ཀྲུང་གོ་བོད་ཀྱི་དྲ་བ།

ང་ཡི་གཅུང་མོ་སྒྲོལ་མ་སྐྱིད།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : ཆུ་བ་བདེ་དགའ།   སྤེལ་དུས། : 2021-11-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ང་ཡི་གཅུང་མོ་གླེང་དུས་ངའི་སེམས་ལ་ན་ཟུག་ཅིག་གང་ནས་བཙངས་ཡོང་། སྔོན་མ་ཆུང་དུས་ངེད་གཉིས་འཛིན་གྲྭ་གཅིག་ཏུ་ཁེལ་ཅིང་མཉམ་དུ་སློབ་གྲྭར་སོང་བ་ཡིན། སློབ་རིམ་འཕར་བའི་དུས་སུ་མོ་བལྟོས་བཅས་ཀྱིས་ལོ་ཆུང་བས། འཛིན་བདག་གིས་དེ་ལ་ཁག་བཞག་ནས་འཛིན་གྲྭ་མར་ཕབ་སོང་། སྐབས་དེར་ངའང་ལོ་ཆུང་བས་མོར་བདག་སྐྱོང་བྱེད་དགོས་པ་དང་སློབ་སྦྱོང་ལ་རོགས་འདེགས་དགོས་པའི་ཀུན་སློང་ཧ་ཅང་དབེན། སྤྱིར་གནས་ལུགས་ཀྱི་སྟེང་ནས་མིང་སྲིང་ཕན་ཚུན་ལ་སློབ་སྦྱོང་དང་འགྲོ་འདུག་གང་ནས་ཀྱང་ཤན་ཤུགས་ཐེབས་ན་འགྲིག ཡིན་ཡང་གནས་སྐབས་དེ་དག་ཏུ་ཁྱིམ་ན་སློབ་གསོ་ཤེས་མཁན་མེད་ལ། ང་ཡང་སློབ་སྦྱོང་ཟེར་ན་ཁྭ་ཏ་དང་མདའ་ཡིན་པས། ཁོ་མོའི་གཤིས་ལ་འགྱུར་བ་གང་ཡང་མ་ཐེབས། དུས་ཚོད་རིམ་གྱིས་འདས་པ་དང་བསྟུན་ནས་ངས་ཀྱང་ལོ་རིམ་ལྔ་པའི་སྟེང་ནས་སློབ་གྲྭ་བརྗེས་ལ། རྗེས་ཀྱི་དུས་ཚོད་ནང་དུ་མོའང་སློབ་སྦྱོང་ཇེ་བཟང་དང་སློབ་གྲྭ་དང་འཛིན་གྲྭ་སོགས་ནས་བྱིན་པའི་གཟིགས་བཟོས་བསྟོད་བྱང་མང་ཙམ་རག་ཡོད། ཡིན་ནའང་། ཁྱིམ་ཚང་དང་འགྲོ་ཡ་འདུག་རོགས་ཀྱི་དབང་གིས། མོར་སེམས་ཁམས་རྒྱུན་ལྡན་མིན་པའི་ནད་ཅིག་བྱུང་བས་སློབ་གྲྭ་ནས་ཡང་ཡང་སློབ་བྱོལ་བྱེད་དགོས་བྱུང་། སྨན་བསྟེན་ཞོར་ཡང་ཡང་སློབ་གྲྭར་སོང་མོད་སློབ་སྦྱོང་གི་འབྲས་བུ་རིམ་གྱིས་ཇེ་ཞན་དུ་སོང་ཞིང་།གཤིས་སྤྱོད་ཀྱང་སྔར་ལས་ཇེ་སྡུག་ཏུ་གྱུར། ད་ལྟ་འདང་བརྒྱབ་ན་མོར་བར་ཆད་ཅི་ཡང་མ་ཐེབས་པར་སློབ་གྲྭར་འགྲོ་ཐུབ་ཡོད་པའི་དབང་དུ་བཏང་ཚེ། ཧ་ལམ་སློབ་ཆེན་འགྲིམ་བཞིན་ཡོད། དེ་ནི་སྨོན་འདུན་ཙམ་ཡིན།

མོས་ཆེས་མཇུག་མཐའི་སློབ་བྱོལ་བྱེད་སྐབས་ཀྱི་སློབ་གྲྭ་ནི་གྲོང་རྡལ་བོད་ཡིག་སློབ་འབྲིང་ཡིན་ཞིང་། དེ་དུས་ལོ་རིམ་དྲུག་པ་ཡིན། ལོ་དེའི་སྔ་ཕྱི་གང་རུང་ལ་བསླབ་བྱའི་དགེ་རྒན་གྱིས་བཀག་བསྐྱིལ་བྱེད་རྒྱུ་མང་ལ། དབྱར་དགུན་གྱི་གུང་གསེང་སྐབས་ལའང་ལས་བྱར་འགན་གཡོལ་བྱེད་ཅིང་། ངས་ཕར་ལ་གཞེན་སྐུལ་རེ་བྱས་པར་ཡང་རྔོ་ཅི་ཡང་མི་ཐོགས་པར། མཐའ་མར་སློབ་གྲྭར་འགྲོ་དུས་ལག་སྟོང་མཆན་ལ་བཙིར་ནས་འགྲོ་དགོས། གཟའ་མཇུག་རེའི་མཚམས་སུ་ཡང་ཡེངས་པ་ཆེ་ལ་སྟབས་བདེའི་ཁ་གཡར་ས་རེར་ཁག་བཞག་སྟེ་ལས་མི་འགྲུབ་པའི་བྱ་སྤྱོད་ཇེ་མང་དུ་སོང་།དེ་ལྟར་བྱས་པའི་ལས་ཀྱི་མཐའ་རེ་ལ་དགེ་རྒན་གྱིས་ཆད་པ་ཡིད་ཀྱིས་མི་ཐེག་པ་རེའང་བཅད་མྱོང་། ཐེངས་ཤིག་ལ་རྩིས་རིག་ལས་བྱའམ་འགན་ཁུར་གང་ཞིག་མ་འགྲུབ་པའི་དབང་གིས།དགེ་རྒན་གྱིས་རྐང་པ་དྲུད་ནས་འགྲོ་དགོས་པའི་ཚད་ཅིག་བྲབ་འདུག གླགས་དེ་ལ་ཨ་མ་ངེད་གཉིས་ཀྱིས་གཅར་རྡུང་དེ་འདྲ་ཞིག་ཅིའི་ཕྱིར་བྱེད་དགོས་དྲིས་ཙ་ན། མོས་བཤད་རྒྱུར་བསམ་གཟས་ཏེ་ལས་བྱ་མ་བྲིས་པར་འབྲབ་ཏུ་བཅུག་པ་ཡིན་ཟེར་ཞོར། སྒྲོབ་ཉམས་དང་བཅས་ཏེ་ཡུན་གྱིས་འགྲོ། མོ་ཆུང་དུས་ནས་མི་ཁྱིམ་གཞན་གྱི་བུ་མོ་ལོ་ཆུང་དག་དང་ཡེ་ནས་མི་འདྲ། སྐག་རྫས་སྣ་ཚོགས་བྱུག་རྒྱུར་མི་དགའ་ལ། གྱོན་པའི་ཐད་ནས་ཀྱང་འབྲོག་པའི་བུ་མོ་བྱིངས་ལྟར་རྣ་རྒྱན་འདོགས་པ་དང་མཛུབ་དཀྲིས་གོན་པ། འཆོར་སྒེག་རང་བཞིན་གྱི་ལྭ་བ་དང་ལྷམ་སོགས་ལ་ལར་མི་འཐད། སྐད་ཆ་བཤད་པའམ་ལས་ཀ་ཞིག་ལས་པའི་ཚེ། ཕོ་གསར་ནང་བཞིན་རྫིགས་ཉམས་ཀྱིས་རིག་པ་སྐྱེན་ཞིང་རྫི་གསང་དོད་ལ་ལག་ཅུང་རྩུབ་པོ་ཞིག་ཡིན། ཨ་མ་ལགས་ཀྱིས་བཤད་པ་ལྟར་ན་གཅུང་མོ་མངལ་ན་ཡོད་དུས་སྲི་ལོག་སོང་ཟེར། ངས་ཀྱང་དེ་ལ་བདེན་ཞད་ཆེ་འདུག་སྙམ། ངེད་གཉིས་བར་ན་ལོ་ལྔ་མ་གཏོགས་མེད་ལ། ལོ་ཞིག་གི་དཔྱིད་ཀྱི་ས་ག་ཟླ་བ་སྟེ་ཁ་བ་ལྷབ་ལྷུབ་ཀྱིས་འབབ་པའི་དུས་ཤིག་ལ་མོ་བཙས་པ་དེ་ད་དུང་ཡང་ངའི་དྲན་པར་མག་མོག་ཅིག་འཆར་རྒྱུ་འདུག སྐབས་དེ་འཕྲལ་ལ་ང་དང་ཨ་ཞང་ཆུང་བ་གཉིས་མཱ་སིའི་སྤྱི་སྤྱོད་རླངས་འཁོར(སྐབས་དེར་རྭ་རྒྱ་ན་རླངས་འཁོར་ཉུང་ལ་ལྷག་ཏུ་རླངས་འཁོར་མཐོན་པོའི་རིགས་དེ་བས་ཀྱང་ངོ་། །གཞན་སྐབས་དེར་བསྲེ་སྐད་བཤད་ཆེ་བས་མཱ་སིའི་པན་ཁྲེ་ཟེར།)དུ་བསྡད་ནས་ཕྱུགས་ལ་ནོར་ཞིག་ཚེ་བླུར་གཏོང་དུ་སོང་། ང་རང་ལོ་ཆུང་བའི་རྐྱེན་གྱིས་གཅིན་པ་མ་སྲོན་པར་ལམ་བར་དུ་རླངས་འཁོར་ནང་ལ་མི་གཏོང་ག་མེད་བྱུང་།ཨ་ཞང་ངེད་གཉིས་ཕྱུགས་ལ་སླེབས་པ་ཙམ་ནས་གཅུང་མོ་བཙས་པའི་དོན་དེ་ཚང་མར་བཤད་པ་ན། སུ་ཡིན་གསལ་པོ་ཞིག་མེད་ཀྱང་ཨ་ཞང་ཞིག་རྐང་རྗེན་ལ་ཁངས་ནང་དུ་སོང་ནས་འབྲི་རྒན་ཞིག་ཚེ་བླུར་བཏང་།རྗེས་སུ་ངེད་ཀྱི་ཁྱིམ་མི་གང་པོས་འབྲི་རྒན་དེ་ལ་ཚེ་བླུ་ནག་ཐོའམ་ཚེབ་ནག་ཅེས་འབོད་ལོབས་སུ་སོང་།

ཆུང་དུས་སུ་ང་ཨ་ཕྱིའི་གམ་ན་ཡོད་ལ་གཅུང་མོ་ཕ་མ་གཉིས་ཀྱི་འཁྲིས་སུ་ཡོད། ཡིན་ཡང་མོས་བསམ་ཅུང་ཙམ་ཤེས་པ་ནས“མི་ཕྱོགས་ཟེར་ཡང་རང་ཕྱོགས།གཡག་རྒན་རྒྱ་རིས་ཞོན་ཕྱོགས”ལྟར། ང་སར་ཡོང་རྒྱུ་ཤིན་ཏུ་དགའ་ལ། ངས་ཀྱང་གཅུང་མོ་བསླེབ་པར་རེ་སྒུག་བྱེད་སྲིད། ངེད་གཉིས་མཉམ་དུ་ཡོད་སྒང་ལ་ལུག་རྗེས་སོགས་ནས་རྡོ་ཡིས་མཁར་བཟོས་ཏེ་རྒྱལ་ཁབ་ཀྱི་རྩེད་མོ་རྩེ་རྒྱུར་ཡིད་བྲོད་ལ། སྐབས་རེར་ཆུ་གཞུང་དང་ལུང་ཁུགས་ཉུལ་ནས་ནོར་ལུག་གི་རྭ་བཏུས་ཏེ། སྒོ་ཟོག་གི་ཟོལ་ལྟར་རྡང་དུ་འདོགས་པ་དང་། རྡོ་ར་བཟོས་ཏེ་ནང་དུ་འཇུག་ཀྱང་ངེས། མཚམས་ཤིག་ནས་འབྲོག་ཁུལ་ལ་ཚོན་མེད་བརྙན་འཕྲིན་དར་ལ། ཨ་ཞང་ཤེས་རབ་ཚང་གིས་ཀྱང་དེ་ལྟའི་བརྙན་འཕྲིན་ཞིག་ཉོས་པས། ང་ཚོས་ནམ་རྒྱུན་ནུབ་ཚལ་འཐུང་རྗེས། ཁོ་ཚང་ལ་སོང་ནས་དྲག་རྩལ་གློག་བརྙན་ལ་བལྟས་པ་ཡིན། ཕྱིས་སུ་དེ་ཡི་བག་ཆགས་ཀྱི་དབང་གིས་ངེད་གཅེན་གཅུང་གཉིས་ཀྱི་རྩེད་མོ་རྩེད་སྟངས་ཀྱང་ཅུང་འགྱུར་ཏེ། བརྙན་འཕྲིན་ནང་གི་དཔའ་རྟུལ་རྣམས་ཀྱི་ལད་མོ་འཁྲབ་ནས་བརྩེས་མྱོང་། ལོ་ཞིག་གི་དགུན་ཁར་ཨ་ཕྱི་གྲོང་རྡལ་དུ་བུད་སོང་བས། ང་དང་གཅུང་མོ་གཉིས་ཀྱིས་བརྙན་འཕྲིན་ནང་གི་དྲག་རྩལ་པ་དག་གི་ལྭ་བ་ལྟ་བུ་ཞིག་བཟོ་དགོས་སྙམ་ནས། ཨ་ཕྱིས་ལོ་མང་རིང་ཉར་ཚགས་བྱས་པའི་ཕྲུག་དང་རྒྱ་སེའི་གོས་རྣམས་ཁེ་གྲིས་གཏུབ་གཅོད་བྱས་རྐྱེན། ཨ་ཕྱི་ཕྱིར་སླེབས་རྗེས་ངེད་གཉིས་ལ་གཤེ་ཞིང་བརྡུངས་མྱོང་། རྒྱུ་རྐྱེན་དེ་རིགས་ཀྱི་དབང་གིས་ང་ལ་མི་ཚེའི་ནང་བརྗེད་དུ་མེད་ཅིང་ཡིད་ཕངས་པ། བློ་འགྱོད་སྐྱེ་བའི་དོན་དག་ཅིག་བྱུང་སོང་། དེ་ནི་ཧ་ལམ་ལོ་སར་ལ་ཉེ་བའི་དུས་སྐབས་ཤིག་ཡིན་ངེས། དུས་རྒྱུན་ངས་ནི་ཤིང་ཆག་དམ་དུམ་གྱི་རིགས་བཏུས་ནས་གྲི་བཟོ་བར་མོས་ལ། ཉིན་ཞིག་ངས་ང་དང་གཅུང་མོ་གཉིས་ལ་གྲི་རེ་ལས་ཤིང་། སོ་སོ་དཔའ་རྟུལ་ཡིན་པའི་ཟོལ་གྱིས་གྲི་སྔོན་དུ་དྲངས་ནས་འགྲོ་སྐབས། གཅུང་མོ་གློ་བུར་ཐང་ལ་འགྱེལ་ནས་གྲི་སྣེ་རྐན་ངོར་ཟུག་པས།ཁྲག་རྒྱུན་མི་ཆོད་པ་ཞིག་བྱུང་ལ་ཨ་མས་དེ་མཐོང་འཕྲལ་ང་ལ་བདའ་ལུང་བདའ་ཞིག་བྱས་སོང་། སྐབས་དེར་ང་ལ་དེ་འདྲ་ཡིད་དངངས་པ་ཞིག་མ་བྱུང་ཡང་།རྟིང་སོར་ན་ཚོད་རིམ་གྱིས་ཆེར་ཐོན་པ་དང་བསྟུན་ནས། གལ་སྲིད་གཅུང་མོས་སྐད་ཆ་བཤད་པར་གེགས་རྐྱེན་རེ་བྱུང་ཚེ། ངས་ཚེ་གང་པོར་ཞབས་འདྲེན་བྱས་པ་རེད་སྙམ་པས། ཡིད་ཁོང་ནས་ཕྱུང་པ་ལྟར་ཤིན་ཏུ་སྐྱོ། འོན་ཀྱང་སྟབས་ལེགས་པ་ཞིག་ལ་ཕྱིས་སུ་ན་ཚོད་ཇི་ལྟར་ཆེར་ཕྱིན་ཡང་། མོས་སྐད་ཆ་བཤད་རྒྱུར་གནོད་སྐྱོན་ལར་མི་འདུག ལོ་སྔོན་མ་ཞིག་ལ་ངས་གཅུང་མོར་ད་སྐབས་སྐད་ཆ་བཤད་ཚེ་མི་བདེ་བ་ཨེ་འདུག་ཅེས་དྲིས་པར། མོས་ཀྱལ་ག་དང་བཅས་མི་འདུག་ཟེར་མོད། ངས་ལམ་སང་རྐན་ངོར་བལྟས་ཙ་ན་རྨ་ཁ་སྔར་བཞིན་འདུག་སྟབས་ང་ལ་ད་དུང་ཡང་ངུ་སྙིང་རེ་སྐྱེས་ཡོང་།

ངེད་གཉིས་ཆུང་ངུའི་དུས་སུ་ཉེ་ཚན་སྐོར་ལ་ལུག་ཧ་ཅང་མང་བས་དབྱར་དགུན་གྱི་དུས་ཚིགས་ལ་ཆུ་གཞུང་དུ་དེད་ནས་ཆུ་ལྡུད་དགོས་པ་དང་། དེ་ཤེད་ལ་ངེད་གཉིས་ཆུ་ནང་ལ་ལྡིང་ནས་ཉ་དང་སྦལ་བ་བཟུང་ཞིང་། བསད་ནས་རྡོ་སྲེག་བརྒྱབ་སྟེ་ཟོས་པའང་ཡོད། ཉིན་ཞིག་ངས་གཅུང་མོར་ཉ་ཤ་ཟོས་ན་དྲི་མ་ཅི་ཞིག་འདུག་ཅེས་དྲིས་པར། མོས་བཤད་རྒྱུར་ས་དྲི་ཞིག་མ་གཏོགས་ཅི་ཡང་མི་བྲོ་ཟེར།ངོ་མ་དེ་འདྲ་ཞིག་རེད།

སློབ་གྲྭར་མ་སོང་བའི་སྔོན་ལ་ངེད་གཉིས་ར་མ་ཞོན་རྒྱུར་ཧ་ཅང་དགའ་ལ། ར་མར་འཕོངས་བརྒྱབ་ནས་ཞོན་རྒྱུར་དེ་བས་ཀྱང་སྤྲོ། ལན་རེར་ར་མར་ཁལ་བཀལ་ན་ཤིན་ཏུ་སྐྱིད། རྗེས་སུ་ངེས་པར་དུ་སློབ་གྲྭར་འགྲོ་དགོས་པའི་བཅའ་ཁྲིམས་སླེབས་པ་དང་མཉམ་དུ། ངེད་མིང་སྲིང་གཉིས་ཀྱང་སློབ་གྲྭར་འགྲིམ་ལ་དེ་དུས་ང་ལོ་བཅུ་གཅིག་དང་གཅུང་མོ་ལོ་བདུན་ཡིན། ངེད་གཉིས་ལ་ཨ་ཕས་ཉོས་པའི་ཨོ་ཐུ་མན་གྱི་འདྲ་པར་ཡོད་པའི་དཔེ་ཁུག་རེ་ཡོད།གཅུང་མོའི་དཔེ་ཁུག་གི་མདོག་དམར་པོ་དང་ངའི་དཔེ་ཁུག་གི་མདོག་སྔོ་ནག་ཡིན། ཕྱིས་ཀྱི་དོན་དག་མང་པོ་ཞིག་དྲན་ཡུལ་དུ་ཆེར་མི་མཆིས་མོད། ཡོད་པ་ནི་དེའི་སྐབས་སུ་གཅུང་མོ་སྐྲ་བཙུར་ནས་སྡོམ་རྒྱུར་མོས་ལ། གཟའ་མཇུག་དང་དབྱར་དགུན་ལ་གུང་གསེང་བཏང་ནས་ཕྱིར་སློབ་གྲྭར་འགྲོ་རན་དུས། ངུ་འབོད་བྱས་ནས་སློབ་གྲྭར་ཡེ་ནས་འགྲོ་རོགས་མི་བྱེད་པས། ཨ་ཕ་དང་ཨ་མ་གང་རུང་གི་ལག་ནས་དགའ་རྟགས་ཤིག་མ་ཉོས་པར་འགྲོ་མི་སྲིད།དེ་ལྟར་མི་ཚེའི་དགའ་སྐྱོ་མང་པོའི་གཅོང་རོང་བརྒྱུད་ནས་རང་ལོ་བཅུ་དགུའི་སྐས་རྐང་དུ་སླེབས་དུས་སུ། གཟོད་མོས་མག་པ་ནོར་བུ་སྐྱབས་དང་ཆང་ས་བརྒྱབ་པ་དང་། ན་ནིང་དབྱར་དཀྱིལ་ལ་བུ་མོ་ཞིག་ཀྱང་སྐྱེས་སོང་།

གང་ལྟར་ང་ཡི་གཅུང་མོ་ནི་འཆར་སྒོ་ཡངས་ཤིང་དྲན་རིག་རྒོད་པའི་བུ་མོ་ཞིག་ཡིན། རྣམ་ཀུན་འཚོ་བའི་ནང་དུ་ཁ་མང་པོ་གྲག་རྒྱུར་མི་དགའ་ཞིང་སྡུག་བཟོད་ནུས་པའི་བུ་མོ་ཞིག་ཡིན། གཤིས་ཀ་མཁྲེགས་ཤིང་ལས་གང་ཞིག་བགྱིས་ཀྱང་ཞིབ་ཚགས་ཡོད་ས་ཞིག་ཡིན། རྒྱུ་རྐྱེན་མང་པོ་ཞིག་གི་དབང་གིས་མོས་བསམ་ཚོད་ནང་བཞིན་གྱི་འཚོ་བ་ཞིག་རོལ་མ་ཐུབ་ལ། ཐ་ན་མོ་ཤིན་ཏུ་དུང་ཞེན་ཆེ་བའི་པར་ལེན་པ་ཞིག་ཏུའང་འགྱུར་མ་ཐུབ། དུས་རྒྱུན་ངེད་གཉིས་མཉམ་དུ་འཕྲད་ཐེངས་རེར། མོས་ཨན་སྒྲོལ་ཁ་པར་གྱིས་བསྐྱོན་པའི་པར་དག་ང་ལ་སྟོན་སྲིད་ལ། སྐབས་དེ་དག་ཏུ་ང་ལ་མོའི་ཆེད་དུ་སྐྱོ་བ་དང་འགྱོད་སེམས་མགོ་མི་ནོན་པ་རེ་བྱུང་མྱོང་། དེ་ལས་ཀྱང་སློབ་གཉེར་མཐར་ཆགས་སུ་འགྲོ་མ་ཐུབ་པར་ཤིན་ཏུ་ཕངས་པས། རྡུང་ལེན་པ་ནམ་མཁའི《ངའི་སྲིང་ཆུང་མ》ཞེས་པའི་རྡུང་ལེན་དེ་རྟག་ཏུ་དྲན་ཡོང་།

“ ངའི་སྲིང་ཆུང་མ།

ཁྱོད་ཀྱི་ལས་དབང་ཨ་མྱེས་རི་ན་ཡོད།

རྒྱབ་སླེ་བོ་ཁུར་ནས་རྫི་ལ་སོང་།

སྒང་འབར་འབུར་བརྒྱུད་ནས་གཞས་ཤིག་གྱེར།

སྨུག་ལ་ལུང་འཐིབས་དུས་ཞེ་རེ་སྨྲེང་།

ངའི་སྲིང་ཆུང་མ།

ཁྱོད་ཀྱི་ཞེ་སྡུག་བྲག་དམར་ལམ་ན་ཡོད།

ཡུལ་ཕ་མའི་བཙན་གྱིས་གནས་ལ་མངགས།

ལམ་ཀྱག་ཀྱོག་བརྒྱུད་ནས་ཕྱིར་ལ་བལྟས།

སྦྲ་མཐིང་སྨུག་མ་མཐོང་ཞེ་རེ་སྨྲེང་།

ངའི་སྲིང་ཆུང་མ།

ཁྱོད་ཀྱི་སྐྱིད་སྡུག་རི་ལུང་རྫ་ན་ཡོད།

སྐྲའི་ལན་བུ་སྐྱི་བསེར་རླུང་གིས་ཁྱེར།

ངག་སྙན་མོའི་བཞོ་དབྱངས་སྨུག་ལ་འདྲེས།

ཆར་སིམ་སིམ་འབབ་དུས་སེམས་རེ་སྨྲེང་།”

2021ལོའི་ཟླ5ཚེས12ཉིན།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།