ཀྲུང་གོ་བོད་ཀྱི་དྲ་བ།

ལན་བརྒྱར་ཕམ་རུང་དཔའ་མི་ཞུམ་པའི་ནོར་པེལ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2022-01-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

སུ་ཞིག་གིས་ང་དང་འདྲ་བར་འབད་པ་བྱས་ན། དེ་ཡིས་ང་དང་འདྲ་བར་རྒྱལ་ཁ་ལེན་སྲིད།

——མོ་ཀྲ་ཐིས།

གཏམ་རྒྱུད་དོ་ར།

1864ལོའི་ཟླ9པའི་ཚེས3ཉིན། ལྷིང་འཇགས་ཀྱི་སི་ཐོག་ཁོར་མོའི་གྲོང་ཁྱེར་གྱི་མཐའ་མཚམས་སུ་གློ་བུར་དུ་རྣ་བ་འོན་པར་བྱེད་པའི་སྒྲ་ཆེན་པོ་ཞིག་གྲག་པ་དང་ལྷན། དུ་བ་ལང་ལོང་དུ་འཁྲིགས་ཏེ་མེ་ལྕེ་མཁའ་དབྱིངས་སུ་མཆེད་ཅིང་། ཆུ་ཚོད་སྐར་མ་ཁ་ཤས་ཙམ་གྱི་ནང་དུ་དེ་ལྟར་ཆག་སྒོ་ཆེན་པོ་ཞིག་བྱུང་སོང་། དངངས་སྐྲག་ཤོར་བའི་མི་རྣམས་ཡུལ་དངོས་སུ་འབྱོར་སྐབས། མ་གཞི་དེ་གར་ཀྲོང་ངེར་ལངས་པའི་བཟོ་གྲྭ་དེ་གྱང་རོའི་ཕུང་པོ་ཞིག་ཏུ་གྱུར་འདུག མེ་སྐྱོན་ཤོར་སའི་འགྲམ་དུ་ལོ་ན30ལྷག་ཙམ་གྱི་ན་གཞོན་ཞིག་ལངས་འདུག གློ་བུར་དུ་བྱུང་བའི་ཆག་སྒོ་དང་ཐལ་ཆེ་བའི་ཕོག་ཐུག་གིས་ཁོའི་གདོང་ཡོངས་སྐྱ་མདོག་ཏུ་གྱུར་ཅིང་ལུས་ཧྲིལ་པོ་འདར་བཞིན་འདུག……ཆག་སྒོ་ཆེན་པོ་ལས་ཐར་བའི་གཞོན་ནུ་དེ་ནི་ཕྱིས་སུ་འཛམ་གླིང་ལ་མིང་དུ་གྲགས་པའི་ཧྥུ་ལེ་ཏི་ནོར་པེལ་རེད།ནོར་པེལ་གྱིས་བལྟས་བལྟས་རིག་རིག་ལ་རང་ཉིད་ཀྱིས་གསར་སྐྲུན་བྱས་པའི་ཟེ་འགྱུར་ཀན་སྣུམ་འབར་རྫས་དངོས་བཤེར་བཟོ་གྲྭ་ཐལ་བར་གྱུར་སོང་།མི་རྣམས་ཀྱིས་རྫ་ལེབ་ཁྲོད་ནས་བེམ་རོ་ལྔ་རྙེད་བྱུང་བ་དང་དེའི་ནང་གི་མི་བཞི་ནི་ཁོང་གི་སྙིང་ཉེ་བའི་ལས་རོགས་དང་གཞན་གཅིག་ནི་སློབ་གྲྭ་ཆེན་མོར་སློབ་སྦྱོང་བྱེད་བཞིན་པའི་གཅུང་བོོ་རེད། སྲེག་བྱའི་ཁ་རུ་ཐལ་དུ་གྱུར་པའི་བེམ་རོ་ལྔ་པོར་མི་རྣམས་ཀྱིས་ལྟ་བས་མི་བཟོད། ནོར་པེལ་གྱི་ཨ་མས་བུ་ཆུང་བ་གྲོངས་པའི་གཏམ་ངན་ཐོས་པས་སྡུག་བསྔལ་བཟོད་གླགས་མེད་པ་སྐྱེས་ཤིང་ལོ་ན་བགྲེས་པའི་ཨ་ཕར་རྐྱེན་དེས་ཟུག་གཟེར་བསླངས་ནས་ཀླད་ཁྲག་བརྡོལ་བ་དང་། དུས་དེ་ནས་བཟུང་ལུས་སྨད་ཞ་བ་རེད། ཡིན་ནའང་ནོར་པེལ་ལ་ཕམ་ཁའི་མདུན་དུ་གཡོ་འགུལ་ཙམ་ཡང་ཐེབས་མ་བྱུང་།

གནས་ཚུལ་དེ་ལྟ་བུ་བྱུང་རྗེས་ཉེན་རྟོག་ཅུས་ཀྱིས་འཕྲལ་དུ་འབར་གས་བྱུང་ཡུལ་བཀག་སྡོམ་བྱས་པར་མ་ཟད། ནོར་པེལ་གྱིས་རང་གི་བཟོ་གྲྭ་བསྐྱར་སྐྲུན་བྱེད་པ་གཏན་འགོག་བྱས་པ་རེད། མི་རྣམས་ནི་འགོས་ནད་ཀྱི་གདོན་འདྲེ་ལ་གཡོལ་བ་བཞིན་དུ་ཁོ་ལ་གཡོལ་ཞིང་ས་ཞིང་བོགས་མར་བཏང་ནས་དེ་འདྲའི་ཉེན་ཁ་ཆེ་བའི་ཚོད་ལྟའི་བྱ་བ་སྤེལ་འདོད་མཁན་ཡང་གཅིག་ཀྱང་མ་བྱུང་།ཡིན་ཡང་དཀའ་ཁག་གི་གནས་སུ་ལྷུང་བའི་ནོར་པེལ་ལ་ཕྱིར་བཤོལ་ཙམ་ཡང་ཐེབས་ག་ལ་སྲིད། ཉིན་འགའི་རྗེས་སུ། མི་རྣམས་ཀྱིས་གྲོང་ཁྱེར་དང་རྒྱང་ཐག་རིང་བའི་མཱ་ལཱ་ལུན་མཚེའུའི་ཐོག་མཐིལ་སྙོམས་འདྲུད་གྲུའི་གྲུ་གཟིངས་ཧ་ཅང་ཆེན་པོ་ཞིག་བྱུང་བ་ཤེས་རྟོགས་བྱུང་། འདྲུད་གྲུའི་ཐོག་དངོས་ཟོག་གང་ཡང་བཅུག་མེད་པར་སྒྲིག་ཆས་སྣ་ཚོགས་བླུགས་ནས་ན་གཞོན་ཞིག་གིས་བློ་རྩེ་གཅིག་སྒྲིམ་གྱིས་ཚོད་ལྟ་བྱེད་བཞིན་འདུག ཁོ་ནི་འགས་གཏོར་ཁྲོད་སྲོག་ཐར་བྱུང་ཞིང་ས་གནས་དེ་གའི་ཡུལ་མི་རྣམས་ཀྱིས་དོར་བའི་ནོར་པེལ་རེད།

ཞུམ་མེད་ཀྱི་བློ་སྟོབས་ལྡན་མཁན་ནི་འཆི་བདག་གིས་ཀྱང་མཐོང་ན་རྟག་ཏུ་ཕྱི་བཤོལ་བྱེད་སྲིད། མི་སེམས་ལ་འཇིགས་སྣང་སྟེར་བའི་ཚོད་ལྟ་ཁང་དུ་ནོར་པེལ་གྱིས་སྔར་བཞིན་འབད་པ་ལྷོད་མེད་ངང་ལས་ཀ་བྱེད་ཀྱིན་འདུག ཁོས་རང་ཉིད་ཀྱི་ཕུགས་བསམ་སྐད་ཅིག་ཙམ་ལའང་དོར་མ་མྱོང་།

“རྒྱུན་ཆགས་བརྩོན་པ་མ་བཏང་བར། །བགས་ཀྱིས་བསྒྲུབ་ན་ཅི་ཡང་འགྲུབ། །”ཅེས་གསུངས་པ་ཇི་བཞིན་བརྩོན་འགྲུས་ཀྱིས་ཕྱུག་པའི་ནོར་པེལ་ལ་གྲུབ་འབྲས་ཆེན་པོ་ཐོབ། ཁོས་གཞི་ནས་མེ་འདྲེན་སྦུ་གུ་གསར་གཏོད་བྱས་བྱུང་།མེ་འདྲེན་སྦུ་གུའི་གསར་གཏོད་ནི་འབར་གས་རིག་པའི་ཐོག་གི་གལ་ཆེ་བའི་འཕེལ་རྒྱས་ཤིག་ཡིན་པ་དང་དུས་མཚུངས་སུ་སྐབས་དེར་ཡོ་རོབ་གླིང་གི་རྒྱལ་ཁབ་མང་པོ་ཞིག་བཟོ་ལས་ཅན་དུ་འགྱུར་བའི་འཕེལ་རིམ་ཇེ་མགྱོགས་སུ་སོང་བ་དང་བསྟུན་ནས། གཏེར་རི་དང་ལྕགས་ལམ། ཕུག་ལམ་བཅས་བཟོ་བ་དང་།སྔོག་འདོན་དང་སྐྱེལ་འདྲེན་ལ་འགད་རྫས་དགོས་མཁོ་ཆེན་པོ་ཡོད་འདུག དེར་བརྟེན་མི་རྣམས་ཀྱིས་སླར་ཡང་ནོར་པེལ་ལ་ཉེ་པོ་བྱེད་མགོ་ཚུགས། ཁོས་ཚོད་ལྟ་ཁང་གྲུ་ཐོག་ནས་སི་ཐོག་ཁོར་མོའི་ཉེ་འགྲམ་གྱི་ཝུན་ཨེར་ཝེ་ཐི་ལ་གནས་སྤར་བ་དང་དེ་ནས་ཟེ་འགྱུར་ཀན་སྣུམ་བཟོ་གྲྭ་དང་པོ་དངོས་སུ་བཙུགས།དེར་མཐུད་ནས་འཇར་མན་གྱི་ཧན་པའོ་སོགས་ནས་ཀྱང་འགད་རྫས་ཀུང་སི་བཙུགས།སྐབས་ཤིག་ལ་ནོར་པེལ་གྱི་འགད་རྫས་ཧ་ཅང་བྲིན་པས་ནོར་པེལ་གྱི་རྒྱུ་ནོར་ཉིན་བཞིན་ཇེ་མང་ལ་སོང་བ་རེད།

ཡིན་ཡང་ཐོག་མའི་ཚོད་ལྟ་ལེགས་གྲུབ་བྱུང་བའི་ནོར་པེལ་ནི་རྟག་ཏུ་གནོད་འཚེ་དང་ནམ་ཡང་ཁ་འབྲལ་མི་ཐུབ་པ་ཇི་བཞིན།སྟབས་མ་ལེགས་པའི་གནས་ཚུལ་གཅིག་རྗེས་གཉིས་མཐུད་དུ་བྱུང་། ཅིའུ་ཅིན་ཧྲན་དུ་འགད་རྫས་སྐྱེལ་འདྲེན་བྱེད་པའི་མེ་འཁོར་ཡོམ་འགུལ་བྱུང་རྐྱེན་འགད་རྫས་འབར་གས་བྱུང་ནས་མེ་འཁོར་ཐོར་ཞིག་ཏུ་སོང་བ་དང་། དེ་མིན་འཇར་མན་གྱི་སྐད་གྲགས་ཆེ་བའི་བཟོ་གྲྭ་ཞིག་ཞའོ་ཧྭ་ཀན་སྣུམ་སྐྱེལ་འདྲེན་བྱེད་སྐབས་གདོང་ཐུག་བརྒྱབ་ནས་འབར་གས་བྱུང་བས་བཟོ་གྲྭ་དང་ཉེ་འགྲམ་མང་ཚོགས་ཀྱི་སྡོད་ཁང་མེད་བརླག་ཏུ་སོང་།གཞན་པཱ་ན་མ་རུ་ཟེ་འགྱུར་ཀན་སྣུམ་བྱུར་བུར་བླུགས་པའི་གྲུ་གཟིངས་ཤིག་ནུབ་ཀྱི་རྒྱ་མཚོ་ཆེན་པོའི་མཚོ་འགྲུལ་གྱི་ལམ་དུ་ཡམ་ཡོམ་བྱས་རྐྱེན་འབར་གས་བྱུང་ནས་གྲུ་གཟིངས་ཧྲིལ་པོ་རྒྱ་མཚོའི་ནང་དུ་ཐིམ་པ་རེད།

ཕྲེང་ལྟར་སྦྲེལ་བའི་གཏམ་ངན་དེ་དག་ཐོས་རྗེས་མི་རྣམས་སླར་ཡང་ནོར་པེལ་ལ་འཇིགས་སྐྲག་སྐྱེས་པར་མ་ཟད། ཐ་ན་ཁོ་གདོན་འདྲེ་དང་གནོད་འཚེ་ཞིག་ཏུ་མཐོང་བ་རེད། གནས་ཚུལ་གང་སར་ཁྱབ་པ་དང་བསྟུན་ནས་ཁོ་ལ་འཛམ་གླིང་ཡོངས་ཀྱི་མི་རྣམས་ཀྱིས་དམོད་མོ་གཏོང་བཞིན་ཡོད།

ནོར་པེལ་ཡང་བསྐྱར་མི་རྣམས་ཀྱིས་དོར་བ་རེད། མིན། འཛམ་གླིང་ཡོངས་ཀྱི་མི་ཚང་མས་རང་ཉིད་ཀྱིས་མྱང་དགོས་པའི་ཆག་སྒོ་ཚང་མ་ཁོ་རང་གཅིག་པུར་མྱོང་དུ་འཇུག་བཞིན་འདུག་ཅེས་བཤད་ན་འོས། གཅིག་རྗེས་གཉིས་མཐུད་དུ་བྱུང་བའི་གནོད་འཚེ་དང་དཀའ་ངལ་ལ་གདོང་གཏོད་སྐབས་ནོར་པེལ་གྱིས་དཔའ་ངར་ཞུམ་མེད་དང་རང་ཉིད་ཀྱི་སྙིང་རུས་དང་བརྩོན་འགྲུས་ལ་བརྟེན་ནས་བདམས་ཟིན་པའི་དམིགས་འབེན་མངོན་འགྱུར་གྱི་སླད་དུ་ནམ་ཡང་ཕྱིར་བཤོལ་བྱས་མ་མྱོང་ལ། འབད་འཐབ་ཀྱི་ལམ་དུ་ཁོ་རང་འཆི་བདག་དང་མཉམ་དུ་སྡོད་རྒྱུ་ནི་གོམས་གཤིས་སུ་ཆགས་ཟིན།

ཞུམ་མེད་ཀྱི་བློ་སྟོབས་དང་འགྱུར་མེད་ཀྱི་དམ་བཅའ་ཡིས་ཁོང་གི་སེམས་ནང་གི་མི་མངོན་པའི་ནུས་པ་འཕེལ་དུ་བཅུག་སྟེ། མཐའ་མཇུག་ཁོང་གིས་འགད་རྫས་དབང་དུ་བསྡུས་པ་དང་འཆི་བདག་ཀྱང་བཏུལ་བ་རེད། ནོར་པེལ་ལ་གྲུབ་འབྲས་ཧ་ལས་པ་ཐོབ་པ་དང་། ཁོང་གི་སྐུ་ཚེ་གང་པོར་ཆེད་ཁེ་གསར་གཏོད་ཀྱི་དབང་ཆ་ཐོབ་པའི་གསར་གཏོད་རྣམ་གྲངས355ཡོད་ལ། ཁོང་གིས་རང་ཉིད་ཀྱི་རྒྱུ་ནོར་འབོར་ཆེན་ལ་བརྟེན་ནས་གསར་དུ་བཏོད་པའི་ནོར་པེལ་བྱ་དགའ་དེ་རྒྱལ་སྤྱིའི་རིག་གཞུང་ལས་རིགས་ཀྱིས་བླ་ན་མེད་པའི་མཚན་སྙན་ཞིག་ཏུ་བརྩི་བཞིན་ཡོད། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།