ཀྲུང་གོ་བོད་ཀྱི་དྲ་བ།

ཡང་དགུན་མགོ་གནག་སོང་།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : ངྷ་ན་ཀོ་ཤ།   སྤེལ་དུས། : 2022-03-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ལྷོ་སྤྲིན་བྱང་ལ་འདུར་ཞིང་།

བྱང་སྤྲིན་ནུབ་ཏུ་བསྲིངས་ཏེ།

མཁའ་རླུང་གྲང་མོ་འཛིན་མར་ལྡང་བས།

གསེར་མདོག་གི་སྡོང་ལོ་ས་ལ་ཐོར་ཞིང་དལ་འབབ་ཀྱི་གཙང་པོར་འགྲམ་དར་ཆགས།

དེ་ཡང་།“དབྱར་ཕ་མ་འདྲ་བོ་འཇབ་ནས་སོང་ན།དགུན་རྒྱ་སྟག་འདྲ་བོ་ལྡིང་ནས་འཐོན་འོང”ཞེས་གྲགས་པ་ལྟར། ཡང་དགུན་མགོ་གནག་སོང་།

སྤྱིར་དགུན་མགོ་གནག་སྟེ་ས་གཞི་འཁྱགས་པས་སྡོམ་དུས། མགོ་ལ་མགོ་རས་དང་གོས་ཀྱི་སྐ་རགས་དམ་ན། ཙག་བསེར་བུའི་འཇབ་རྒོལ་མི་ཐེབས་ལ་ཁངས་སྐྱ་བོ་སེམས་ངོར་མི་ལྷབ་པས། དགུན་ཟླ་རིང་མོར། བག་ལྷོད་ལྷོད་དང་མིག་ཟིམ་ཟིམ་གྱིས་དཔྱིད་ཀ་བསླེབ་པར་ངང་སྒུག་གི་ཇ་ཕོར་སྐྱོར་སྐྱོར་ཙམ་གྱིས་འཐུས་འོང་།

ཡིན་ནའང་། ད་ལོའི་དགུན་ཁར་མགོ་དཀྲིས་སུམ་ལྟེབ་དང་སྐ་རགས་དྲུག་མདུད་བརྒྱབ་ཀྱང་། ང་རང་བསིལ་མོ་ལྷགས་རླུང་རྒྱུ་སའི་ཉག་ཁིས་དང་བྱང་མཐའ་འཁྱགས་རོམ་རྒྱ་མཚོའི་འཇིངས་དབུས་སུ་བསླེབས་པ་ལྟར། འདར་སིག་སིག་གིས་ཡ་སོ་མ་སོ་ལ་བརྡར་ཞིང་སྒྱིད་པས་སྒྱིད་པར་གཙུབ་ཞོར། ཤར་རིའི་རྩེ་ནས་ཉི་གཞོན་ལྷག་མ་ཞིག་འཆར་བའི་རེ་བས། ལྗིད་ཏིག་ཏིག་གི་མགོ་བོ་ཡར་ལ་ཡང་ཡང་བཀྱགས།

ལོས་ཡིན། ངའི་མིག་གི་ལོངས་སྤྱོད་དང་སེམས་ཀྱི་དྲོད་ཐིག་སྟེ། ངའི་སྙིང་ཉེ་དམ་པ་ཁོང་ལགས་རྒྱང་རིང་ནས་རྒྱང་རིང་ཞིག་ཏུ་ཆས་པ་ནས་བཟུང་། ངའི་ལུས་ཀྱི་ཕྱི་ནང་གསང་གསུམ་འཁྱགས་ཧྲེང་དགུ་ཧྲེང་དུ་གྱུར་ཏེ་དབུགས་འབྱིན་རྔུབ་ཀྱི་ཁ་རླངས་ཀྱང་དཀར་བོང་བོང་གི་བད་དང་བ་མོས་ཟོས།

བདག་ཅག་གི་སྟོན་པ་ཤཱཀྱའི་རྒྱལ་པོས།“འདས་ཟིན་པའི་དོན་དུ་ཞེན་ཆགས་ཆུང་དགོས་ལ། མ་འོངས་པའི་ཆེད་དུ་སྟོང་བསམ་འཆང་མི་རུང་། གཙོ་བོར་ད་ལྟའི་གནས་སྐབས་སུ་སེམས་ལྷོད་པོར་གནས་དགོས”ཞེས་གསུང་མཆིད་དྲི་མ་མེད་པ་གསུངས་ཟིན་ན་ཡང་། ངས་ངའི་སྙིང་ཉེ་དམ་པ་ལགས་ཀྱིས་མི་ཡུལ་ལ་བཞག་པའི་ངོ་མཚར་བའི་གཏམ་རྒྱུད་དག་ཀློག་གིན་ཀློག་གིན་རང་སེམས་ཞི་འཇགས་སུ་གནས་ཐབས་མེད་པར། ཁོང་ཉིད་བཞུད་སྔ་བའི་སྡུག་ཡུས་བྲང་གཞུང་དུ་བསྙལ་ཞོར་དུ། ཁོང་ལ་མཇལ་འདོད་པའི་མིག་རས་མཁའ་མཐའ་རུ་བྲེས།……

ཉིན་མོ་སྟེ། དགུན་ཉི་མར་ཁུ་འདྲ་བོས་ས་གཞི་གསེར་དུ་བསྒྱུར་དུས། ངས་ངའི་སྙིང་ཉེ་དམ་པ་ཁོང་ཡང་འཇིག་རྟེན་དཀར་ངོགས་ན་ཡོད་ཡོད་ཀྱིས། རེ་བ་རུམ་གང་གོང་བས་མནན་ཞིང་སྤྲོ་བ་ཡིད་གང་གདོང་ལ་བསྐྱིལ་ཏེ་བརྒྱ་ཚོགས་སྟོང་འདུས་ཀྱི་ཁྲོམ་གཞུང་དུ་བསྐྱོད་ཙ་ན། ངའི་མིག་ལམ་དུ་བརྒྱུད་འོང་བ་ནི། ངའི་སྙིང་ཉེ་ཁོང་ཉིད་མ་ཡིན་པའི་ཁོང་གི་རྣམ་ཤེས་དང་འབྲེལ་བའི་ཤུལ་ནོར་དག་དང་ཁོང་གི་དྲོད་མ་ཡལ་བའི་ཞབས་རྗེས་འབའ་ཞིག་ལགས་པས། ངས་དེ་མ་ཐག་རང་ཉིད་ཆོས་པ་རྣལ་མ་ཞིག་ཡིན་པའི་ཟོལ་གྱིས་མིག་ཟུང་སྣ་རྩེར་ཕབ་ཅིང་གོམ་པ་ཡང་མོ་སྤོས་ཏེ་སོང་བ་ཡིན། ཡིན་ནའང་། རེབ་གོང་ཞེས་སྙན་པའི་གྲགས་པ་ས་ཆེན་པོའི་ཁྱོན་དུ་ལྡིར་ཡང་སའི་ཁ་ཞེང་དོག་མོའི་གྲུ་ཟུར་རེ་རེ་ནས་གང་ཡང་མཐོང་འོང་ལ་གང་ལའང་འཕྲད་སྲིད་ན། ངས་རང་ཉིད་གཅིག་པུར་དབང་བའི་ལམ་གསུམ་པ་ཞིག་ཡོད་ན་བསམ་བྱུང་། ཁ་སང་ཡང་། ངའི་སྙིང་ཉེ་ལགས་ཀྱི་མིག་གིས་འཚོས་ཤིང་སེམས་ལ་ཐོགས་པའི་བཞོན་པ་སྟེ་རླངས་འཁོར་ནག་ལྡང་ལ་འཕྲད་པས། ངའི་ལུས་ཀྱི་ཤ་རུས་པགས་གསུམ་ཡོངས་སུ་སྦྲིད་དེ་གོམ་པའི་འདེགས་འཇོག་ཅམ་གྱིས་བཞག་པའི་གནས་སྐབས་སུ། ངའི་ཉམས་སྣང་ཞིག་ལ། ནོར་བདག་གིས་སྔ་མོ་ནས་བོར་ཟིན་པའི་གཡག་རོག་རོག་དེ་ཐོལ་གྱིས་ལྷགས་ཏེ།“དགུ་དང་པོ་ས་གས་རྡོ་གས།”ཞེས་བརྗོད་ཀྱང་། དོན་ངོ་མར། ངའི་སྟོད་ཁོག་ཡངས་པོ་ཚལ་བ་བརྒྱ་སྟོང་དུ་གས།

མཚན་མོ་སྟེ། ཙག་རླུང་གིས་ཟླ་བ་ལྷ་མོར་ཁོང་འདར་སློང་དུས། ངས་འཛེམ་དོགས་མེད་པར་གོམ་པའི་སྣེ་མོ་ཀུན་འཛོམས་ཐང་ཆེན་དུ་བསྒྱུར་ཏེ། སྙིང་ཉེ་ཁོང་དང་ལྷན་དུ།“ལྷ་ཡག་དང་རིག་མཚོ”ཞེས་དགུང་ཉི་ཟླ་གཉིས་ཀྱི་སྐྱོ་གར་ལ་གདུང་སེམས་ཀྱི་མཆོད་པ་ཞིག་འབུལ་འདོད་ཀྱང་། འོད་ལམ་ལམ་གྱི་སྐར་ཚོགས་འགབ་ན། ངའི་སྙིང་ཉེ་ལགས་ཀྱི་གྲིབ་གཟུགས་ཙམ་ཡང་མི་དམིགས་པས། ངའི་བློ་ཕམ་ཞིང་ཞེ་སྡུག་སྟེ་གོམ་པའི་ནང་གོམ་པ་འཇོག་བཞིན་གནམ་མཐའི་མཚམས་ལ་རྒྱང་ལྟ་རེ་བྱེད་པའི་དུས་དེར། ངའི་མཐོང་ལམ་བཀག་པའི་ཁང་བརྩེགས་ཆ་ཡོད་དེའི་སྒེའུ་ཁུང་དུ་གསལ་ལ་མི་གསལ་བའི་མར་མེའི་འོད་ཅིག་འདར་བཞིན་པས། ངས་ད་གཟོད་རང་གི་སྙིང་ཉེ་ཁོང་ལགས་སྔ་མོ་ནས་བཞུད་ཟིན་པའི་ངེས་ཤེས་རྙེད་དེ། ང་ཡང་འདར་ཤུམ་ཤུམ་གྱིས། སྙིང་ཉེ་ལགས། ཁྱེད་ཀྱང་མར་མེའི་འོད་བཞིན་མི་མང་པོ་ཞིག་གི་ཁ་ལམ་མིག་ལམ་ནས་གསལ་ལ་མི་གསལ་བ་ཞིག་ཏུ་འགྱུར་ཉེན་འདུག་གམ། ཞེས་དོགས་ཚོམ་སྨེང་ལ་སྐུར་བཞིན་དུ། ཨ་ཁ། དེ་སྔ་རྒྱང་མཇལ་ཐེངས་རེས་ཀྱང་བློ་བག་དྲོས་འོང་བ་ངའི་སྙིང་ཉེ་དམ་པའི་གཞིས་ཁྱིམ་ཐོག་བརྩེགས་མ་གན་ཡང་། སྔ་མོ་ནས་རྣམ་ཤེས་ཀྱིས་བཏང་བ་གདོང་སྣའི་ཁང་བརྩེགས་ཀེར་ལངས་དེ་དག་དང་ཇི་འདྲའི་མཚུངས་ཨང་། ཞེས་ཡི་མུག་པའི་དངན་པ་ཞིག་རླུང་ཁམས་ལ་གཏོར་ཞོར་འགོག་དཀའ་བའི་མིག་ཆབ་ཅིག་ཟླ་ངོགས་སུ་མཆོད།

ཉིན་མཚན་གྱི་སོ་མཚམས་ཏེ། མི་སྐད་ཁྱི་སྐད་འཇགས་པའི་གནས་སྐབས་སུ། ངའི་ལུས་སེམས་གཉིས་ཀ་ལྷོད་ལ་འབབ་ཁུལ་གྱིས་དམ་པ་གོང་མ་དག་གི་རྣམ་ཐར་རེར་མཇལ་ཙམ་གྱིས། ངའི་སྙིང་ཉེ་ཁོང་གིས་ཀྱང་། འགྲུབ་དུས་མེད་པ་འཁོར་བའི་གཟུང་ཐག་དམ་ལྷོད་བར་ནས་ནག་ཤེད་ཆེ་བའི་མིག་ཤེལ་ཅིག་གདོང་ལ་མནབས་ཏེ། གཟབ་ནན་གྱིས་དཔེ་གཟིགས་གནང་བཞིན་པའི་རྣམ་པ་བརྗིད་ཉམས་ལྡན་པ་དེ་ངའི་སྣང་ངོར་གཟུགས་ཅན་བཞིན་དུ་འཆར་འོང་ན། ང་རང་གློ་རྡེག་གིས་ཡར་འགྲེང་སྟེ་རིངས་པ་རིངས་པར་སྙིང་ཉེ་ཁོང་གི་ཉེ་སར་བཏུད་ནས། ལས་འཕྲོར་ལུས་པའི་དྲི་བ་སྟོང་ཕྲག་གི་དྲིས་ལན་རེ་རེར་བསྒུགས་ཀྱང་། ཡིད་ཕངས་པ་ཞིག་ལ། ཕྱི་ན་ལྷགས་རླུང་གིས་བདས་པའི་སྡོང་ལོ་ཤག་ཤག་དང་ནང་ན་ཚེ་སྲོག་གི་རྒྱུན་ཐག་གཉོམ་པའི་ཨ་ཡེ་རྒན་མོ་ཞིག་གི་དབུགས་ལྷེམ་ལྷེམ་གྱི་སྒྲ་ཙམ་ལས་ཅི་ཡང་མེད་པས།ངས་རང་གི་ལག་ལ་ཅི་ཐོགས་ཀྱི་དེབ་གང་ཤོག་སྐྱ་དྲིལ་དྲིལ་གྱིས་སྙིང་ཁར་སྦྱར་ཏེ། སྙིང་ཉེ་ལགས། དེ་སྔ་ཁྱེད་ཀྱིས་གཟིགས་མྱོང་པའི་དཔེ་ཆ་མདའ་ཚད་མ་དང་། ཁྱེད་ཀྱིས་སྤྱད་མྱོང་བའི་ལྕགས་སྨྱུག་རྟ་རྒྱུག་མ། ད་དུང་ཁྱེད་ཀྱིས་བྲིས་བཞག་པའི་བརྗེད་ཐོ་ཤོག་བརྩེགས་མ་སོགས་ཀྱང་མ་གཞི་ནས་ས་རྡུལ་གྱིས་མནན་པ་ཡབ་མེས་དག་གི་དཔེ་སྒྲོམ་ཇི་བཞིན་ལོ་རྒྱུས་ཀྱི་རྗེས་ཤུལ་ཙམ་དུ་གྱུར་སོང་བ་ཡིན་ནམ། ཞེས་དགུན་མགོ་གནག་པའི་གནམ་གཤིས་ལྟ་བུར་འཁྱགས་སིབ་སིབ་ཀྱི་དྲི་བ་ཞིག་ཁོང་ལ་དྲངས་ཏེ། ལྗིད་ཏིག་ཏིག་གི་རྩག་ཐུལ་གྱིས་མགོ་ལུས་མེད་པར་ཡོངས་སུ་གཅུད།

2022ལོའི་ལོ་མགོར།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།