ཀྲུང་གོ་བོད་ཀྱི་དྲ་བ།

ས་སྲོད་ཁྲོད་ཀྱི་ཕ་ཡུལ་དྲན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : (མཚོ་བྱང)དགེ་ལེགས་རྒྱལ་མཚན།   སྤེལ་དུས། : 2022-03-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཕ་ཡུལ་གྱི་ས་སྲོད་ཧ་ཅང་མཛེས་པ་ལ། ཉི་ནུབ་དང་མཚམས་སྤྲིན། ད་དུང་འཇམ་ཅག་གེར་གནས་པའི་ས་གཞི་བཅས་དེ་དག་ཡོད་ཚད་ནི་ས་སྲོད་ཁོ་ནར་དབང་བ་ཞིག་ཡིན།

 བྱེའུ་ཆུང་ཚང་ནང་དུ་ལོག་པ་དང་ལྷན་དུ་བྱ་བའི་བྲེལ་ཟིང་ཁྲོད་ཉིན་གཅིག་འདའ་བའི་མི་རྣམས་ཀྱིས་གོམ་པ་ལྗིད་ཏིག་གེར་རང་ཁྱིམ་དུ་ལོག་གིན་ཡོད། ས་སྲོད་ཀྱིས་ངལ་གསོ་དང་བག་ཕེབས་མཚོན་ལ། རང་ཁྱིམ་དུ་ལོག་ནས་བཟའ་མི་དང་ལྷན་འཛོམས་བྱེད་པ་ཡང་མཚོན། ས་སྲོད་ཀྱི་དུས་སུ་ང་ཚོའི་སེམས་པར་སྡུག་གིས་ཁེངས་པར་བྱེད་ནའང་སྡུག་བསྔལ་དེ་གང་ཞིག་ཡིན་མིན་གསལ་ཁ་མེད་པར་བརྗོད་དཀའ་བའི་ཚོད་དུ་སྣང་ལ། ས་སྲོད་ཀྱི་ནམ་མཁའ་དང་ས་གཞི་ལྟར་ཁོག་ཡངས་པའི་སེམས་རྒྱ་དེས་སྡུག་བསྔལ་མཐའ་དག་བྱང་སེམས་སུ་འགྱུར་བར་བྱེད་ཅིང་། ས་སྲོད་ཀྱང་གོ་བསྐོན་བློ་འགུག་གི་སློབ་གསོ་འབའ་ཞིག་ཏུ་འགྱུར་བར་བྱེད།

 ངས་ས་སྲོད་ངོ་མ་དེ་ནི་འབྲོག་ཕྱོགས་ཀྱི་ཆུང་དུས་ཀྱི་འཚར་ལོངས་དང་འབྲེལ་བ་ཆེན་པོ་ཞིག་ཡོད་པར་འདོད།  ས་སྲོད་ཀྱི་རང་མདངས་བཞིན།  ཉིན་རྒྱུན་གྱི་འབྲོག་ལས་ཀྱི་ཐོན་སྐྱེད་བྱེད་སྟངས་དང་ལས་ཀའི་བྱེད་སྟངས་བཅས་ཀྱི་རྣམ་པ་དེ་ངའི་མིག་ལམ་དུ་ཤར་བ་དང་།  དབྱར་དགུན་སྟོན་དཔྱིད་དུས་ཚུགས་བཞིའི་རང་མདངས་ཀྱིས་འབྲོག་ཕྱོགས་ཀྱི་མི་དམངས་ལ་སྐབས་དང་བསྟུན་ནས་ཐུན་མོང་གི་ལས་ཀ་བྱེད་སྟངས་མི་འདྲ་བ་རེ་བསྩལ་ཡོད་པར་མ་ཟད།  དབྱར་དུས་སུ་ངའི་ཕ་ཡུལ་ལ་མཚོན་ན་ས་སྲོད་སྐབས་སུ་བཅུ་དྲུག་ལང་ཚོ་སྨིན་པའི་གསར་སྐྱེས་སྐོར་ཞིག་གི་དབུ་འཕང་དགུང་ལ་མཉམ་པའི་རྟ་མཆོག་ལ་ཞོན་ནས་སྒོ་ཕྱུགས་དེད་དེ་རི་འདབས་སུ་ཐོན་ལ།   གཞོན་ནུ་མ་ཚོའི་འབྲི་མོའི་འོ་མ་བཞོ་བའི་སྐབས་དེའི་ས་སྲོད་ཀྱི་རྣམ་པ་ནི་ཤིན་ཏུ་མཛེས་ཤིང་ཡིད་དུ་འོངས་པ་ལ་ཨང་།  ནུབ་ཕྱོགས་ཀྱི་རི་བོའི་རྩེ་ནས་ཉ་གང་ཟླ་བ་ཤར་ནས་ནུབ་ཏུ་ཡིབ་པ་དང་བསྟུན།  རྩྭ་ཐང་ཡོངས་སུ་བདེ་སྐྱིད་ཀྱི་དཔལ་ཡོན་གསར་བ་ཞིག་ཤར།  མདོག་སེར་པོར་གྱུར་པའི་ཐང་དཀྱིལ་དུ་ཨ་བྲ་འགའ་ཞིག་ཡར་རྒྱུག་མར་རྒྱུག་བྱེད་པ་དང་། ནོར་ལུག་གི་འབའ་སྒྲ་དང་ཐུལ་དཀར་འབྲི་མོའི་ངུར་སྒྲ་བཅས་སྒྲོག་ཚེ། ངས་སེམས་ནང་དུ་རང་གི་ཕ་ཡུལ་དྲན་སོང་། མིག་ལམ་དུ་རང་གི་ཕ་ཡུལ་འཁོར་གྱིན་འདུག  མཐོན་པོའི་རི་དང་སྟུག་པོའི་ནགས།  ཡངས་བའི་ཐང་དང་དྭངས་བའི་ཆུ་བཅས་ཀྱི་རེག་བྱ་ཤིན་ཏུ་འཇམ་པ་དེ་ལག་པར་འཁྱུད་པའི་སྐབས་སུ། བདག་གི་ཡིད་ལ་རང་གི་ཕ་ཡུལ་དྲན་བྱུང་། མཐོན་པོའི་རི་ནི་ངའི་ཡིད་ཀྱི་རེ་བ་ཡིན་ལ། དམའ་བའི་མཚོ་ནི་ངའི་སྙིང་གི་དགའ་མའང་ཡིན།

 ཕ་ཡུལ-----ཇི་འདྲའི་རྒྱུས་མངའ་ཡོད་པའི་ཐ་སྙད་ཅིག   ཁྱེད་ནི་ངའི་མི་ཚེའི་རྒྱབ་རི་དང་འཚོ་སའི་རྟེན་གཞི་ཡིན་པར་མ་ཟད། ཁྱོད་ཀྱི་བཀའ་དྲིན་བྱིན་རླབས་ཀྱིས་ངའི་སེམས་ནང་དུ་གོ་གནས་གལ་ཆེན་ཞིག་བཟུང་ཡོད། ཐེངས་འདིར་ཕ་ཡུལ་དང་འབྲེལ་བའི་རྩོམ་ཐུང་ཞིག་ཇི་སྙེད་ཀྱིས་འབྲི་འདོད་པ་ནི་ཕ་ཡུལ་ལ་མཇལ་བའི་སྐལ་བ་ལྡན་སོང་ཨང་སྙམ་པ་དེ་ཡིན་པས། ཁྱེད་རང་དུས་ནམ་ཡང་རང་སེམས་ཀྱི་གུར་ཁང་དུ་རྒྱུ་བ་དང་།  ཁྱེད་རང་དུས་གཏན་དུ་ཁོ་བོའི་སྙིང་གི་མཛེས་རྒྱན་དུ་གཏན་པོར་བཞུགས་པར་སྨོན། བརྗོད་བྱ་མི་གསལ་བའི་གཏམ་རྒྱུད་ཀྱི་འགྲོས་སྙན་མོ་ནི་ངའི་ཐོས་འཛིན་གྱི་བུ་ག་བརྒྱུད་དེ་སེམས་ཀྱི་གཏིང་ན་ལྷང་ལྷང་དུ་གྲགས་པའི་སྣང་བ་སྟེར་ཅིང་འདུག  དེ་ནི་རང་ལ་རྒྱུས་མངའ་ཡོད་པའི་ཕ་ཡུལ་གྱི་ཡུལ་མི་དེ་ཚོ་རེད།  བློ་ལ་འཆར་རྒྱུ་མང་བའི་ཕ་ཡུལ་གྱི་ཡུལ་མི་ཚོ། ས་སྲོད་ཀྱི་སྐབས་དེར་ཐུན་མོང་གི་གཞི་གཅིག་ཏུ་འཛོམས་ནས་ལབ་གླེང་སྣ་ཚོགས་བྱེད་རྒྱུར་དགའ་བ་དང་།  ས་སྲོད་ཀྱི་རང་མདངས་དེ་ནི་ཉིན་རྒྱུན་གནས་དེའི་རི་ལུང་ཐང་གསུམ་ཀུན་དུ་ཉི་འོད་བཞིན་འཕྲོས་ཤིང་།  སྐབས་དེ་དག་ཏུ་འབྲོག་ཕྱོགས་མི་རྣམས་ཀྱིས་ལས་ཀའི་ཡོ་བྱེད་སྣ་ཚོགས་ཁུར་ནས་ཕྱིར་སྡེ་བར་ལོག་པར་བྱེད།  ནུབ་ཕྱོགས་ཀྱི་མཁའ་མཐའ་ན་སྤྲིན་དཀར་གྱིས་ཁེངས་ནས་གཟུགས་ཀྱི་འགྱུར་བ་སྣ་ཚོགས་སྟོན་པར་བྱེད་ནའང།  ངས་ལྟེང་ཀ་ན་འཚེར་བའི་འོད་རྡོག་དེ་དག་མཐོང་ལམ་དུ་མཐོང་བ་དང་བསྟུན། རེ་སྒུག་གི་ཁྲོད་གནས་པའི་སྡེ་བའི་ཡུལ་མི་ཚོའི་འབོད་སྒྲ་སྣ་ཚོགས་རྣ་ལམ་དུ་ཐོས།  མཁའ་མཐའི་སྤྲིན་དཀར་གྱི་གསལ་ལ་མི་གསལ་བའི་བཞིན་མདངས་དེ་དག་གསལ་པོར་མཐོང་མི་ནུས་ནའང།  ལན་རེར་རང་ཉིད་གཅིག་པུ་མཐོ་སའི་ཆུ་རགས་ཀྱི་རབ་ཁར་སོང་ནས།  ནུབ་ཕྱོགས་ཀྱི་མཁའ་མཐའ་ན་ཉི་མའི་གཟུགས་ཕྱེད་ཙམ་ལས་མི་ལྷག་པའི་ངང་ཚུལ་དང་རིམ་གྱིས་ཇེ་ཆུང་ནས་ནག་སྐྱ་ལེར་འགྲོ་བའི་ཡོད་ཚད་ལ་ཅེར་ནས་བསྡད་པ་ཡིན། ཉི་མ་ནུབ་ཚར་དུས་འཇིག་རྟེན་འདི་མུན་མག་གི་ཀློང་དུ་ཚུད་ནས་མཐའ་འཁོར་ཡོངས་ཀྱང་ཇེ་འཁྱགས་སུ་འགྲོ་བར་བྱེད། དུས་མཚུངས་སུ་སྡེ་བའི་ནང་གི་སྐད་ཅོ་སྣ་ཚོགས་དེ་དག་རིམ་གྱིས་མཚམས་འཇགས་པར་བྱེད་ལ། ས་སྲོད་ཁྲོད་ཀྱི་སྒོ་ཁྱིའི་ཟུག་སྐད་མ་གཏོགས་སྒྲ་ཅི་ཡང་ཐོས་རྒྱུ་མི་འདུག་པས་འདི་ནི་ཁེར་རྐྱང་དུ་ལུས་པའི་ངའི་ཕ་ཡུལ་དང་གཉིས་སུ་མེད།

ས་སྲོད་ཀྱི་མཛེས་སྡུག་ནི་གཞན་གྱིས་འགྲན་མི་ནུས་པ་ཞིག་ཡིན་ཏེ། དེ་ནི་སྐྱེ་སྟོབས་ལྡན་ཞིང་གསོན་ཉམས་ཀྱིས་ཕྱུག་པའི་གོ་རིམ་ཞིག་ཡིན། ནུབ་མཐའི་མཚམས་སྤྲིན་ནས་ཉི་ནུབ་དང་། ལྷིང་འཇགས་སུ་གནས་པའི་མཁའ་དབྱིངས་དང་ཕ་མཐའ་བྲལ་བའི་ཡུལ་ལྗོངས་འདི་དག་ཚང་མ་ནི་ངའི་སེམས་ངོགས་ཀྱི་དྲན་གཞི་ངོ་མ་དེ་ཡིན་འདུག  ལས་ཀ་པ་ཚོའི་ཉིན་གཅིག་གི་བྱ་བ་ཐམས་ཅད་མཇུག་རྗོགས་དུས།   འཚོ་གནས་ཀྱི་ཆེད་དུ་སྙིང་རུས་བསྐྱེད་པའི་མངོན་མེད་ཀྱི་སྟོབས་ཤུགས་དེ་ཡང་།  གྲགས་འགུལ་ཅི་ཡང་མེད་པའི་ས་སྲོད་ཀྱི་མཛེས་ལྗོངས་དེར་འཐིམས་ནས་ངལ་གསོ་བར་བྱེད་ལ། ས་སྲོད་ཀྱིས་གནང་བའི་ལྷིང་འཇགས་ཀྱི་གདམས་པ་དེ་དག་ནི་དུས་ནང་ཡང་འགག་པ་མེད་པར་གནས་ཡོད།  

མཛེས་ཤིང་ལྟ་ན་སྡུག་པའི་མཚན་མོའི་ཡུལ་ལྗོངས་ཀྱིས་ང་ཚོ་ལ་མདས་སོང་གི་གཏམ་རྒྱུད་སྣ་ཚོགས་ཕྱིར་དྲན་བྱེད་པར་དབང་མེད་དུ་དྲན་གསོ་བྱེད་ཀྱིན་འདུག ང་རང་གྲོང་ཁྱེར་ནས་འཚོ་བ་རོལ་ཏེ་ལོ་མང་བོ་འགོར་ནའང་སྐྱེས་ས་སྐྱེས་ཡུལ་ནི་རི་མཐོ་ས་གཙང་གི་མཐོ་སྒང་ཡིན་པའི་དབང་གིས་ངས་བརྗོད་འདོད་ཀྱི་བསམ་བློ་དང་ལྟ་སྟངས་མང་བོ་ཞིག་ཆུང་དུས་ཀྱི་ནར་སོན་དང་འབྲེལ་བ་ངེས་གཏན་ཞིག་ཡོད་པ་ཡིན། དེའི་རྐྱེན་གྱིས་མཐོ་སྒང་དང་གྲོང་ཁྱེར་ཟེར་བ་འདི་གཉིས་ཀྱིས་ང་ལ་དེ་བསྟུན་གྱི་ཚོར་བའང་ཞིག་སྣ་ཚོགས་ཤིག་བསྩལ་ཡོད། ཁང་བརྩེགས་ཀྱི་ཟ་ཟུར་ནས་འཕྲོས་པའི་ཉི་ཟེར་དང་ལང་ལོང་གི་མི་ཚོགས། རླངས་འཁོར་དང་བྲེལ་འཚུབ་ཀྱི་སྐད་སྒྲ་སྣ་ཚོགས། ད་དུང་གྲོང་ཁྱེར་གྱི་ས་རྡུལ་ཁྲོད་སིམ་ཞིང་རྒྱང་རིང་དུ་འཐེན་པའི་བགྲོད་ལམ་ལས། ངའི་མིག་ལམ་དུ་རང་གི་ཕ་ཡུལ་གྱི་ས་སྲོད་འཆར་བ་དང་། སེམས་ནང་དུ་རང་གི་ཕ་ཡུལ་གྱི་རི་ལུང་ཐང་གསུམ་དང་གཉེན་ཉེ་སྤུན་ཟླ། ད་དུང་སྔོ་ལྗང་གི་རྩྭ་ཐང་དང་རྟ་ནོར་ལུག་གསུམ་བཅས་དྲན་ཡོང་། འདི་ནི་ས་སྲོད་ཀྱི་གྲོང་ཁྱེར་གྱི་འདུ་འཛི་དང་ས་སྲོད་ཀྱི་ཕ་ཡུལ་གྱི་ལྷིང་འཇགས་གཉིས་ཀྱི་མི་འདྲ་སའི་གནས་དང་མི་གཅིག་པའི་ཁྱད་པར་ཀྱང་ཡིན་སྲིན་དོ།  །

2022ལོའི་ཟླ3ཚེས26ཉིན།


1.jpg

དགེ་ལེགས་རྒྱལ་མཚན། ཕ་ཡུལ་མཚོ་བྱང་། 2018ལོར་ཀན་སུའུ་ཞིང་ལས་སློབ་གྲྭ་ཆེན་མོ་ནས་མཐར་ཕྱིན། ད་ལྟ་ཧེ་ཡན་རྫོང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་རྫོང་ནང་བསྟན་མཐུན་ཚོགས་བཅས་སུ་བོད་རྒྱ་སྐད་གཉིས་ཡིག་སྒྱུར་གྱི་ལས་ཀར་འབད་བཞིན་ཡོད། སྔ་ཕྱིར《ཙོང་ཆུ》དང《ས་བོན》། 《མཚོ་སྔོན་པོ》།《 གངས་ལྷ་མེ་ཏོག》།《མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར》དེབ་ཚགས་སོགས་སུ་བརྩམས་ཆོས་གང་འཚམ་སྤེལ་མྱོང་། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།