ཀྲུང་གོ་བོད་ཀྱི་དྲ་བ།

ཁ་བ་འབབ་ཐེངས་དང་པོ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : དཀོན་མཆོག་རྒྱལ་པོ།   སྤེལ་དུས། : 2022-01-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1

ཁ་བ་བབས་བྱུང་། 2021ལོའི་ཆེས་ཐོག་མའི་ཁ་བ་སྟོན་ཟླ་ཐ་མར་བབས་བྱུང་། ཁ་བ་དེ་ལྟར་བབས་པ་ན། དབྱར་གཞུང་གི་སྤང་ནས་སྐྱིད་ཅིང་། སྟོན་གཞུང་གི་པང་ནས་བྲེལ་བའི་མི་ཚང་མས་ཀྱང་ཁ་བ་དང་འབྲེལ་བའི་སེམས་ཚོར་སྣ་ཚོགས་རང་སེམས་ཀྱི་མཁའ་དབྱིངས་ན་ཁ་བ་བཞིན་སྟོར་བཞིན་འདུག ཁ་བ་ནི་དངོས་གནས་དྲན་པ་སློང་བྱེད་ཅིག་རེད། ཐོགས་རེག་བྲལ་བའི་མཁའ་དབྱིངས་ནས་མུ་མཐའ་མེད་པའི་ས་གཞིའི་ཁྱོན་ལ་ལྷབ་ལྷུབ་ཏུ་འབབ་དུས། བྱིས་དུས་ཀྱི་འཚོ་བའང་སྐད་ཅིག་གིས་དྲན་ཡོང་ལ། སྐྱིད་སྡུག་འདྲེས་མས་བྲིས་པའི་ལོ་ཟླ་སོགས་ཀྱང་ག་ལེར་མིག་མདུན་དུ་ཤར་ཡོང་། མར་མར་འབབ་པའི་བར་སྣང་གི་ཁ་བ་ལ་བལྟས་ཀྱིན་བལྟས་ཀྱིན། འཕུར་ཞིང་ལྡིང་བའི་ཁ་བའི་འདབ་མ་རེ་རེ་ཡང་བདེ་སྡུག་སྣ་ཚོགས་ཀྱིས་བརྒྱུས་པའི་རྣམ་ཤེས་རེ་རེ་མ་ཡིན་ནམ་སྙམ་པའི་ཚོར་བ་ཞིག་ཏག་ཏག་སྐྱེས་ཡོང་གི་འདུག དེ་བས་མགོ་བོ་སྒེའུ་ཁུང་ལ་བསྲིངས་ནས་ཁ་བར་ཅེར་བའི་སྐབས་དག་ནི་འཇིག་རྟེན་འདིའི་སྟེང་གི་ཇི་འདྲའི་བག་ཕེབས་ལྷོད་འཇགས་དང་། དྭངས་གཙང་རང་དབང་གི་བསམ་གཞིག་སྐྱེད་ཆོག་པའི་དུས་ཚོད་ཅིག་རེད་ཨང་།

2

ཁ་བ་བབས་རྗེས་སུ། དཀར་བོང་བོང་གི་འཇིག་རྟེན་འདི་ནི་མི་རྣམས་ཀྱི་དྲན་པ་སྣ་ཚོགས་འབྲི་བྱེད་ལ་ལྷ་ཡི་རྒྱལ་པོས་གནང་བའི་འབྲི་དེབ་གསར་པ་ཞིག་དང་ཀུན་ནས་མཚུངས། ང་ཚོས་རང་མོས་ཀྱི་སྒོ་ནས་རང་གི་འཛུམ་མདངས་དང་མིག་ཆུ་བྲི་ཆོག་ལ། གྲོགས་པོ་དང་དགྲ་བོ་བྲི་ཆོག བརྩེ་དུང་དང་རྨི་ལམ་ཡང་བྲི་ཆོག རྒྱུ་མཚན་ནི་ཁ་བ་འབབ་ཚུལ་འདི་ནི་ཐུན་མོང་མ་ཡིན་པ་ཞིག་སྟེ། ཕྱི་རུ་དཀར་ལྷབ་ལྷུབ་ངང་འབབ་པའི་དུས་མཚུངས་སུ་ནང་སེམས་ཀྱི་ས་གཞིའི་སྟེང་ལའང་ཁ་དོག་སྣ་ཚོགས་ཀྱི་སྒོ་ནས་འབབ་པར་བྱེད་དོ།། དེ་བས་སྙན་ངག་པ་དང་སྒྲུང་གཏམ་པ་སོགས་ཀྱི་སྨྱུག་རྩེ་ན་འབབ་པའི་ཁ་བ་ནག་པོ་དང་། དམར་པོ། སྔོན་པོ། ལྗང་ཁུ་སོགས་ཀྱང་སོ་སོའི་ནང་སེམས་ལ་བབས་པའི་ཁ་བའི་ཁ་དོག་ཕྱི་རུ་མངོན་པ་ཡིན། ད་ལོའི་ཁ་བ་འདི་ལྟར་གློ་བུར་དུ་བབས་པ་ན། ངའི་ཡིད་ལ་ལོ་སྔོན་མའི་ཁ་བ་འབབ་ཐེངས་དང་པོ་དེ་འཁོར་བྱུང་། ཁ་བ་ལྷབ་ལྷུབ་ཁྲོད་མལ་ཆས་རྒྱབ་ལ་འཁུར་ཏེ་ཕྱིར་ཕ་ཡུལ་ལ་ཆས་པའི་མཐོ་འབྲིང་སློབ་མ་ཞིག་དྲན་བྱུང་། རྒྱུ་མཚན་ཅི་ཡང་བྲིས་མེད་པའི་མཐོ་འབྲིང་བུ་མོ་ཞིག་གི་གནང་ཞུ་ཡི་གེ་དེ་དྲན་བྱུང་། ཁ་བའི་ཁྲོད་ཁངས་རྩེ་བྱེད་བཞིན་པའི་སློབ་གྲོགས་དེ་དག་ནི་ཇི་འདྲའི་ཡིད་དུ་འོང་བ་ལ། ཡིན་ནའང་མགོ་བོ་དང་གར་སྨད་དེ་འདར་སིག་སིག་གི་ལག་ཟུང་གིས་རྒྱུ་མཚན་ཅི་ཡང་བྲིས་མེད་པའི་གནང་ཞུ་ཡི་གེ་དེ་ཡིས་ངའི་མདུན་གྱི་ཁ་བའི་ཁ་དོག་ཡོད་ཚད་སྐད་ཅིག་ལ་ནག་པོར་བསྒྱུར་སོང་།

3

ཁ་བ་ལྟར་བརྩེགས་པའི་སློབ་གྲོགས་ཚོའི་གནང་ཞུ་ཡི་གེ་ནི་ཇི་འདྲའི་འགྲེལ་བར་དཀའ་བའི་བསྟན་བཅོས་ཆེན་པོ་ཞིག་རེད་ཨང་། གལ་ཏེ་ཁྱེད་ཀྱིས་སློབ་མའི་གནང་ཞུ་ཡི་གེ་རེ་རེ་སྣང་མེད་དུ་མི་འཇོག་པར་ནན་ཏན་སྒོས་ཞིབ་ཀློག་བྱ་ཐུབ་ཚེ། ཁོ་ཚོའི་གནང་ཞུ་ཡི་གེ་རེ་རེ་ནི་འཇིག་རྟེན་གྱི་འཚོ་བ་ལ་ལྟ་བའི་སྒེའུ་ཁུང་རེ་རེ་ཡིན། དེ་རུ་སློབ་མའི་ལྷད་མ་འདྲེས་པའི་དྭངས་གཙང་གི་སེམས་པ་ཡོད་ལ། ཡིད་དུ་འོང་པའི་པྲ་ཚག་གི་མིག་ཟུང་ཡོད། སྐྱིད་ལ་སྡུག་པའི་འཚོ་བ་ཡི་རི་མོ་ཡོད། ཅི་བྱ་གཏོལ་མེད་དུ་གྱུར་པའི་སེམས་ཀྱི་སྡུག་ཡུས་ཡོད། ཐབས་ཟད་འུ་ཐུག་གི་སྐྱོ་གཞས་དྭངས་མ་ཡོད། ཞུམ་མེད་དང་ལེན་གྱི་སྤོབས་པའི་དམ་བཅའ་ཡོད། མི་བཀྱེད་མདུན་སྐྱོད་ཀྱི་གོམ་པའི་འདེགས་འཇོག་ཡོད། ཁྱིམ་ཚང་གི་སྒྲིག་གཞི་ཡོད། མི་རིགས་ཀྱི་རང་བཞིན་ཡོད། སྤྱི་ཚོགས་ཀྱི་ངོ་གདོང་ཡོད། ཐ་ན་ང་ཚོའི་ལྟག་རྒྱབ་ཏུ་སྦས་པའི་ཡི་མུག་ཅིང་ཞེ་མེར་བའི་གཏམ་རྒྱུད་སྣ་ཚོགས་ཡོད། ཁྱེད་ཀྱིས་མུ་མཐུད་དུ་ཞིབ་གཟིགས་གནོངས་དང་། ཡིག་སྐྱོན་དང་གོ་བརྡ་མི་འཕྲོད་པའི་གནང་ཞུ་ཡི་གེ་རེ་རེ་ལ་ཡང་རེ་འདུན་དང་གནས་ལུགས་ཀྱི་སེམས་པ་རེ་རེ་ཡོད་པས། དོ་སྣང་དང་བསམ་གཞིག་མེད་པར་གང་འདོད་སྙིགས་སྒམ་དུ་འཕེན་པ་ནི་ནམ་ཡང་འདག་པར་དཀའ་བའི་ཉེས་པ་ཆེན་པོ་ཞིག་མ་ཡིན་ནམ། དེ་བཞིན་དུ་མགོ་ན་བ་དང་ཕོ་བ་ན་བ། སོ་ན་བ། ཚ་རྒྱས་པ། སོ་སྨན་ཚར་བ་དང་། ངོ་སྣུམ་ཚར་བ། ངོ་སྣུམ་མ་འཕྲོད་པ་སོགས་ཀྱི་སྤྱིར་བཏང་གི་གནང་ཞུའི་རྒྱུ་མཚན་དག་ཀྱང་གཏན་ནས་རྒྱུ་མཚན་མེད་པ་ཞིག་ག་ལ་ཡིན།

4

ཉིན་མོ་དེ་ནས་བཟུང་། ཁ་བ་འབབ་ཐེངས་རེ་ལ་ཚོར་བ་དྲག་པོ་རེ་འབྱུང་བ་དང་། ལྷག་པར་དུ་ཁ་བ་འབབ་ཐེངས་དང་པོས་འདས་དོན་དེ་ཡིད་ལ་དབང་མེད་དུ་འཁོར་བར་བྱེད། ན་ཚོད་ཀྱིས་མི་ཐེག་པའི་རྒྱུ་མཚན་མང་པོ་ཞིག་གིས་རྒྱུ་མཚན་གཅིག་ཀྱང་བྲིས་མེད་པའི་གནང་ཞུ་ཡི་གེ་དེ་ཡིད་ལ་ཡང་ཡང་འཁོར་བར་བྱེད། སློབ་གྲོགས་བུ་མོ་ཁྱོད་ཀྱིས་ལྗིད་ཏིག་ཏིག་གི་གོམ་འགྲོས་དེ་སློབ་ར་ནས་ཕ་ཡུལ་ལ་བསྒྱུར་དུས། ཕ་ཡུལ་གྱི་སྒོ་ཁ་ན་ཁྱོད་ལ་རེ་ཞིང་སྒུག་པའི་བྱམས་བརྩེ་མེད་པ་དེ་སུ་ཡིས་ཤེས། མལ་ཆས་རྒྱབ་ལ་འཁུར་ཞིང་ཙག་ཙིག་མཆན་ལ་བཙིར་ནས་དྲ་མ་དྲུད་ཀྱིས་འགྲོ་བའི་རྐང་རྗེས་ཆུང་ཆུང་དེའི་སྟེང་ན། འཇིག་རྟེན་གྱི་ཉམ་ང་ཡོད་ཚད་ཕྱོགས་གཅིག་ཏུ་དཔར་ཡོད་པ་སུ་ཡིས་ཚོར། མཁུར་ཚོས་ན་འགྲིལ་བའི་དྭངས་གསལ་གྱི་མིག་ཆུ་རྡོག་པོ་དེའི་ནང་དུ། ལས་དབང་གི་རི་མོ་མི་འདོད་བཙན་གྱིས་བསྒྲིགས་པའི་རྒྱུས་མེད་ཀྱི་ཐབ་ཚང་ལ་བྲིས་ཡོད་པ་སུ་ཡིས་རྟོགས། ད་སོ་མ་མཚར་སྡུག་གི་རྨི་ལམ་ལ་གཤོག་པ་ཐོགས་ཏེ་ཕུགས་བསམ་གྱི་དབྱིངས་རུམ་ལ་འཕུར་གྲབས་བྱེད་དུས། ཡ་ང་བའི་རླུང་འཚུབ་དྲག་པོས་ཚལ་བར་སྟོར་བ་ལ་སེམས་དཔའ་སུ་ཞིག་གིས་སྐྱོབ་པར་ནུས། བུ་མོ་ལགས། དེ་རིང་ཡང་ལོ་སྔོན་མའི་ཁ་བ་འབབ་ཐེངས་དང་པོ་ནང་བཞིན་ད་ལོའི་ཁ་བ་ཐོག་མ་དེ་སློབ་ར་རུ་འབབ་བཞིན་འདུག དཔེ་ཀློག་གི་དབྱངས་རྟ་གྱེར་བའི་སློབ་རའི་ཟུར་སོ་སོར་མེ་ཏོག་གི་ཚུལ་གྱིས་འབབ་བཞིན་འདུག ཁྱོད་རང་ཕལ་ཆེར་རུ་སྡེ་ཞིག་གི་གྲོང་མཐའ་འམ་ཡང་ན་སྦྲ་ཁྱིམ་ཞིག་གི་སྒོ་ཁར་ཁོམ་གྱིན་མེད་ནའང་ཐང་། ཡང་ན་ཁ་བའི་ཁྲོད་དུ་རང་ཉིད་ཀྱི་ལས་དབང་གླུ་རུ་ལེན་བཞིན་ལག་པ་ཐོད་ལ་ཀེར་ཏེ་རྒྱང་རིང་གི་སློབ་རའི་ཕྱོགས་ལ་ལྟ་ཞོར་སྙིང་ཉེ་བའི་སློབ་གྲོགས་ཚོ་དྲན་བཞིན་ཡོད་ཀྱང་སྲིད། གང་ལྟར་ཀྱང་། ད་ནི་ཁྱོད་ཀྱི་གནང་ཞུ་ཡི་གེ་དེ་ཤོག་ལྷེ་སྟོང་པ་ཞིག་མ་ཡིན་པར། དེ་རུ་མི་སེམས་སྒུལ་ཞིང་སྙིང་སྟོབས་ཀྱིས་ཕྱུག་པའི་ཡིག་འབྲུ་མང་པོ་ཞིག་ཁ་བ་བཞིན་བབས་འདུག གང་ནས་འགྱེལ་ན་དེ་ནས་ལངས་ཐུབ་པའི་བོད་པའི་བུ་མོ་ཆུང་ཆུང་ཞིག་གི་སྤོབས་པ་དང་ཡིད་ཆེས་ཀྱིས་ཁེངས་འདུག མི་འདོད་པའི་བར་ཆད་ཇི་འདྲ་བྱུང་ཡང་རང་ལམ་རང་གིས་སྙེག་པའི་ཁོད་ཡངས་པའི་ལམ་བུ་ཞིག་འཐེན་འདུག

5

ཕྱི་རོལ་ན་ཁ་བ་མར་མར་འབབ་བཞིན་འདུག སློབ་གྲོགས་ཚོ་ཁ་བའི་ནང་དུ་རྩེད་རེས་དགོད་རེས་བྱེད་ཞོར་སློབ་ཁང་གི་ཕྱོགས་སུ་མཆོང་ཞིང་བརྒྱུགས། ངས་ཆུ་ཁོལ་འཐུང་འཕྲོ་བཞག་པའི་ཤེལ་ཕོར་དེ་ཚུར་ལ་བླངས་ནས་ཁམ་གང་འཐུང་རྗེས་སྒྲོག་ཙེའི་མཐའ་རུ་ཡོད་པའི་སྙན་དེབ་གང་ལ་ལག་པ་བསྲིངས་དུས། ཁ་པར་ལས་སྐད་འཕྲིན་ཐོན་པའི་ཏིང་སྒྲ་བསྟུད་མར་གྲག་བྱུང་། དེ་མུར་མཛུབ་མོས་མནན་ཏེ་བལྟས་པ་ན། སློབ་གསོའི་སྐོར་གྱི་དྲ་ཚོམས་ཤིག་ཡོད་པ་དེའི་ནང་དུ་སློབ་གསོ་པར་གྲགས་པའི་ཁ་བདེ་ལྕེ་བདེ་མང་པོ་ཞིག་གི་འཆད་ཁྲིད་སྣ་ཚོགས་སྤེལ་བཞིན་འདུག དེ་ནས་ངས་སླར་ཡང་སྒེའུ་ཁུང་ཕྱི་རོལ་ཏུ་འབབ་པའི་ཁ་བ་ལ་གཡེང་ཞིང་ཅེར། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།