ཡོད་དེ། ཟས་ཡག་པ་རྒྱ་ལོ་ཚེས་གཅིག་ལ་ཟ། གོས་ཡག་པ་དྲུག་པའི་ཀླུ་རོལ་ལ་གོན་ཞེས་ཟེར་མོད། ཕ་ཡུལ་གྱི་རྒན་རྒོན་རྣམས་ཀྱི་ཁ་ན་གོས་ཡག་པ་མ་ཎི་སྒྲུབ་ཆེན་ལ་གོན་ཞེས་པའི་ཟེར་སྲོལ་ཞིག་ཀྱང་ཡོད་པ་གཏན་ནས་བརྗེད་ཀྱི་མི་འདུག ཧོར་ཟླ་བཅུ་གཅིག་པའི་ཚེས་བཅུ་གཉིས་ཉིན་ཏེ། མ་ཎི་ཡར་འཚོག་གི་ཉིན་མོ་དེ་ནས་བཟུང་བྱིས་པ་ཚོས་གོན་པ་གང་ཡག་གྱོན་ནས་ཉི་མ་ཧྲིལ་བོ་བདུན་གྱི་རིང་ལ་མ་ཎི་སྒོ་ཆེན་གྱི་ཕྱི་ནང་གཉིས་ལ་འདུས་ཏེ་རྩེད་མོ་སྣ་ཚོགས་རྩེ་ཞོར་ཚོགས་རྫས་ལེན་པ། གྲལ་འཆམ་སྟེག་པ་ལ་ལྟ་བ། སྔགས་བཤལ་གཟེད་པ། དེ་བས་ཀྱང་གཏན་ནས་བརྗེད་ཐབས་མེད་པ་ཞིག་ནི་དགོང་ཇ་ལ་ཐུག་པ་འཐུང་བའི་སྐབས་དེ་དག་ཡིན་ཏེ། སྒེའུ་སྟེང་ནགས་ནས་བཏུས་འོངས་ཏེ་མ་ཎི་ཇ་ཁང་གི་ལོགས་སུ་སྤུངས་པའི་སྔོ་ལོ་ཤོག་བརྒྱབ་ནས་ཡོད་པ་དག་ང་ཚོས་གདན་གྱི་དོད་དུ་ཕར་ཚུར་འཕྲོག་རེས་རྒྱག་ཞོར་སར་བཏིང་རྗེས། དེའི་སྟེང་དུ་སྐྱིལ་ཀྲུང་དང་བཅས་ཏེ་རང་རང་གི་གྲོགས་པོ་དང་ཡང་ན་ཕུ་ནུ་མིང་སྲིང་སོགས་ཁྱུ་དང་ཁྱུ་བྱས་ཏེ་ཐུག་པ་རྒྱགས་ཚད་རེ་འཐུང་རྗེས་སྣབས་མ་ཁར་འདྲུད་ཞོར་ཕྱིར་ཁྱིམ་ལ་ལོག་པའི་སྣང་བརྙན་དེ་དག་རེད།

དམའ་འབྲིང་གི་སྐབས་སུ། ཕ་ཡུལ་ནས་བསྐུར་འོངས་པའི་མ་ཎི་སྒྲུབ་ཆེན་སྐབས་ཀྱི་གོ་རེ་གཡིས་སྲེག་མ་དང་ཚིལ་ལ་བརྔོས་པའི་ཕྱེ་སྟོལ་སོགས་རེག་ཐུབ་ཀྱང་། དེས་ཕ་ཡུལ་གྱི་མ་ཎི་སྒྲུབ་ཆེན་ལ་ཤོར་བའི་སེམས་པ་དེ་འགོག་ག་ལ་ཐུབ། དགོང་སྦྱོང་གྲོལ་རྗེས་ཡུལ་གྲོགས་ཚོ་མ་བསྡུས་རང་འདུས་ཀྱིས་རྩལ་སྦྱོང་ར་བར་འཛོམས་ཏེ། ལ་ལས་དུང་ཆེན་དང་སྦུག་ཆལ། རྔ། རྒྱ་གླིང་སོགས་ཀྱི་སྒྲ་ལྟ་བུ་འབྱིན་པར་བྱས། ལ་ལ་དེ་དང་བསྟུན་ནས་ཕྱག་རྒྱ་དང་བཅས་དྲང་སྲོང་རཱ་ཧུ་ལའི་འཁོར་ཚོགས་ལས་ཐོད་སྐོགས་སྐྱ་རིས། ཤར་ཕྱོགས་དཀར་མོ། ལྷ་མོ(དམག་ཟོར་རྒྱལ་མོ)། སྔགས་སྲུང་མ། མགོན་པོ།རླུང་ནག་འཚུབ་མ། བཙན་མགོན། སྐྱེས་ལྷ་དར་ལམ་སོགས་སྟེག་ཁུལ་བྱེད་ཅིང་།གཞན་ད་དུང་རྗེ་མི་ལ་རས་པ། ཁྱི་ར་བ་མགོན་པོ་རྡོ་རྗེ། ཨ་ཙ་ར། ཤ་ཁྱི་སོགས་ཀྱི་ལད་འཁྲབ་ཀྱིས་མཚན་བདས་པས། དགུན་གཞུང་གི་གྲང་རེག་དེ་ཙམ་ལ་ཁ་ཡ་བྱེད་ཁོམ་ཞིག་ཡོད་པ་ཕར་ཞོག ལས་རེས་དགེ་རྒན་རྣམས་ཀྱིས་བདའ་འཇོག་པའང་སེམས་ཀྱི་སྒང་ལ་མ་ཤར། ད་ལྟ་ཞིབ་འདང་རེ་བརྒྱབ་ན། སྐབས་དེའི་མ་ཡུམ་སློབ་གྲྭ་སྟེ་རེབ་གོང་རྫོང་མི་རིགས་སློབ་འབྲིང་གི་དགེ་རྒན་རྣམས་ཀྱིས་རེབ་གོང་གི་སྡེ་བ་ཞིག་ན་ཉིན་འདི་འགར་ཆོས་ཐོག་ཐུན་མོང་མ་ཡིན་པ་ཞིག་ཡོད་འདུག་ཅེས་སྙམ་ཡོད་ཀྱང་སྲིད།

ན་སོ་རིམ་བཞིན་མཐོན་པོར་སྙེག་དུས་འདིར། བཞུད་ཟིན་པའི་ཕ་ཡུལ་གྱི་སྐྱེས་ཆེན་ཚོ་དྲན་པའི་མོད་ལ་མ་ཎི་སྒྲུབ་ཆེན་དང་འབྲེལ་བའི་གོ་ལོ་ཐོས་ལོ་འགའ་རེ་ཡང་ཡིད་ལ་འཁོར་འོང་གིན་འདུག མ་ཎི་སྒྲུབ་ཆེན་འདི་ནི་སྤྱི་ལོ1840ལོ་སྟེ། ཉང་སྐྱེས་སྣང་མཛད་རྡོ་རྗེ་མཆོག་དགུང་ལོ་ཞེ་གསུམ་པ་ལ་སྐུ་དངོས་ཀྱིས་ཐུགས་རྗེ་ཆེན་པོ་འཁོར་བ་དབྱིངས་སྒྲོལ་གྱི་སྒོ་ནས་བཙུགས་ཤིང་། མི་ལོ་བཅོ་ལྔའི་རིང་སྐུ་ཉིད་ཚོགས་མགོར་ཕེབས་ནས་སྒྲིག་ལམ་ཀུན་སྤྱོད་ཀྱི་རིམ་པ། བཅའ་ག་ཕྱག་ལེན། འབུད་རྡུང་དཀྲོལ་གསུམ། གར་ཐིག་དབྱངས་གསུམ་སོགས་ལ་དག་ཐེར་མཛད་དེ་བཀའ་རྒྱའི་ཚུལ་དུ་བཅའ་ཡིག་སོགས་ཀྱང་འཇོག་གནང་མཛད་པར་གྲགས། ཡང་ཟེར་སྒྲོས་གཞན་ཞིག་ལ་ཧོར་ཟླ་བཅུ་གཅིག་པའི་ཚེས་བཅུ་གཉིས་ནས་བཅུ་བདུན་གྱི་བར་ལ་འཚོག་དོན་ནི།ཐོག་མར་འཛུགས་དུས་ནི་ཟླ་བཅུ་བའི་ནང་ཡིན་མོད། ཉང་སྐྱེས་སྣང་མཛད་རྡོ་རྗེ་ལགས་དགོངས་པ་གཞན་དོན་དུ་གཤེགས་པའི་དུས་ནི་ཟླ་བཅུ་གཅིག་པའི་ཚེས་བཅོ་ལྔ་ཉིན་ལ་འཁེལ་པས་ཁོང་གི་དུས་མཆོད་དང་སྟབས་བསྟུན་གྱིས་ད་ལྟའི་འཚོག་དུས་འདི་ལ་བསྣུར་བ་རེད་ཅེས་ཀྱང་ཟེར། གང་ལྟར་ཀྱང་ཚེས་བཅུ་གཉིས་ཉིན་ལ་ལྷ་ཚོགས་སྤྱན་དྲངས་ནས་དཀྱིལ་འཁོར་སྒྲུབ་པ་དང་། ཚེས་བཅུ་གསུམ་ཉིན་དགེ་བསྐོས་ཀྱིས་ཚོགས་གཏམ་གཏོང་བ། བཅུ་བཞི་ལ་གསར་ཞུགས་ལོ་ཆུང་ཚོར་མ་ཎི་ཆོ་གའི་ཚོགས་རྒྱུགས་བླངས་ཏེ་འབུར་དུ་ཐོན་པ་ལ་རྩམ་པ་ཕྱེ་མའི་དགའ་རྟགས་སྟེར་བ་དང་མ་འཕྲོད་པ་ལ་ཆད་པའི་ཚུལ་དུ་ཇ་མར་མངགས་པ་དང་མཆོད་མེ་འབུལ་བ། ཡང་ན་འོ་ཟེའུ་ནང་ལ་ཆུས་བཀང་སྟེ་སྐེ་ལ་འདོགས་སྲོལ་སོགས་ཡོད་པར་གྲགས། བཅོ་ལྔ་ལ་སྔགས་བཤལ་རྒྱག་པ། བཅུ་དྲུག་ལ་རྫས་ཆེན་བཅུ་གཉིས་བསགས་ཏེ་ཏིང་ངེ་འཛིན་མི་གསལ་བ་དང་། སྔགས་མ་དག་པ། ཆོ་ག་ཆད་ལྷག་གི་སྐོར་ལ་ཁ་སྐོང་སྦྱིན་སྲེག་བྱེད་པ། བཅུ་བདུན་ལ་གར་འཆམ་ཆེན་མོ། བཅོ་བརྒྱད་ལ་རྒན་ཚོགས་ཀྱིས་ལོ་རྗེས་མའི་ཁ་འགོ་བ་དང་འཆམ་པ་སོགས་འབྲེལ་ཡོད་མི་སྣ་བསྐོ་བཞག་གི་རིམ་པ་སོགས་གྲུབ་རྗེས་ཡོངས་སུ་མཇུག་བསྒྲིལ་བ་རེད། གཞན་ཚེས་བཅོ་བརྒྱད་ཀྱི་ནངས་མོར་དཀྱིལ་འཁོར་གྱི་ལྷ་གཤེགས་གསོལ་ཏེ་དངོས་གྲུབ་ཞུས་པ་ན་དྲོད་ལམ་ལམ་གྱི་འདུ་ཁང་དེའང་འཁྱག་སིབ་བེར་གྱུར་འགྲོ་གསུངས་ཤིང་། དེ་ནི་མི་ཚོགས་དང་མཆོད་མེ་སོགས་ཀྱི་དྲོད་ཀྱིས་མ་ཡིན་པར་ཏིང་ངེ་འཛིན་གྱི་དྲོད་ཁྱད་པར་བས་ཁེངས་ཡོད་ཅེས་པའི་བཤད་རྒྱུན་ཡོད། ཉིན་ཧྲིལ་བོ་བདུན་གྱི་རིང་ལ་མ་ཎྀའི་ཆོས་སྒྲ་ལ་ཆད་པ་མེད་དེ། ཉིན་དཀར་ཆོས་སྤྱོད་དང་མཛད་བཅུ་སོགས་ཀྱི་འདོན་པ་དང་དགོང་མོར་གདུང་གྲལ་ཕར་ཚུར་བར་ཐུན་མཚམས་ལ་སྡོད་རེས་བྱེད་པའི་སྒོ་ནས་དང་། ཇ་བཞེས་དུས་ཇ་མ་རྣམས་ཀྱིས་དབྱངས་ལ་གྱེར་བཞིན་ཡོད་པས་ཆོས་ཐོག་གྲོལ་དུས་སུ་ཚོགས་ཞུགས་ཕལ་མོ་ཆེའི་སྐད་ཀྱང་འགགས་ནས་ཡོད། གང་ལྟར་ཚོགས་རྒྱུན་མ་ཆད་པར་སྔགས་པ་དང་མི་སྐྱ་ཐུན་མོང་གིས་གྲུབ་པའི་མ་ཎི་སྒྲུབ་ཆེན་འདི་འདྲ་ཞིག་གང་ནའང་མི་འདུག་ཅེས་གསུངས་སོ།།

ངས་ད་དུང་གཏན་ནས་བརྗེད་ཐབས་མེད་པ་ཞིག་ནི་མ་ཎི་རིལ་བུ་རེད། གར་འཆམ་ཆེན་མོ་གྲོལ་རྗེས་མ་ཎི་བླ་མས་སྡེ་མི་ཡོངས་ལ་མ་ཎི་རིལ་བུ་སྦྱིན་པ་རེད། ལོ་རེར་ས་རྡུལ་ལང་ལོང་གི་འཚང་ཁའི་ཁྲོད་མ་ཎི་རིལ་བུ་འགའ་ཐོབ་རྗེས་ཐད་ཀར་ཁ་ནང་དུ་འཕངས་པ་ན་བདེ་སྣང་ཁྱད་པར་བ་ཞིག་གིས་ལུས་པོ་ཡོངས་ལ་ཁྱབ་འགྲོ། དེ་ནི་ཕལ་ཆེར་མ་ཎི་རིལ་བུ་འགའ་ཐོག་མར་སྲིང་བལ་གྱིས་གཅུད། དེ་ནས་འགྱིག་ཤོག་གིས་བསྡམས་ཏེ་དྲོད་གྲང་སྙོམས་སར་ལོ་གཅིག་ལ་ཉར་རྗེས་རིལ་བུ་ལྡབ་འགའ་རེ་ཡིས་འཕར་ཡོད་པ་དེའི་རྐྱེན་གྱིས་ཡིན་རྒྱུ་རེད། བཤད་ཚུལ་འདི་ལ་མ་རློམ་པར་རྒྱན་སྐུགས་ཏེ་ཕམ་སོང་བའི་ཡུལ་སྡེ་གཞན་གྱི་གྲོགས་པོ་འགའ་ཡིས་ད་དུང་ལན་རེར་དེའི་ཕྱོགས་ལ་བསམ་བློ་གཏོང་བ་དང་ཞིབ་འཇུག་བྱེད་ཀྱིན་ཡོད་ཤས་ཆེ། མ་ཎི་སྒྲུབ་ཆེན་འདིར་སྡེ་འདིའི་ཆེ་སྐྱེས་ཆུང་སྐྱེས་སུ་ཡིན་ཡང་སྙིང་གི་དཀྱིལ་དང་སྤྱི་བོའི་གཙུག་ཏུ་བཀུར་ཡོད་པས། བཤད་རྒྱུན་ལ་སྡེ་མི་སུ་ཞིག་སྟོད་རྒྱ་གར་ཆོས་ར་མན་ཆད་དང་སྨད་རྒྱ་ནག་ཁྲིམས་ར་ཡན་ཆད་གང་ན་ལས་ལ་བྲེལ་ཡོད་ཀྱང་། རྔ་མོང་གིས་རྔེའུ་དྲན་པ་བཞིན་དུས་ལྟར་མ་ཎི་སྒྲུབ་ཆེན་སྙིང་ལ་འཆང་སྟེ་དྲི་མེད་ལྷ་རྫས་ཐོད་ལ་བཏེགས་ནས་ཐོན་ཡོང་ཞེས་ཟེར། གང་ལྟར་ཉིན་འདི་དག་གི་རིང་ལ་ཕྱི་ནང་ཀུན་ནས་ཐམས་ཅད་དགྲ་གཉེན་གྱི་དབྱེ་བ་མེད་པར་མ་བུ་བཞིན་མཐུན་དགོས་པ། ཟིན་མེད་འཁོར་བའི་བྱ་བ་ཅམ་གྱིས་བཞག་ནས་བློ་བདེ་བག་ཕེབས་ངང་གནས་དགོས་པ། ཐ་ན་ཆག་ཆེ་ཉམ་ངའི་ལས་གང་ཞིག་ཁྱིམ་གང་ལ་བབས་ནའང་ཉིན་དེ་ག་ལས་ཡོལ་བར་བྱེད་པ། གོང་དགེ་བསྐོས་ཀྱི་བཀའ་བཞག་དང་བར་རྒན་ཚོགས་ཀྱི་དམ་བཞག་མེད་པར་སྲོལ་རང་གཅུན་གྱིས་བར་གེགས་མི་བཟོ་བ་སོགས་ཡུལ་གྲུ་ཕྱི་ནང་ཀུན་ན་སྨོན་ཡུལ་དུ་གྱུར་ཡོད།

བྱ་བའི་དགོས་མཁོའི་དབང་གིས་ཚེས་བཅུ་བདུན་གྱི་དགོང་མོའི་མ་ཎི་སྨོན་ལམ་ལ་ཞུགས་མ་ཐུབ་ཀྱང་། ཕྱིར་ལས་གནས་སུ་ལོག་པའི་ལམ་བར་དུ་མཚོ་ངོས་ལས་ཆ་སྙོམས་མཐོ་ཚད་སྨི་སུམ་སྟོང་ཡོད་པའི་ཧོར་ཟླ་བཅུ་གཅིག་པའི་ཕ་ཡུལ་གྱི་དགུན་གཞུང་དུ། མ་ཎི་སྒྲུབ་ཆེན་གྱི་ཁ་སྐོང་སྦྱིན་སྲེག་ལ་མཁོ་བའི་ས་གང་དུ་ལེན་པར་ཕྱིན་ཀྱང་འཁྱག་རེངས་སུ་སོང་མེད་པའི་བཤད་ཚུལ་དེ་ལ་ཡང་བསྐྱར་ཕྱིར་དྲན་ཐེངས་ཤིག་བྱེད་དགོས་བྱུང་། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།