ཀྲུང་གོ་བོད་ཀྱི་དྲ་བ།

གྱམ་ཤིས་ནགས་ཁྲོད་ཀྱི་གེ་སར་སྒྲུང་ཐང་།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : མཛེས་སེ།   སྤེལ་དུས། : 2022-03-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཡུལ་ཤུལ་གྲོང་ཁྱེར་གྱི་སྐྱེ་རྒུ་མདོ་ནས་ཟུར་མང་ཡུལ་ཚོ་རུ་ལམ་ཐག་སྤྱི་ལེ200ལྷག་ཡོད་པ་དང་། རླངས་འཁོར་ཆུང་བར་བསྡད་དེ་སོང་ན་ཆུ་ཚོད་གསུམ་ལྷག་གིས་གྱམ་ཤིས་ནགས་ཚལ་དུ་བསླེབས་ཐུབ། ལུང་པ་དེའི་ཕུ་ནས་མདའ་བར་དུ་གྱམ་ཆུ་ཞེས་པའི་ཆུ་བོ་དྭངས་ཤིང་བསིལ་ལ་སྔོ་ལྗང་གི་མདོག་དང་ལྡན་པ་ཞིག་ཡོད་པ་དེ་བཞུར་བའི་མཐའ་མར་རྩི་ཆུ་དང་འདྲེས་ནས་སྨད་ཕྱོགས་སུ་བཞུར་གྱིན་འདུག སྟོད་དུ་སྤང་ཐང་དང་སྤང་རི། བར་དུ་སྤང་རི་དང་བྲག་རི། སྨད་དུ་བྲག་རི་དང་ནགས་རི། སའི་ཆགས་སྟངས་དང་གནམ་གཤིས་ཀྱི་ཆ་རྐྱེན་དང་རྩི་ཤིང་གི་སྐྱེས་ཚུལ་སོགས་ལ་འགྱུར་བ་ཇི་ལྟར་བྱུང་ཡང་དྭངས་གཙང་གི་ཆུ་བོ་དེ་ནི་ཇེ་ཆེ་ནས་ཇེ་ཆེར་འགྲོ་བ་ལས་གཞན་འགྱུར་ལྡོག་ཅི་ཡང་མི་འདུག

ནགས་ཚལ་སྟུག་པོའི་གསེབ་ཏུ་སྤྲེའུ་རིགས་མང་པོ་ཡོད་པ་དང།ཆུ་བོའི་འགྲམ་གཉིས་ཀྱི་དབྱིབས་སྣ་ཚོགས་པའི་བྲག་རིའི་ངོས་སུ་གསེར་རྩི་དང་ཚོན་མདོག་འདྲ་མིན་གྱིས་བྲིས་པའི་ལྷ་སྐུ་དང་མ་ཎི་སོགས་ཤིན་ཏུ་ཡག་པོ་གྲངས་ལས་འདས་པ་མཐོང་ཐུབ་ཅིང་། རྡོ་བ་རེ་རེའི་ངོས་སུའང་མ་ཎི་དང་སྐུ་བརྙན་བརྐོས་འདུག་པས། ད་ནི་དགུན་དུས་ཡིན་རུང་ཚོན་ཁྲ་ཅན་གྱི་ཡུལ་ལྗོངས་འདི་ལ་དུས་ཚིགས་ཀྱིས་འགྱུར་བ་ཆེན་པོ་གཏོང་ཐུབ་ཀྱིན་མེད་པ་ཤེས། དེ་ལས་ལྡོག་སྟེ། ལུང་པ་འདི་ཡིས་དབྱར་དགུན་སྟོན་དཔྱིད་ཀྱི་དུས་ཚིགས་བཞི་བོ་ཁ་སྐྱེངས་སུ་བཅུག་ཡོད་པ་རེད། ལྷ་ཤིང་ཤུག་པ་དང་སྟག་པ་དང་གསོམ་པ་སོགས་ཤིང་སྡོང་རིགས་མི་འདྲ་བ་དག་གི་རྩ་རུ་ཁ་བས་ཁེངས་ཤིང་ཉི་མ་ཕྱི་དྲོའི་དུས་སུ་ཁ་བ་བཞུས་ཤུལ་དུ་རྩ་ལྡུམ་སྔོན་པོ་དང་སེར་པོ་ད་དུང་བསྐམས་མི་འདུག

ལམ་བར་དུ་བྲག་རི་ཆེན་པོ་བརྗིད་ཆགས་ཡིད་དུ་འོང་བ་ཞིག་འགྱིང་འདུག་པ་དེའི་མིང་ལ་གནས་ཆེན་པད་མ་མཐོང་གྲོལ་ཟེར་ཏེ། ཨུ་རྒྱན་གྱི་སློབ་དཔོན་པདྨ་འབྱུང་གནས་རིན་པོ་ཆེའི་སྒྲུབ་གནས་རེད་ཅེས་གྲགས་ལ། ལུག་གི་ལོ་ལ་ཐག་ཉེ་རིང་ཀུན་ནས་གནས་སྐོར་དུ་ཡོང་མཁན་ཤིན་ཏུ་མང་ཟེར།

ཟུར་མང་ལུང་པ་ཟེར་ནའང་འདྲ།གྱམ་ཤིས་ལུང་པ་ཟེར་ནའང་འདྲ། ཡུལ་དེའི་ཕྱོགས་བཞི་མཚམས་བརྒྱད་རི་བོ་མཐོན་པོས་བསྐོར་ཡོད་ཅིང་། རི་བོ་ཐམས་ཅད་ནགས་ཚལ་སྟུག་པོས་གཡོགས་འདུག་ལ། ནགས་ཚལ་ཁྲོད་དུ་སྲོག་ཆགས་གང་དགར་རྒྱུ་བཞིན་པ་དང་། སྲོག་ཆགས་སྣ་ཚོགས་རང་བྱུང་དྲི་བཟང་གིས་མྱོས་བར་གྱུར་པས། ངོ་མ་བློ་སེམས་ཉམས་དགའ་བར་བྱེད་པའི་གནས་མཆོག་ཅིག་རེད་སྙམ། གྲོང་སྡེའི་ལོགས་སུ་སྔོན་ཆད་ཀརྨ་སྒ་བྲིས་འབྲོག་ཕན་ལས་རིགས་ལག་རྩལ་སློབ་གྲྭ་ཟེར་བ་ད་ལྟ་ཡུལ་ཤུལ་གཡང་མགོ་མའི་ན་གཞོན་ལས་རིགས་ལག་རྩལ་སློབ་གྲྭ་ཞེས་པ་དེ་ཆགས་ཡོད་པ་དང་། སློབ་གྲྭ་དེ་འཛུགས་མཁན་ཡེ་ཤེས་ཆོས་འཕེལ་ཁོང་ནི1974ལོར་སྐྱེས་ཤིང་ད་ལྟ་ས་དེ་གའི་དགོན་པ་ཞིག་གི་མཁན་པོ་ཡིན་པ་རེད། ཁོང་དང་སློབ་གྲྭའི་ལས་སྣེ་བ་ཚོ་ནི་གྱམ་ཤིས་ཧོར་ཚང་གི་ཁྱིམ་རྒྱུད་དེ་ཧོར་ཤན་པ་རྨེ་རུ་རྩེའི་རྗེས་རབས་ཡིན་ཟེར།

ངས་ཧོར་ཚང་གི་ད་ལྟའི་གནས་སྟངས་སྐོར་དྲིས་པ་ན། ཡེ་ཤེས་ཆོས་འཕེལ་ལགས་ཀྱིས་གསུངས་དོན། ངག་རྒྱུན་དུ་ཧོར་ཚང་མི་རབས་བཅོ་བརྒྱད(ལོ་རྒྱུས་དངོས་སུ་མི་རབས་བདུན་བརྒྱད་ཙམ)བར་དུ་ཐང་ཀ་འབྲི་བ་དང་མགར་བྱེད་པ་དང་མདའ་བཟོ་བའི་ལག་རྩལ་གྱི་རྒྱུན་ཡོད་པར་བཤད།ཕྱིས་སུ་སྤྱི་རྩིས1958ལོ་དང་རིག་གནས་གསར་བརྗེ་ཆེན་པོའི་སྐབས་སུ་ཉམས་པར་གྱུར། ད་ལྟ་ལྷ་སྐུ་འབྲི་མཁན་བུ་བུ་མོ་འགའ་ཡོད་ལ།གྲི་རྡུང་བ་དང་ཤིང་བཟོ་མཁན་མི་རྒན་གཅིག་ཡོད་པ་རེད།ཧོར་ཚང་ནི་སྔོན་ཆད་བརྒྱ་དཔོན་གྱི་ཚོ་བ་ཞིག་ཡིན། ད་ལྟ་དུད་ཁྱིམ་བརྒྱ་ལྷག་དང་མི་གྲངས་ལྔ་བརྒྱ་ལྷག་ཡོད་པ་རེད། གཙོ་བོ་ནི་ཕྱུགས་ཟོག་འཚོ་སྐྱོང་དང་ལག་ཤེས་བཟོ་ལས་ལ་བརྟེན་ནས་འཚོ་བ་རོལ་རྒྱུ་མ་གཏོགས་ཞིང་ལས་ཆེན་པོ་དར་ཡོད་པ་མ་རེད།གྲོ་ནས་ཉུང་ངུ་ཙམ་འདེབས་པ་དང་། རྩྭ་སར་སྤང་རི་ཅུང་ཆེན་པོ་ཡོད། གནས་འདི་རུ་དབྱར་རྩྭ་དགུན་འབུ་མང་པོ་ཡོད་པ་མ་རེད། སྡོད་ཁང་ནི་ཤིང་ཁང་དང་རྡོ་ཁང་ཡང་ན་ཤིང་རྡོ་འདྲེས་མའི་ཁང་པ་བོད་ཀྱི་བཟོ་རྩལ་གྱི་ཁྱད་ཆོས་ཡོད་པ་དང་། དེ་ལ་ས་འགུལ་གྱི་གནོད་སྐྱོན་མི་ཐེབས་པའི་ནུས་པ་ལྡན།ཤིང་རིགས་དང་སྨན་སྣ་གང་མང་འཛོམས་ཡོད་ཀྱང་མི་གཅོད། རི་དྭགས་དང་གཅན་གཟན་སྣ་མང་དང་རྩ་ཆེན་ཡོད་ཀྱང་མི་རྔོན།ཡུལ་ལུང་འདིའི་གྲོང་མི་རྣམས་སྐྱེ་ཁམས་ལེགས་བཅོས་དང་ཁོར་ཡུག་སྲུང་སྐྱོང་བྱེད་པར་ཧ་ཅང་དགའ་མོས་ཡོད་པར་མ་ཟད་དེ་དང་འབྲེལ་བའི་བྱ་འགུལ་ཡང་གང་མང་སྤེལ་བཞིན་ཡོད་ཅེས་ལན་བཏབ་བྱུང་།

ཡེ་ཤེས་ཆོས་འཕེལ་ལགས་ཀྱིས་ང་ལ་གསུངས་པ་ལྟར་ན། སློབ་གྲྭ་འདི་ནི2013ལོར་གསར་དུ་བཙུགས་ཤིང་། སློབ་གྲྭ་ཆགས་ཡུལ་དེ་ལ་གཡང་མགོ་མ་ཞེས་འབོད་པ་དང་། གནས་དེ་ནས་ཆབ་མདོའི་ས་མཚམས་སུ་སྤྱི་ལེ་གསུམ་ལས་མེད་ལ།སློབ་གྲྭའི་སློབ་མ་ནི་མཚོ་སྔོན་དང་སི་ཁྲོན་དང་བོད་ལྗོངས་བཅས་ཞིང་ལྗོངས་གསུམ་གྱི་རྫོང་ཁག་དགུ་ནས་ཡོང་ཡོད་པ་རེད་ཟེར།སློབ་གྲྭ་དེས་ཐང་ཀའི་འཛིན་གྲྭ་དང་བོད་ཀྱི་གསོ་རིག་འཛིན་གྲྭ་བཅས་བསླབ་བྱའི་ལག་རྩལ་རིགས་གཉིས་ཁྲིད་ཀྱིན་ཡོད་ལ། གཙོ་བོར་ཀརྨ་སྒར་བྲིས་ཀྱི་རྒྱུན་འཛིན་པ་གསོ་སྐྱོང་བྱེད་ཀྱིན་ཡོད་པ་དང་། དུས་རྒྱུན་དུ་འཛམ་གླིང་གེ་སར་རྒྱལ་པོའི་སྒྲུང་དང་འབྲེལ་བའི་དམངས་ཁྲོད་རིག་གནས་དང་། བོད་ཀྱི་སྐད་ཡིག་དང་རྒྱའི་སྐད་ཡིག་དང་གྲངས་རྩིས་རིག་པ་གསུམ་ཁྲིད་ཀྱིན་ཡོད་པར་མ་ཟད།དགེ་སློབ་ཚང་མས་ཉིན་རེར་གེ་སར་གསོལ་ཁ་འདོན་པ་དང་གླིང་བྲོ་བདེ་ཆེན་རོལ་མོ་འཁྲབ་ཀྱིན་ཡོད་ཟེར།སློབ་གྲྭ་ཡོངས་སུ་ད་ལྟ་སློབ་མ་བརྒྱ་དང་བཅུ་ཡས་མས།དགེ་རྒན་ལ་བོད་ཡིག་དགེ་རྒན་གཉིས་དང་། རྒྱ་ཡིག་དགེ་རྒན་གཉིས་དང་། གྲངས་རྩིས་རིག་པའི་དགེ་རྒན་གཅིག་དང་།གསོ་བ་རིག་པའི་དགེ་རྒན་གཉིས་དང་། ཐང་ཀའི་དགེ་རྒན་གཉིས་བཅས་ཡོད་པ་རེད། ཀརྨ་སྒ་བྲིས་ཐང་ཀ་འཛིན་གྲྭ་ལ་སློབ་མ86ཡོད་པ་དང་།ཐང་ཀའི་དགེ་རྒན་ཆེ་བ་གཉིས་ཡོད་པ་སྟེ། གཅིག་ནི་ཀ་ཤོད་ཀརྨ་བདེ་ལེགས་ལགས་ཡིན་པ་དང་།ད་ལྟ་དགུང་ལོ་དགུ་བཅུར་བསླེབས་ཟིན།གཅིག་ཤོས་ཀྱི་མིང་ལ་ཀ་ཤོད་བསྟན་འཛིན་རྒྱལ་མཚན་ཟེར་ཞིང་ཆབ་མདོ་རྫོང་ཀརྨ་ཡུལ་ཚོའི་ཡིན་ཏེ།གནས་དེ་ནི་ཀརྨ་སྒར་བྲིས་ཀྱི་ལུགས་སྲོལ་དར་ས་རེད། རྒྱལ་དབང་ཀརྨ་བའི་དགོན་པ་ཐོག་མའང་ས་དེར་ཆགས་ཡོད།ཐང་ཀའི་དགེ་རྒན་ཆུང་བ་བཞི་ཡོད་པ་ཚང་མ་ཀ་ཤོད་ཀརྨ་བདེ་ལེགས་མཆོག་གི་སློབ་མ་ཡིན་པ་དང་།ཕ་ཡུལ་ནི་རང་ས་གནས་འདིའི་ཡིན་ཞེས་ཟེར། གསོ་རིག་འཛིན་གྲྭ་ནི་གསར་དུ་བཙུགས་ནས་ལོ་གཉིས་མ་གཏོགས་འགོར་མེད་ལ།ད་ལྟ་སློབ་མ25ཡོད་པ་དང་།ལོ་གསུམ་པའི་རྗེས་སུ་མཐར་ཕྱིན་དགོས་སྐོར་པའི་གསུངས་བྱུང་།

སློབ་གྲྭ་གསར་དུ་བཙུགས་མ་ཐག་པའི་སྐབས་སུ་འདུག་སའི་ཁང་པ་མེད་པས། ལོ་གཉིས་ཙམ་ལ་སློབ་ཕྲུག་ཕོ་རྣམས་སྦྲ་གུར་དུ་བསྡད་པ་དང་མོ་རྣམས་ཤིང་གི་པགས་པས་བཟོས་པའི་ཁང་པ་རུ་བསྡད་པ་ཡིན་ཟེར།

ཡེ་ཤེས་ཆོས་འཕེལ་ཁོང་གིས་རང་ལོ་ལྔ་ཙམ་གྱི་སྐབས་སུ་རང་གི་ཕ་ལས་འཛམ་གླིང་གེ་སར་རྒྱལ་པོའི་སྒྲུང་ལ་ཉན་པ་དང་། ཕ་རྒན་སྒྲུང་ལ་ཤིན་ཏུ་དགའ་ཞིང་དཔེ་ཆ་མང་པོ་ཉར་ཡོད་པས། ལོ་བདུན་བརྒྱད་ཙམ་གྱི་སྐབས་སུ་ཁོས་ཀྱང་བོད་ཡིག་བསླབ་ཅིང་སྒྲུང་དཔེར་བལྟས་པ་ཡིན་ཟེར། ཡེ་ཤེས་ཆོས་འཕེལ་ལགས་རང་ལོ་བཅུ་ཙམ་གྱི་སྐབས་སུ། ཕ་ཡིས་ཁོ་རང་ཡུལ་དེའི་བླ་མའི་དྲུང་དུ་བསྐྱལ་ནས་གེ་སར་གསོལ་ཁ་སོགས་བསླབ་ཏུ་བཅུག་པ་དང་། ལོ་བཅུ་དྲུག་བཅུ་བདུན་སྐབས་སུ་ནོར་ལུག་འཚོ་ཞོར་དུ་སྒྲུང་དཔེ་མང་པོར་བལྟས་པ་དང་མཚན་མོ་རེར་གྲོང་སྡེའི་དགོང་འདོན་སྐབས་སུ་གེ་སར་གསོལ་ཁ་འདོན་པས།གེ་སར་རིག་གནས་ལ་བག་ཆགས་ཟབ་མོ་ཐེབས་པ་རེད། རང་ལོ་ཉེར་གསུམ་ནས་སུམ་ཅུའི་བར་དུ་ཁོ་རང་གསེར་རྟ་བླ་རུང་དུ་ཕྱིན་ནས་ནང་བའི་གཞུང་ལ་ཐོས་བསམ་དང་བོད་ཀྱི་ཐུན་མོང་རིག་གནས་ལ་སློབ་གཉེར་བྱས། རྩ་བའི་བླ་མ་འཇིགས་མེད་ཕུན་ཚོགས་མཆོག་ནི་འདན་སྲས་གཡུ་འོད་འབུམ་མེའི་རྣམ་སྤྲུལ་ཡིན་པས།དུས་རྒྱུན་དུ་གེ་སར་གྱི་གར་འཆམ་དང་གླིང་བྲོ་བདེ་ཆེན་རོལ་མོ་སོགས་འཁྲབ་པའམ་སློབ་ཁྲིད་བྱེད་ཀྱིན་ཡོད་པས།དེ་ཕྱོགས་ལའང་སྦྱང་བ་མང་དུ་བྱས།རང་གི་ཕ་མ་དང་མེས་པོ་རྣམས་ཀྱིས་གེ་སར་རིག་གནས་ལ་ཧ་ཅང་དགའ་ཞེན་བྱེད་པ་དང་། གྲོང་སྡེའི་མི་མང་གིས་གུ་རུ་རིན་པོ་ཆེ་དང་གེ་སར་རྒྱལ་པོ་ལ་དད་མོས་ཆེན་པོ་ཡོད་པས།ཁོ་རང་ཡང་གེ་སར་རིག་གནས་རྒྱུན་འཛིན་དང་དར་སྤེལ་གྱི་ཕྱོགས་སུ་སྤྲོ་བ་ཡོད་པར་མ་ཟད་ནུས་ཤུགས་གང་ཡོད་འདོན་བཞིན་ཡོད་དེ། ཚོང་ལས་དང་འབྲེལ་བ་མེད་པར་ལས་རིགས་ལག་རྩལ་སློབ་གྲྭ་བསྒྲུབས་ཏེ་བོད་ཀྱི་སྲོལ་རྒྱུན་རིག་གནས་ཁྱབ་སྤེལ་བྱེད་པར་འབད་པ་བྱེད་ཀྱིན་ཡོད་པ་རེད།

ཡེ་ཤེས་ཆོས་འཕེལ་ལགས་ལ་མཆོག་སྤྲུལ་གང་ཤར་རིན་པོ་ཆེ་ཡིས་མ་དངུལ་ཤོག་སྒོར་ས་ཡ་གསུམ་ལྷག་གི་འགྲོ་སོང་བཏང་ནས་རོགས་རམ་བྱས་པས་སློབ་གྲྭའི་དགེ་སློབ་བདུན་ཅུ་ལྷག་གིས་ལོ་གསུམ་ལ་བྲིས་པའི་གླིང་གེ་སར་རྒྱལ་པོའི་སྒྲུང་ནང་གི་མི་སྣ་གལ་ཆེན་གྱི་ཐང་ཀ་བརྒྱ་ཐམ་པ་དེ་སྤྱི་རྩིས2019ལོར་ཡོངས་སུ་གྲུབ། ང་རང་ཐང་ཀ་འཛིན་གྲྭའི་ནང་དུ་སོང་ནས་ལྟ་དུས། སློབ་ཁང་ཆེན་པོ་དེའི་གྱང་ངོས་དང་བར་ཁྱམས་རེ་རེའི་ཀ་མགོ་དང་གདུང་མའི་འདབས་སུ་ཀརྨ་སྒ་བྲིས་ལུགས་ལྟར་བཞེངས་པའི་འཛམ་གླིང་གེ་སར་རྒྱལ་པོ་དང་།སྤྱི་དཔོན་རོང་ཚ་ཁྲ་རྒན།མུ་སྤྱང་རིན་ཆེན་དར་ལུ།སྤྱི་དཔོན་སྣང་ངུ་གཡུ་སྟག ཤེལ་དཀར་རྒྱང་གྲགས།ཚ་ཞང་འདན་མ་བྱང་ཁྲ།གདོང་འབུམ་པའི་རྒྱ་ཚ་ཞལ་དཀར།འབུམ་པའི་དགྲ་ལྷ་རྩེ་རྒྱལ།དར་འཕེན་དུག་གི་སྡོང་པོ།སྟག་རོང་ཉ་ཚ་ཨ་བརྟན།ཧོར་སྡིག་སྤྱོད་ཤན་པ་རྨེ་རུ།དཔའ་མོ་ཨ་སྟག་ཀླུ་མོ།རྒོད་པོ་ཉི་མ་ལྷུན་གྲུབ།ལྕགས་ནག་དཔོན་པོ་སེང་སེང་།ནག་རུ་ཐར་པ་རྒྱལ་མཚན།གུང་པ་བུ་ཡི་ཁྲོ་རྒྱལ།སྟག་རོང་སྤྲིན་ཚ་ངོ་ལུག གོ་འཇོ་བླ་མ་རྒྱལ་མཚན།མུ་པའི་དར་འཛོམས་ངོ་ལུག མུ་པའི་དར་འཕེན་ནག་པོ།འདན་སྲས་གཡུ་འོད་འབུམ་མེ།རོང་སྲས་ལྷ་རྒོད་འབུམ་ལུ།རྒྱལ་སྲས་མ་ཎི་ཀ་ར།འབུམ་དཔོན་ཐོག་རྒོད་འབར་བ།སྟག་སྲས་ནོར་བུ་རྩེ་རྒྱལ།ཐང་རྩེ་གཡུ་འབྲུག སྟག་རོང་ཁྲོ་རྒྱལ་བེར་དམར།ལྷ་བུ་ནམ་མཁའ་སེང་ཞལ།གཟུ་ཆེན་ཝེར་མའི་ལྷ་དར།ལྷ་རྗེ་ཀུན་དགའ་ཉི་མ།རྩིས་པ་ལྷ་བུ་གཡང་དཀར།བོད་ཕྲུག་མི་ཆུང་ཁ་བདེ།ཐང་དཀར་རྩེ་རྒོད།བེ་རི་ཉི་མ་ཁྲི་བཙན།མགར་ཆོས་དར་རྒྱལ་པོ།གདོང་བཙན་སྣང་ངུ་ཨ་དཔལ།བློན་པོ་གར་དར་ཕྱིང་སྔོན། བྱང་སྲས་ཨུན་ཊི་ལེགས་པ།ཐང་དཀར་རྩེ་རྒོད།ཁམས་པ་གཡུལ་ལྡན།ཤན་པ་སྟོང་ཤོང་འབྲུག་སྒྲ།སྟག་གཟིག་ཞལ་དཀར་ལྡེམ་པ།ཤན་ཚ་རླུང་ལྷ་མགྱོགས་ལྡན།བྱེ་རུ་བཀའ་བློན་ཆོས་འགྲུབ།བདུད་རི་ཤན་པ་དམར་པོ།མཐིང་རྒྱལ་སྟག་རྒོད་རྔམ་བཙན།གྲོ་མ་གཤིན་བདུད་ནག་མགོ།ར་འདྲ་འཆི་བདག་ཡ་མེད།བྱ་ཆེན་ཀརྨ་དགྲ་འདུལ།སོག་སྲས་དུང་ཆུང་འོད་དཀར།ཡབ་ཆེན་སེང་བློན་རྒྱལ་པོ།གླིང་མ་བཞིའི་དཔོན་པོ་ཁྲོ་ཐུང་།ནུ་བོ་རོང་ཚ་དམར་ལེབ། སྐྱ་ལོ་སྟོན་པ་རྒྱལ་མཚན།འོམ་བུའི་ཨ་ནུ་དཔའ་སེང་།གསེར་པའི་ཉི་འབུམ་དར་ཡག དཔའ་ལ་སེང་སྟག་ཨ་དོམ།འབྲུ་སྒ་སྡེ་ཆོས་སྐྱོང་བེར་ནག སྟག་རོང་ཨ་ནུ་གཟིག་འཕེན།འཇང་སྲས་གཡུ་ཁྲི་གུང་སྔོན། འཇང་ཕྲུག་གཡུ་ལྷ་ཐོག་འགྱུར། དུང་སྐྱོང་སྟག་ལྷ་ཁྲི་དཀར། སྐྱ་ལོའི་སྣང་སྲས་གཡུ་སྟག སྐྱ་ལོའི་བུ་ཡག་འབྲུག་རྒྱལ། ཨ་འབར་བུ་ཡི་འཕེན་སྟག མི་ཆེན་རྒྱལ་བའི་ལྷུན་འགྲུབ།གླིང་ཆེན་ཐར་བུ་བསོད་ནམས།བརྒྱ་དཔོན་བན་དེ་དམར་ལུ།སྟོང་དཔོན་ཡ་མི་སོ་ཁྲ།དཀར་རུ་ཉི་མ་རྒྱལ་མཚན།དབང་བཅོད་དབང་པོ་དར་ཕན།ཨ་དགེ་ཚངས་པའི་ངོ་ལུག མོ་མ་ཀུན་ཤེས་ཐིག་པོ།སྒྱུ་མཁན་ཁ་ཆེ་མིག་དམར།བཅོ་ལྔའི་དཔའ་གསར་ཟླ་བ།འབྲུ་མི་དཀར་ལྷའུ་བསམ་འགྲུབ།རྨ་ཉིན་རྫོང་དཔོན་པོ་ལྷ་ཀླུ། གཡུང་ཡག་མགོན་པོ་སྟོང་ཐུབ།ཁྲ་གདོང་བསྟན་འཛིན་གྲགས་པ།ག དོང་བཙན་སྣང་ངུ་ཨ་བརྟན།འབྲུ་སྲས་ནམ་མཁའི་ཐོག་རྒྱལ།གསེར་པའི་བུ་ཆུང་ཐར་ཡག འོམ་བུའི་སྤྱང་ཁྲི་རྔམ་ཆེན། འཇང་ཁུ་བྱུག་པདྨ་ཉི་གྲགས།བེར་ཐུལ་བུ་ཡི་ལྷ་རྒོད།གཡུ་སྲས་གཡུ་འབྲུག་ཐོག་རྒྱལ།རྨི་ལི་དཔོན་པོ་བྲག་བཙན།མོན་ཕྲུག་ཟླ་བ་ཁྲབ་བཙན།ཤིང་རོང་རྨ་བྱ་བཙན་པོ།མོན་གྱི་ཨ་ཁུ་རྡོ་རྒན།ཨ་གྲགས་ཉི་མ་གྲགས་པ།སྙེ་མོའི་སྟག་ཚང་ཞལ་དཀར།མཐིང་ཤོད་འཕྲུལ་ལྕེ།ཞང་ཞུང་སྟག་མོ་ཁྲི་བརྟན།སོག་སེར་པོའི་སྟག་དམར་སྟོབས་ཆེན།སྟོབས་རྒྱལ་རིན་ཆེན་གྲགས་པ།ཁྱི་ཤི་བུ་ཡི་རྒུ་རུ།སྒ་སྐྱ་ལོ་སེང་ལྕམ་འབྲུག་མོ།སྔོ་ལོ་བུ་མོ་ནེའུ་ཆུང་།གྲོ་ལོ་པད་དཀར་ལྷ་མཛེས།སྤྱི་དཔོན་བུ་མོ་གཡུ་སྒྲོན།ཚ་ཞང་བུ་མོ་མཛེས་སྒྲོན།ཡ་ཐའི་བུ་མོ་གསེར་མཚོ།ཁྲོ་ཐུང་བུ་མོ་ཁྲོ་མཚོ།མ་ཡུམ་འགོག་བཟའ་ལྷ་མོ།རྒྱ་བཟའ་ལྷ་དཀར་སྒྲོལ་མ།རག་བཟའ་དགེ་མཚོ།འདན་བཟའ་གསེར་མཚོ།མེ་བཟའ་འབུམ་སྐྱིད།མགར་བཟའ་ཆོས་སྒྲོན།འཇང་བཟའ་པདྨ་ཆོས་སྒྲོན།མོན་བཟའ་མེ་ཏོག་ལྷ་མཛེས།དར་བཟའ་གཡུ་སྒྲོན་བཅས་ཀྱི་སྣང་བརྙན་གྱིས། ལོ་ངོ་སྟོང་ཕྲག་གཅིག་གི་རྗེས་སུ་སྐྱེས་པའི་ང་ཚོའི་ཡིད་དབང་ཐང་ཀའི་སྒྱུ་རྩལ་ལ་བརྟེན་ནས་རིམ་གྱིས་བཀུག་འགྲོ་བ་རེད།

མི་སྒེར་པ་སུ་ཞིག་ཡིན་རུང་སེམས་སུ་འཆར་བཀོད་སྣ་ཚོགས་འཐེན་ཕོད་པ་དང་ཁ་ནས་གང་དྲན་བཤད་སླ་བོ་རེད་དེ།ང་རང་ཉིད་ཀྱང་སྟོང་བསམ་ལ་དགའ་བ་ཞིག་ཡིན། འོན་ཀྱང་སེམས་སུ་དྲན་པ་དང་ཁ་ནས་བཤད་པ་དེ་མངོན་སུམ་འཚོ་བའི་ཁྲོད་དུ་ལག་ལེན་ཏུ་བསྟར་རྒྱུ་ནི་ཧ་ཅང་དཀའ་བར་འདུག ཡེ་ཤེས་ཆོས་འཕེལ་ལགས་ལ་མཚོན་ན། རབ་བྱུང་མཁན་པོ་ཞིག་ཡིན་པ་མ་གཏོགས་ཁེ་ལས་སོགས་ཀྱི་ཚོང་བདག་ཅིག་མ་རེད།ཁོང་གིས་རང་གི་ཐབས་ཤེས་རབ་དང་ཚེགས་བརྩོན་འགྲུས་ལ་བརྟེན་ནས་ལས་རིགས་ལག་རྩལ་སློབ་གྲྭ་ཞིག་དབེན་པའི་ལུང་ཁུག་ཏུ་བཙུགས་ཤིང་། སློབ་གྲྭ་འགྲིམ་པའི་སྐལ་བ་མ་ལྡན་པའི་བོད་པའི་བུ་ཕྲུག་ཕོ་མོ་སྐོར་ཞིག་ཐག་ཉེ་རིང་གི་ཡུལ་ལུང་སོ་སོ་ནས་བསྡུས་ཏེ་རིན་མེད་དུ་རིག་གནས་ཤེས་བྱ་དང་ལག་རྩལ་སྦྱང་དུ་བཅུག་པ་ནི་དེ་བས་ཀྱང་ལས་སླ་བོ་ག་ལ་ཡིན།ད་དུང་ཡང་།ཁོས་ཐང་ཀའི་དགེ་རྒན་གྲགས་ཅན་གདན་ཞུས་ཏེ་སློབ་ཕྲུག་ཚོར་ཡུན་རིང་བོར་བྲིས་རྒྱུན་འཁྲིད་རྒྱུ་དང་ཐང་ཀའི་རྒྱུན་འཛིན་པ་གསོ་སྐྱོང་བྱེད་པའི་ལས་ཀ་ནི་དཀའ་ངལ་ཅི་ཙམ་ལ་གདོང་གཏད་དགོས་པ་ཁོང་རང་ཉིད་ཀྱིས་ཤེས་པ་ལས་གཞན་སུས་ཀྱང་རྟོགས་མི་སྲིད། དེ་ལས་ཀྱང་མ་དཔེ་སྟོན་མཁན་མེད་ལ་ཟུར་བལྟ་བྱེད་སའང་མེད་པར་གེ་སར་སྒྲུང་གི་མི་སྣ་དང་གཏམ་རྒྱུད་བརྗོད་བྱ་མི་འདྲ་བ་བརྒྱ་ཕྲག་གཅིག་ཙམ་དགེ་སློབ་རྣམས་ཀྱིས་མཉམ་གཅིག་ཏུ་བྲི་དགོས་ཚེ།དེ་ལ་བློ་དང་སྤོབས་པ་ག་ཚོད་དགོས་པ་གནམ་གྱིས་མཁྱེན་པ་རེད།ཡེ་ཤེས་ཆོས་འཕེལ་ལགས་ཀྱི་ལས་རིགས་ལག་རྩལ་སློབ་གྲྭ་དེ་ཚད་ཅི་འདྲ་ཞིག་ལ་འཕེལ་རྒྱས་འགྲོ་ཐུབ་པ་ངས་མི་ཤེས་ལ།སློབ་གྲྭའི་དགེ་སློབ་ཀྱིས་མཉམ་གཅིག་ཏུ་བྲིས་པའི་སྒྲུང་ཐང་དེ་དག་གི་སྒྱུ་རྩལ་གྱི་རིན་ཐང་སོགས་ག་འདྲ་ཡོད་པའང་ངས་མི་ཤེས་མོད།གང་ལྟར་ས་ཆ་ཆུང་ཆུང་ཞིག་ཏུ་ཕྱོགས་ཡར་མར་གྱི་སློབ་ཕྲུག་ཚོའི་རྒྱུད་དུ་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་དང་དར་སྤེལ་གཏང་བའི་ས་བོན་ལེགས་པར་བཏབ་ཅིང་ཁ་ཕྱོགས་དྲང་པོ་བསྟན་པར་མ་ཟད། ཁོང་རང་གིས་དངོས་སུ་སྣེ་ཁྲིད་དེ་མདུན་དུ་སྐྱོད་པའི་འབད་འབུངས་ཀྱི་སྙིང་སྟོབས་འདི་ལ་རྗེས་སུ་ཡི་རང་དང་དད་གུས་བྱ་རྒྱུ་ནི་ཀུན་གྱི་འོས་འགན་ཡིན་པ་འདྲ།

ཡེ་ཤེས་ཆོས་འཕེལ་ལགས་ཀྱིས་ཡུལ་ཤུལ་དུ་ས་འགུལ་བྱུང་རྗེས་སུ་ཁྱིམ་གཞི་བསྐྱར་འཛུགས་བྱ་བའི་ཁྲོད་དུ་རང་ནུས་ཅི་ལྕོགས་ཀྱིས་གནོད་འཚེ་ཐེབས་པའི་མི་མང་མང་ཚོགས་ལ་རོགས་སྐྱོར་གནང་བས་ཁུལ་དང་རྫོང་གིས་ཁོང་ལ་གཟེངས་བསྟོད་བྱས་ཤིང་བྱ་དགའ་གནང་།ཁོང་གིས་ལས་རིགས་ལག་རྩལ་སློབ་གྲྭ་བཙུགས་ནས་ས་དེའི་མང་ཚོགས་ལ་ཕྱོགས་གང་ཐད་ནས་རོགས་སྐྱོར་བྱས་པ་དང་རྗེས་རབས་པ་རྣམས་ལ་མི་རིགས་རང་གི་སྲོལ་རྒྱུན་རིག་གནས་དང་ལག་རྩལ་ཁྲིད་པས་རིམ་པ་སོ་སོའི་འབྲེལ་ཡོད་ལས་ཁུངས་དུ་མས་ཁས་ལེན་དང་གདེང་འཇོག་གནང་།ཉེ་སྔོན་ཁོང་གིས་གེ་སར་སྒྲུང་ཐང་བརྒྱ་ཐམ་པ་ལེགས་གྲུབ་བྱུང་ནས་སྐྱེ་རྒུ་མདོ་རུ་འགྲེམ་སྟོན་བྱས་པ་ལ།ཞིང་ཆེན་ཕྱི་ནང་གི་འབྲེལ་ཡོད་ལས་ཁུངས་དང་ཡུལ་ཤུལ་ཁུལ་གྱི་སྲིད་ཕྱོགས་མགོ་ཁྲིད་དམ་རིག་གཞུང་ཉམས་ཞིབ་པ་མང་པོས་བསྟོད་པའི་མཐེ་བོང་བསྒྲེངས་ཤིང་ས་གནས་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་ཞུ་བའི་སེམས་བསྟན།ཐེངས་འདིར་ང་ཚོ་མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་སྲུང་སྐྱོབ་ཞིབ་འཇུག་ལྟེ་གནས་ཀྱང་ཆེད་དུ་གཡང་མགོ་མ་ཟེར་བའི་ལུང་པ་འདིར་ཡོང་ནས་ཁོ་ཚོར་གེ་སར་རིག་གནས་རྒྱུན་འཛིན་རྟེན་གཞི་ཞེས་པའི་ཐེམ་བྱང་དང་དཔང་ཡིག་གནང་བ་ཡིན།

ས་གཞི་ཀོ་བས་མི་ཁེབས་ཀྱང་། ལྷམ་མཐིལ་ཀོ་བས་གཡོགས་ན་ཆོག་ཅེས་པའི་གཏམ་དཔེ་ཞིག་ངའི་ཡིད་དུ་དྲན་བྱུང་།

ཡེ་ཤེས་ཆོས་འཕེལ་ལགས་ཀྱིས་ང་ལ་གསུངས་དོན། ཐང་ཀ་སློབ་པ་ལ་ཐོག་མར་ཐིག་རྩ་ཇི་ལྟར་བྲི་བའི་ཚད་དེ་ངེས་པར་དུ་ཐིག་ཡིག་བློར་འཛིན་དགོས་པ་རེད།ལྷ་ཞི་བ་དང་ཁྲོ་བོ་དང་ཞི་མ་ཁྲོ་སོགས་མི་འདྲ་བ་རེ་རེའི་སྐུ་བརྙན་དེ་ཐང་ཀའི་ངོས་སུ་ཇི་ལྟར་བྲི་དགོས་ལུགས་དེ་ཐིག་རྩ་གཅིག་གྱུར་ཡིན་པ་རེད། ལས་རིགས་ལག་རྩལ་སློབ་གྲྭ་འདི་ནས་སློབ་མཐར་ཕྱིན་པའི་སློབ་མ་བདུན་ཅུ་ལྷག་ཡོད་པ་དེ་དག་གིས་ད་ལྟ་རང་རྐྱ་ཐུབ་པར་ཐང་ཀ་འབྲི་བ་དང་གཞན་ལ་སློབ་ཁྲིད་ཀྱང་བྱེད་ཐུབ་ཀྱི་འདུག གསོ་རིག་འཛིན་གྲྭའི་སློབ་མ་རྣམས་མ་འོངས་པ་ན་ས་མཐའི་ཡུལ་ཕྱོགས་འདིའི་མི་མང་གི་བདེ་ཐང་སྲུང་མཁན་དུ་འགྱུར་རྒྱུའི་རེ་བ་ང་ལ་ཡོད་ཅེས་ཟེར། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།