ཀྲུང་གོ་བོད་ཀྱི་དྲ་བ།

ཁོ་བོས་རང་གི་ཧེབ་འདིའི་མགོ་མི་ཁེབས་པར་འདུག

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2022-01-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ལོ་རྙིང་གཅིག་བཟང་ན་ངན་ན་རྒྱལ་ན་ཕམ་ན་འདི་ལ་ཕྱིར་རྟོག་བཞིན་གྱི་སྤྱི་སྡོམ་ལྟ་བུས་སྐྱེལ་མ་ཡག་པོ་ཞིག་མ་འཁྱོངས་གོང་དུ། ལོ་སོ་མ་ཞིག་རིང་ན་ཐུང་ན་ཡག་ན་བཙོག་ན་དེ་ལ་རེ་བ་ཆེན་པོ་དང་ཡིད་ཆེས་རྣལ་མས་ཧམ་པ་ཚ་བ་དེ་ནི་ངའི་ཧེབ་ཀྱི་མཚོན་རྟགས་གཙོ་ཤོས་ཤིག་ཡིན་པ་འདྲ་སྟེ། ང་ཚོ་ནི་ཡུལ་དུས་གནས་སྐབས་རྣམ་པ་ཐམས་ཅད་དུ་དེ་རིང་གི་བྱ་བ་ནར་མར་བསྐྱུར་ནས་སང་ཉིན་གྱི་ཉི་མར་རེ་བས་སྒུག་པར་གོམས་པའི་མིའི་རིགས་ཤིག་ཡིན་ཚོད་འདུག

གཞན་གྱི་མིག་ལམ་དུ་རྩོམ་པ་ཆག་མེད་ཀྱི་ཁོ་བོས་ཅི་ནས་ལོ་མཇུག་འདིར་ཅི་ཞིག་གླེང་འདོད་བྱུང་ནས་ཡུན་རིང་འགོར་ཞིང་། ཡུན་རིང་འགོར་བའི་རིང་ལ་ཅི་ཡང་མ་ཤོད་པར་ཡང་ཡུན་རིང་འགོར་བའི་ཚེ་ན། ཡ་ང་བ་དང་བག་ཚ་བ་ཅི་ཡང་མེད་པར་འདས་པའི་ལོ་འདི་གླེང་འདོད་བྱུང་སོང་། ལོ་འདི་ཞེས་གླེང་མ་ཐག་ཏུ། ལོ་འདི་ནི་བྱི་བ་གླང་སྟག་ཡོས་འབྲུག་སྦྲུལ་གང་ཞིག་ཡིན་མིན་ཡང་ཆ་མ་འཚལ་བར་གང་མྱུར་སྒོས་ཕར་བསྐྱལ་ལ་བྲེལ་ཞིང་། དུས་ནམ་ཞིག་ལ་མི་སུ་ཞིག་གིས་ཡུལ་གང་ཞིག་ཏུ་རབ་བྱུང་བཅུ་བདུན་པའི་ལྕགས་མོ་གླང་ལོ་ཞེས་གླེང་མ་ཐག་ཏུ། ལོ་དེ་ནི་རང་དང་འབྲེལ་བ་ག་ཙམ་ཡོད་མེད་ལའང་གསལ་ཐག་ཆོད་དཀའ་སྙམ། གང་ལྟར་ལོ་རྒན་ཞིག་ཕར་ལ་བསྐྱལ་དགོས་པ་མངོན་སུམ་ཚད་མར་གྲུབ་ཟིན་པས། སྨན་མཆོག་གླ་རྩི་ནད་པར་བྱིན་ཀྱང་དྲི་མཆོག་ལྷ་རྗེའི་ཕྱག་ཏུ་ལུས་ཡོད་ངེས་ན། ཁོ་བོས་སྐྱིད་ན་སྐྱིད་གླུ་སྣ་ཁུང་ནས་བླངས་ཆོག་ཆོག་དང་སྡུག་ན་སྡུག་གཏམ་མིག་ཆུ་ཡིས་སྨྲ་ཆོག་ཆོག་གི་ཟིན་བྲིས་འདི་ཡང་ཤར་མར་བྲིས་ཆོག་པ་ནི་མིག་མཐོང་ལག་ཟིན་འདིའོ། །

ད་ལྟ་རང་རྒྱུད་ཀྱི་ལྟ་བ་དང་རྟོགས་པ་གང་གིས་མ་ཡིན་པར་ཚོད་ཚོད་ལ་དམིགས་མེད་ངང་ཕྱིར་འདང་ཞིག་རྒྱག་རན་དུས། ལོ་འདིའི་ནང་དུ། སྐྱབས་མེད་གཞུང་དྲང་གི་མི་རྣམས་ཀྱིས་སྔར་བཞིན་ཁོ་བོའི་ཉེ་འཁོར་ན་ལག་པ་དང་སེམས་པ་གཟེད་གཟེད་ལ་ཡོད་པ་བསམ་ན། རྟ་ཤི་ཤི་དང་སྒ་ཆག་ཆག་གིས་རང་ལུས་འདོམ་པ་གང་བོ་མི་ཁོམ་པའི་ལས་སུ་ཞེན་ཆགས་མེད་པར་བསྟིམས་སོང་བར་ཡང་འགྱོད་པའི་དགོས་པ་མི་འདུག་མོད། ལོ་འདིའི་ནང་དུ། ལྟོགས་པ་ཟས་དང་སྐོམ་པ་ཆུ་གང་ལའང་མི་ཐེ་བའི་དགའ་བའི་ཆང་ཧེབ་ཀྱིས་འཐུང་ནས་རང་གིས་རང་ཉིད་ཉལ་སར་ལངས་རྒྱུ་མེད་པར་ཐེངས་གསུམ་བཞི་ཙམ་ལས་འཕེན་མ་ཐུབ་པ་དེས་ནི་ཁོ་བོའི་ཧེབ་ལ་ཕོག་ཐུག་ཨེན་ཙམ་བཏང་ཨེ་ཡོད་བསམས་བྱུང་། གནས་ལུགས་ཀྱིས་དེད་ན། དེ་ནི་ཁོ་བོ་ལྟ་བུ་ལ་ཡིད་རྟོན་བློས་ཐུབ་ཀྱི་རང་སྲོག་འབེན་དུ་འཇོག་སྲིད་པའི་གྲོགས་མཛའ་བཤེས་འདི་དང་གན་ཞེས་མཛུབ་མོ་འཛུགས་ས་དེ་ཙམ་མེད་པས་ལད་པ་ཡིན་ཡང་སྲིད་དེ། ཇི་སྐད་དུ། དགེ་བའི་གྲོགས་པོ་གསེར་ལས་དཀོན། ། གཞན་ཕྱོགས་ཡིན་ཡང་གཉེན་དུ་ཁུགས། ། ཟེར་བ་རེད་མོད། དེང་གི་སྙིགས་མར་བདོག་པའི་དུས་སྐབས་འདི་འདྲ་ཞིག་ལ་ཕན་འདོགས་པའི་བཤེས་དང་ཡིད་བརྟན་པའི་གྲོགས་དེ་འདྲ་དཀོན་པོར་འདུག་ན། སྙིང་ལ་སྙིང་གི་ལན་པོ་སྙན་ངག་གི་ཚོགས་པ་མི་རབས་གསུམ་པ་བཞིན་གྱི་མིག་ལ་མིག་གི་ཚབ་མ་མང་རྫོང་གི་གཟའ་ཉི་མ་ཚང་ལྟ་བུའི་སེམས་ལ་སེམས་ཀྱི་ནང་མ་བདའ་ཟླ་ཚང་གི་རྡོ་རྡོ་ཀུན་དང་བཅས་པའི་གྲོགས་མཛའ་བཤེས་ཡོངས་ལ་ལོ་གསར་པའི་ཁ་གཡང་དང་སྨོན་འདུན་སྔུན་ལ་ཞུ་དགོས་པ་ལོས་ཡིན།

ལོ་འདིའི་ནང་དུ། སྔར་བཞིན་རྩོམ་རིག་ཅེས་པའི་བུ་མོ་ཐལ་རིས་མ་དེས་ཁོ་བོར་བློ་རྩེ་མ་ཡེངས་གཏད་གཏད་ལ་བསྡད་སོང་། མོའི་འགྱུར་མེད་ཀྱི་ཁྲེལ་གཞུང་དེ་ཙམ་དང་ལྷོད་མེད་ཀྱི་ཕྱི་ཐག་དེ་ཙམ་ན་ཚོད་རན་མིན་གྱི་རྩོམ་གྲོགས་བུ་མོ་སུ་ཞིག་ལའང་ལོས་ཡོད་བསམས་མོད། སེམས་ཀྱི་དུངས་པ་དང་དང་བ་དང་དད་པ་གང་གིས་ཀྱང་མོའི་གམ་ནས་ཕྱིར་བདའ་འདེད་མ་ཐུབ་པའི་ཁོ་བོའི་བློ་ཁ་བརྟན་པོ་འདི་ནི་བུད་མེད་གཞན་ཞིག་ལ་འཕྲོད་ས་ཡེ་ནས་མི་འདུག ལས་ངན་གྱི་མི་རྣམས་ཨང་། ད་ནི་ཁྱེད་ཅག་གི་བློ་ཁར་མཐུན་ཞིང་སེམས་ཁར་འཕྲོད་པའི་བརྩེ་དུང་གི་ཡིག་ཕྲེང་དེ་དག་ཐོགས་རེག་མེད་པར་བུ་མོ་འདི་ཁོ་ནར་དབང་ཟིན་པས། འཇིག་རྟེན་འདིའི《མཐའ་མེད་པའི་མཚན་མོ་ཞིག་ལ》ཁོ་བོས་ནོངས་འགྱོད་ཅི་ཡང་མེད་པར《ལམ་སྐྱ་མོ》ནས་མགོ་བརྩམས་ཏེ《དྲན་གདུང་གི་ཆར་བ》ཡིས་སྦངས་ཟིན་པའི《རི་སིལ་དམར་པོ》འདི《ལོ་དེའི་སྟོན་ཁར》རང་གི《མིག་མཐའ་ནས་ཞུ་མ་ཐུབ་པའི་མཆི་མ་རྡོག་གཅིག》ཏུ་སྦྲུམ་ཟིན། བརྩེ་དུང་ནི་དེ་ལྟར་ཆུ་དང་ཆར་བའི་ཟོལ་གྱིས། རླུང་དང་སྤྲིན་པའི་ཚུལ་གྱིས་རང་དབང་ན་མི་འདུག རང་དབང་ན་མེད་པའི་ནང་སེམས་ཀྱི་བརྩེ་བ་དམར་པོ་འདི་དག་བུ་མོ་འདིའི་སྙན་གྱི་བུ་གར་ཆག་མེད་དུ་འདྲེན་མཁས་པའི《སྦྲང་ཆར》དང《གངས་རྒྱན་མེ་ཏོག》དང《ཟླ་ཟེར》སོགས་གཞན་དྲིང་མི་འཇོག་པ་དག་ནི། ནམ་ཡང་ཁོ་བོའི་མདུན་སྐྱོད་ཀྱི་ལམ་ཁར་དཔྱངས་པའི་དར་ཆ་རེ་རེ་སྟེ། ཁོ་བོས་ཁྱེད་ཅག་གིས་ཁོ་བོར་བསྐྲུན་ཅིང་ཁོ་བོས་ཁྱེད་ཅག་ལ་དྲངས་པའི་ལོ་ཆང་ཁམ་པ་ལྟ་བུ་འདི་མུ་མཐུད་དུ་གཙང་བཞེས་གནང་བར་ཅི་འདྲའི་རེ་ལྟོས་ཆེ་ཨང་།

ལོ་འདིའི་ནང་དུ། སྔར་བཞིན་སེམས་ཀྱི་མཆོད་པ་གཙང་མ་དག་མིག་གི་དགའ་སྟོན་དུ་འདྲེན་མཁས་པའི་གློག་གི་ལྟད་མོ་མང་པོ་ཞིག་གི་ཉེར་བསྡོགས་བརྩམས་པ་དྲན་གྱིན་འདུག ལོ་ཟླ་ནི་ནམ་ཡང་ཕྱིར་ལྡོག་བྲལ་བའི་གཙང་པོ་རབ་མེད་ཅིག་ཡིན་པའི་དབང་དུ་བཏང་ན། ཁོ་བོའི་ཕྱིར་དྲན་གྱི་ཀོ་གྲུ་ཆུང་ཆུང་དེ་ད་དུང་ཁེར་རྐྱང་གིས་ས་རྒྱ་གང་ཡང་ཆོད་མེད་ཚོད་འདུག་མོད། གཤོག་པ་ཐོགས་པའི་བསམ་གཞིག་གི་སྣེ་མོ་ཐོགས་རེག་བཀག་གསུམ་མེད་པར《ལོ་ཟླའི་བདེན་དོན》སྙེག་པའི་བརྒྱུད་རིམ་དེ་ཡང་ཧ་ཅང་དཀའ་སྡུག་གིས་མགོ་བརྩམས་ཤིང་ཧ་ཅང་དཀའ་སྡུག་གིས་རྒྱུན་བསྐྱངས་པ་སུས་མི་ཤེས། ད་ནི་ང་ཚོས་བོར་ཟིན་པའམ་ང་ཚོས་འབོར་བཞིན་པའི《ལོ་དེའི་སྟོན་ཁ》ལ་དུངས་ཞེན་ལྷག་མ་ཞིག་སྐྱེས་དགོས་དོན་ཡང་། ལོ་རྒྱུས་ཀྱི་གོད་ཆག་ལྟ་བུའི་རིག་གནས་ཀྱི་ཉམས་རྒུད་བཞིན་གྱི་མི་རིགས་ཤིག་གི་སྐྱོ་གར་ལ་གདུང་སེམས་ཁོ་ནས་ཅི་ཡང་མི་ནུས་ན། ཁོ་བོའི་བརྩེ་བ་བགད་བྱུང་ཟླ་བའི་ཞལ་རས་ཟེར་བ་ལས་ཁོ་བོའི་དུངས་པ་ངུས་བྱུང་སྐར་མའི་མིག་ཆུ་ཞེས་པ་ཅུང་འཕྲོད་སྣང་སྐྱེས་བྱུང་།

གང་ལྟར། ད་ནི་ལོ་མཇུག་ལ་སླེབས་ཟིན། དངོས་གནས་ལོ་མཇུག་ལ་སླེབས་ཟིན། ལོ་མཇུག་ལ་སླེབས་ཟིན་ནའང་། ཁོ་བོར་ད་དུང་ཅི་ཞིག་མ་ལོན་པའམ། ཅི་ཞིག་མ་འཕྲོད་པའམ། ཅི་ཞིག་མ་ལོངས་པའམ། ཅི་ཞིག་མ་ལྷག་པ་ལྟ་བུའི་ཧེབ་ཁ་བཀང་བ་མི་འདུག མི་ནི་དངོས་ནས་དེ་འདྲ་ཁྱད་མཚར་གྱི་སྲོག་ཆགས་སྙིང་ཉེ་བོ་ཞིག་རེད་ཨང་། ལར་ཁོ་བོར་ནམ་ནམ་ཞར་ཞར་ཡང་དགའ་བའི་མི་དང་དགྱེས་པའི་གཏམ། མཆོད་པའི་ཟས་ཀྱི་མཐུན་རྐྱེན་གྱ་ནོམ་པ་ཞིག་མེད་ནའང་། ལོ་འདིའི་ནང་དུ། འཇིག་རྟེན་འཛོམས་ཁང་ཞེས་པའི་ཁང་མིག་ཆུང་ཆུང་ཞིག་ཏུ་སེམས་འདྲིས་བློ་འདྲེས་ཀྱི་མི་བུ་གང་མང་ཞིག་ལ་ཤ་འདྲེས་པགས་འདྲེས་མ་གཏོགས་པའི་ཁ་ཁོག་སྦ་གསང་མེད་པར་འདྲེས་པ་དེ་ནི་ནམ་ཡང་ལག་ཡོང་གྱ་ནོམ་པ་ཞིག་ཏུ་བརྩིས་ཡོད། དེ་དག་གི་ཁ་སང་ཉི་འོད་དང་འཇའ་ཚོན་དང་སྦྲང་ཆར་བཅས་པས་ཡང་ཡང་བཀྲུས་མྱོང་ནའང་། དེ་དག་གི་སང་ཉིན་ཁ་བ་དང་བུ་ཡུག་དང་བཙག་བསེར་བུ་བཅས་པས་ཡང་ཡང་གཙེས་སྲིད་ནའང་། ང་ཚོ་ལ་ང་ཚོ་ཡོད་པ་ཙམ་གྱིས་ཅི་ཡང་ཡོད་ལ་ང་ཚོ་ལ་ང་ཚོ་ལྷག་པ་ཙམ་གྱིས་ཡོད་ཚད་ལྷག་ཡོད་པའི་གདེང་ཚོད་ཀྱང་ཧེབ་ཁ་མ་བཀང་བར་བཀྲ་མ་ཉམས་གྲུ་མ་ཆག་པར་ཡོད་དོ་ཞེ་ན། ནམ་ཡང་ཁོ་བོར་སེམས་མ་འགྱུར་བློ་མ་འགལ་ཡིད་མ་ཆད་པའི་ཀློག་པ་པོ་ཁྱེད་ཅག་གིས་ཅི་ཟེར་རམ། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།