ངའི་ལྟེ་ཁྲག་འཕོ་སའི་ཕ་ཡུལ་གླེ་གཞུག་གང་ན་ཡོད།

གལ་ཏེ་ང་རང་རི་མོ་པ་ཞིག་ཡིན་ཚེ།ངས་ལྷ་ཡུལ་ལས་ཀྱང་མིག་ལ་མཛེས་ཤིང་ཀླུ་ཡུལ་ལས་ཀྱང་འབྱོར་བས་ཕྱུག་པའི་ཆུང་དུས་ཀྱི་ཕ་ཡུལ་གླེ་གཞུག་གི་རང་བྱུང་གི་བཀོད་པར་གསོན་ཤུགས་བསྣན་ཏེ་རི་མོར་དབབ་ངེས་ཡིན། གལ་ཏེ་ང་རང་དབྱངས་འགྲོས་རྩོམ་མཁན་ཞིག་ཚེ།ངས་དགུ་ཆུ་དང་ནོའུ་ཆུ་བསྣོལ་བའི་བཞུར་རྒྱུན་གྱི་བརྩེ་བ་དང་རྟ་ནོར་ལུག་གསུམ་གྱི་འཚེར་སྒྲ་དང་ངུར་སྒྲ།འབའ་སྒྲ་སོགས་གཅིག་ཀྱང་མ་ལུས་པར་དབྱངས་རྟར་བརྒྱུས་ཏེ་ཀུན་གྱི་རྣ་བའི་གསོས་སུ་སྨིན་པར་འགྱུར་ངེས་ཡིན།འོན་ཀྱང་ང་ལ་དེ་དང་དེ་ལྟ་བུའི་ཤེས་ཡོན་གྱི་བདེན་པ་མི་ངེས་ནའང་ངས་རང་གི་སོར་རྩེས་ལ་བརྟེན་ནས་ཕ་ཡུལ་གྱི་འདས་སོང་ལ་ཕྱིར་དྲན་དང་མ་འོངས་པར་རེ་ལྟོས་ཐེངས་ཤིག་བྱེད་འདོད་བྱུང་།

ཕ་ཡུལ་གླེ་གཞུག་ནི་ངའི་རྣམ་ཤེས་ཀྱི་རྟེན་གཞི་བཅོལ་ས་དང་ལྟེ་ཁྲག་གི་མེ་ཏོག་འཐོར་ས་ཡིན་པས།ཤ་གསེང་རུས་གསེང་དུ་ནམ་ཡང་ཕ་ཡུལ་དྲན་ཞིང་ཕ་ཡུལ་གླེང་དགོས་པ་ནི་ནམ་ཡང་ངའི་ཡ་ཆུང་ཁོག་གི་བདེ་སྐྱིད་དང་མ་ཆུང་སྙིང་གི་ན་ཟུག་ཅིག་ཡིན་ལ།ཡང་གཅིག་བཤད་ན་ཕ་ཡུལ་གླེ་གཞུག་གི་གཞོན་རབས་པ་རྣམས་ཀྱི་འོས་འགན་ཞིག་ཀྱང་ཅི་ལ་མིན་ཨང་།

དུས་བཞིའི་འགྱུར་བ་དང་བསྟུན་ནས་ཕ་ཡུལ་གླེ་གཞུག་གི་རྟ་ནོར་ལུག་གསུམ་གྱི་འབའ་སྒྲ་དང་རྗེས་ཤུལ་ཇེ་ཉུང་དུ་ཕྱིན་ཞིང་།མི་དང་མིའི་བར་གྱི་བརྩེ་བའང་རྒྱང་ནས་རྒྱང་དུ་བཀྱེད་པ་ནི་མིའི་རིགས་ཀྱི་ཐུན་མོང་གི་འགྱུར་བ་ཞིག་ཏུ་སྣང་ནའང་།ཕ་ཡུལ་གླེ་གཞུག་གི་རི་ཆུ་ནགས་གསུམ་གྱི་མཛེས་ཉམས་དང་།སྤྲིན་པ།ནམ་མཁའ་བཅས་ལ་སྔར་བཞིན་གསོན་ཤུགས་ལྡན་པས་སྐབས་རེར་ཡིད་ཀྱི་མུན་པ་རབ་ཏུ་འཁྲིགས་ཤིང་།ལན་རེར་སེམས་ཀྱི་མཚོ་མོ་ཡོམ་ཡོམ་བསྐྱོམས།

ང་རང་ཆུང་དུས་སུ།ཕ་ཡུལ་གླེ་གཞུག་ལ་གཞུང་ལམ་བཟོས་མེད་ལ་གློག་ཀྱང་འཐེན་མེད་པའི་ཁར་འཐུང་ཆུའང་ཤིན་ཏུ་དཀོན་ན་ཡང་། མི་དང་མིའི་བར་ཀྱི་འབྲེལ་བ་ནི་དེང་གི་སྤུན་མཆེད་ལས་ཀྱང་ལྷག་ཅེས་སྨྲས་ན་ཀུན་ཀྱིས་ཉན་ཚེ་ཤོབ་ཏུ་སྣང་བར་སེམས་ཀྱང་།སྐབས་དེའི་མི་དག་གི་ཞལ་ལ་ཉན་ཚེ་ཟོལ་མེད་པའི་སྐད་ཆ་དྲང་བོ་ཞིག་ཡིན་པས་གྲེ་བ་སངས་ཏེ་སྐད་གསང་མཐོན་པོའི་སྨྲ་བར་སྤོབས།

སྐབས་དེར་འབར་ཞུན་རྐང་འགའ་ཡང་གཡོར་སྐྱི་བྱེད་དགོས་ལ།ཚྭ་སྙིམ་པ་གང་ལའང་སྔ་གཞུག་བསྣུར་དགོས་པར་མ་ཟད། ཐ་ན་གྲོ་ཕྱེ་བྲེ་གང་ཡང་བསྐྱི་དགོས་ལ་སྟེར་ཡང་དགོས་པའི་དུས་སྐབས་ཤིག་ཡིན་མོད། འོན་ཀྱང་ཁྱིམ་མཚེས་བར་གྱི་འབྲེལ་བ་དང་མི་དང་མིའི་བར་གྱི་བརྩེ་བར་ནམ་ཡང་སླད་མ་ཞུགས་པའི་གསེར་ཞུན་བཞིན་འོད་འཚེར་འཚེར་དུ་སྣང་བས།ཀུན་གྱི་སེམས་སུ་ནམ་ཡང་རང་དོན་ལས་གཞན་དོན་གཅེས་སུ་འཛིན་ཞིང་།སྒེར་དོན་ལས་གཞུངས་དོན་གཙིགས་སུ་འཛིན་པས།སྐབས་དེའི་མི་དག་ནི་གཞུངས་རྒྱུད་དྲང་ཞིང་ངང་རྒྱུད་འཇམ་པ།བཤད་ཕོད་ལ་སྒྲུབ་ཕོད་པ།སྙིང་རྗེ་ལྡན་ལ་གཏོང་ཕོད་ཆེ་བའི་མི་ཤ་སྟག་ཡིན་པ་ནི་མེས་པོ་གོང་མ་རྣམས་ཀྱིས་བཞག་པའི་གུས་ལྡན་གཞན་གཅེས་ཀྱི་རིག་གནས་ཤིག་ནམ་ཡང་རུས་རྐང་ལ་འཐིམ་ཡོད་པས་ཡིན།

སྤྱི་ཚོགས་ཀྱི་འགྱུར་བ་དང་དཔལ་འབྱོར་གྱི་འགྲན་རྩོད་དང་བསྟུན་ནས་རྟ་ནོར་ལུག་གསུམ་གྱི་རྨིག་པ“བོང་གླང་ར་གསུམ”གྱི་རྨིག་པར་བརྗེས་ཤིང་།འབྲུ་རིགས་སྣ་ལྔ་ཡིས་ཞབས་བྲོ་འཁྲབ་སའི་གཤིན་སའང་རྩྭ་ལྡུམ་གྱིས་འཐབ་རར་གྱུར་ཏེ་ས་རྒོད་དུ་གྱུར།ཆུ་དང་འོ་མར་གཞལ་ཆོག་པའི་མི་དང་མིའི་བར་གྱི་འབྲེལ་བའང་སུ་ཞིག་གིས་ཆེད་དུ་འགད་རྫས་ཀྱིས་གཏོར་བ་བཞིན་ཁམས་འདྲི་བྱས་ཀྱང་ཨ་ལན་སྟེར་དཀའ་བ་དང་།སྐྱིད་ལ་མི་འབོད་ཅིང་སྡུག་ལ་མི་འགྲོ་བའི་དུས་ཤིག་ལ་ཐོན་པ་ནི་འུ་ཚོ་ལན་པས་མ་ཡིན་པར་འགྲན་རྩོད་དང་ཕྲག་དོག འདོད་ཆགས།ཞེ་སྡང་བཅས་ཀྱིས་བསྐྲུན་པ་རེད་ཅེས་གཞན་ལ་ཁག་འགེལ་དགོས་པ་ལས་ཅི་ཞིག་བྱ་ཨང་།

གནག་ཕྱུགས་ཀྱི་ངུར་སྒྲ་དབེན་ཞིང་འབྲུ་རིགས་ཀྱི་རླབས་ཕྲེང་ཟད་པའི་བར་གླགས་དང་བསྟུན་ནས་རིན་ཆེན་གསེར་དངུལ་སྟེང་གི་ཕྲ་རྒྱན་བོར་བ་ལྟར།རི་ཆུ་ནགས་གསུམ་གྱི་མཛེས་པའང་མི་རྒན་ལོ་ཡིས་མནར་བ་བཞིན་ཉམས་ཤོར་ཞིང་སེམས་པ་སྡུག་གིས་གཡོས་ཡོད་པ་འདི་ནི་ཕ་ཡུལ་གླེ་གཞུག་གི་པང་ནས་ལྟེ་ཁྲག་འཕོས་ཤིང་སྐུ་ཤ་རྒྱས་པའི་རྗེས་རབས་པ་དག་གི་སེམས་ཀྱི་རྩིག་ལྡེབས་ངོས་སུ་འཆར་དགོས་ལ་ཤར་ཡང་སྲིད།

ལོ་འགའི་ཡར་སྔོན་གྱི་སྟོན་མཇུག་ཅིག་ལ་དགུན་གྱི་ཙག་རླུང་གི་འཇབ་རྒོལ་དང་སྟོན་གྱི་བ་མོ་ཡི་སླུ་བྲིད་འོག་ཏུ་ཕ་ཡུལ་གླེ་གཞུག་གི་རྒན་མགོ་དཀར་མན་དང་གཞོན་སོ་དཀར་ཡན་ཐམས་ཅད་ཀྱིས་སྐྱེས་དུས་ངུ་སྐད་འདོན་ས་དང་རྒས་དུས་རུས་རྐང་འཐིམ་སའི་ཕ་ཡུལ་གླེ་གཞུག་ལ་གཏན་དུ་བདེ་མོ་བཞག་པ་དེས།ཕ་ཡུལ་གྱི་ནམ་མཁའ་དང་རི་ཆུ་ནགས་གསུམ་གྱི་སེམས་སུ་ཅི་འདྲའི་གཏིང་ཟབ་པའི་རྨ་ཁ་ཟབ་མོ་ཞིག་བཞག་ཡོད་པ་འུ་ཅག་སུ་ཞིག་གིས་ཀྱང་དུས་ནམ་ཡང་རྟོགས་ཐབས་བྲལ་བ་ཞིག་མ་ཡིན་ནམ།

ཕ་ཡུལ་ལགས།ང་ཚོའི་བར་ཐག་ནི་ལོ་ནས་ལོ་དང་ཟླ་ནས་ཟླ་ལྟར་ཇེ་རིང་ནས་ཇེ་རིང་ལ་འགྱུར་དགོས་སམ།ཡང་ན་རྨི་ལམ་ལྟ་བུའི་སྐབས་དེའི་ཕ་ཡུལ་གྱི་མཛེས་ཉམས་དང་ཡུལ་མི་དག་གི་ཞལ་འཛུམ་ལ་གྱེས་ཕྱག་ཐེངས་ཤིག་བཙལ་རྗེས།རང་གི་ཚེ་མཇུག་གི་འཕེན་པ་རྫོགས་ཕྱིར་དུར་ཁྲོད་གསར་པ་ཞིག་འཚོལ་སྙེག་བྱེད་དུ་འགྲོ་དགོས།

ཕ་ཡུལ་ལགས།གང་ལྟར་ང་ལ་མཚོན་ན་ཕ་ཡུལ་གླེ་གཞུག་ནི་འཚོ་དུས་རེ་ལྟོས་ཀྱི་མིག་ཟུང་ཅེར་ས་དང་།འཆི་དུས་ཞུམ་མེད་ཀྱི་རྣམ་ཤེས་འཁོར་ས་ཡིན་པས།ང་རང་ཁྱེད་ལ་དགའ་ཞིང་ཁྱེད་ལ་དུངས། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།