ཀྲུང་གོ་བོད་ཀྱི་དྲ་བ།

བར་སྐོར་གླིང་ནས་འཇལ་ཡོང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : འུག་པ།   སྤེལ་དུས། : 2021-09-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

སྙིང་སྡུག   དུས་ཚིགས་ཀྱི་བདའ་བའི་ནམ་ཟླ་ཇེ་འཁྱག་ཏུ་བུད་སོང་།  འཚོ་བའི་བྲེལ་ཟིང་གི་རླུང་འཚུབ་ནང་ནས། ངས་ཁྱེད་ལ་སྔོན་ཆད་ལྟ་བུའི་ཁ་བརྡ་མང་པོ་ཞིག་བཤད་མ་ཐུབ་པར། ཁྱོད་ཀྱིས་བསམ་ཤེས་ཐེངས་གཅིག་གནང་རོགས།  ནམ་ཟླ་ཇེ་འཁྱག་ཏུ་སོང་བ་དང་བསྟུན། ང་ཡི་ནང་སེམས་ཀྱང་ཇེ་འཁྱག་ཏུ་སོང་།  

སེམས་ཀྱི་འགྱུར་བག་གི་རི་མོ་རེ་རེས། ང་ལ་ཆར་རླུང་དང་སྨུག་སྤྲིན། འཇའ་ཚོན་དང་ཉི་འོད། ཁེར་རྐྱང་དང་དྲན་གདུང་། ལྷིང་འཇགས་དང་འུར་ཟིང་སོགས་ཀྱི་མཚོན་པའི་འཇིག་རྟེན་གྱི་མཛེས་པ་རེ་རེ་ངོ་ཤེས་སུ་བཅུག་ནའང་།  ངས་འཇིག་རྟེན་གྱི་མཛེས་པ་མཐའ་དག་མི་སྡུག་པ་རུ་བསྒོམ་དེ། སྡུག་བསྔལ་ཁོ་ན་བདེ་སྐྱིད་དུ་བརྩིས་ནས་འཚོ་བ་རོལ་བ་ཡིན། འུ་གཉིས་ཀྱི་སྙིང་ཐག་ཧ་ཅང་ཉེ་ནའང་།  ངའི་ནང་སེམས་ཀྱི་གནོན་ཤུགས་དང་དཀའ་ཁག་འཁྱག་པ་དེ་དག་ཁྱོད་ཀྱིས་མཐོང་མི་སྲིད། 

ཁྱོད་རང་དུས་ཚོད་ལ་བྲོས་པ་བཞིན། སེམས་ཀྱི་གངས་རི་དང་བཀྱེད་དེ། ཉི་འོད་ཀྱི་ཟེགས་མ་མཐོང་ཆེད་མཚམས་སྤྲིན་གྱི་རྗེས་སུ་གཤར་རྗེས། ང་རང་མུན་པའི་ནང་གི་སྐར་མ་བཞིན། ཧ་ཅང་ཁེར་རྐྱང་དུ། ནམ་མཁའི་དབྱིངས་ཀྱི་བླ་མེད་ཀྱི་སྨག་རིམ་བརྒལ་བ་ཡིན།

 ཁྱོད་རང་གངས་འདབས་དང་བྲལ་རྗེས། ང་རང་ཉིན་མཚན་དབྱེར་མེད་དུ་སུན་སྣང་དང་དྲན་གདུང་གིས་གཙེས་ཏེ་འདུག་ཐབས་ཡོངས་སུ་བྲལ། འུ་གཉིས་ལྷན་དུ་ངུ་མྱོང་ལ་དགོད་ཀྱང་མྱོང་བའི་ས་ཆ་དག་མཐོང་ཐེངས་རེར། ཁྱོད་རང་བླ་ལྷག་གིས་དྲན་དེ་མིག་ཟུང་གཉོམ་པོ་གཉིས་ཀྱི་མཐའ་རུ་འཆི་མ་མང་པོ་འཁྱིལ། ང་དབེན་གནས་འདིར་ཤིན་ཏུ་དུངས་ནའང་། ཁྱོད་རང་གློ་བུར་དུ་སོང་བས་ཡིད་སེམས་ཧ་ཅང་སྟོངས་བར་གྱུར།  

མགོ་ལོག་ནི་ཁྱེད་ཀྱི་ཕ་ཡུལ་མ་ཡིན་ལ་ངའི་ཕ་ཡུལ་ཡང་མིན། ཡིན་ནའང་། འུ་གཉིས་ཐོག་མར་གནས་དེ་ནས་ངོ་ཐུག་ཅིང་མཐའ་གཞུག་ཀྱང་གནས་དེ་ནས་སོ་སོར་གྱེས་པ་རེད། ཁྱོད་དང་འཕྲད་རྗེས་ཀྱི་ལོ་ཟླ་དག་ནི་ངའི་ཚེ་སྲོག་ཁྲོད་ཀྱི་ཆེས་བརྗེད་པར་དཀའ་བའི་བརྩེ་དུང་གི་དུས་ཚིགས་སྐྱ་བོ་ཞིག་ཡིན་ལ། ཆེས་བརྗེད་ཐབས་བྲལ་བའི་ཆགས་སྡང་གི་སེམས་ཚོར་འཐུག་པོ་དེའང་ཡིན། ངའི་བརྩེ་གདུང་དང་དགའ་སྐྱོ་ཆགས་སྡང་གི་གཏམ་རྒྱུད་མང་པོ་ཞིག་རྨ་ཆེན་གངས་རིའི་འཁྱག་རླུང་ནང་དུ་སིམ་ཡོད་ལ། སྡུག་རུས་དང་དཀའ་ཁག་མི་ཉུང་བ་ཞིག་ཀྱང་རྨ་ཆེན་གངས་རིའི་ཁ་བ་དང་བུ་ཡུག་གི་ཁྲོད་དུ་འཐིམ་ཡོད།

ནམ་ཟླ་འཁྱག་པ་འདིར་ངས་ཐག་རིང་གི་ཁྱེད་རང་གྲང་བས་མནར་གྱིན་ཡོད་མེད་ལ་སེམས་ཁུར་བྱས་པ་ཡིན། སྙིང་སྡུག འཇིག་རྟེན་འདིར་དྲོད་སྣང་སྤུ་ཙམ་མེད་ཀྱང་།  ངས་ཁྱོད་རང་ཉི་མ་ཞིག་གི་ཚད་དུ་བཞག་ཡོད།  རྒྱང་རིང་གི་ཁྱེད་ཀྱིས་ང་ཡི་དྲན་གདུང་ཐོས་སམ།

སྨག་རིམ་གྱི་ལྭ་བ་མནབས་པའི་མཚན་གཞུང་འདི་ནི་འུ་གཉིས་ཀྱི་ལྷན་དུ་བསྐྱལ་བའི་མཚན་མོ་དག་དང་མི་འདྲ་བར་ཤིན་ཏུ་རིང་བ་འདྲ།  དོ་ནུབ་ཧ་ཅང་སྨག་ནའང་། ཁྱེད་རང་བྱེའུ་ཆུང་ཞིག་དང་མཚུངས་པར་བདག་ཡིད་ཀྱི་སྐྱེད་མོས་ཚལ་དུ་བབས་བྱུང་། སྙིང་ལྡིང་ཞོར་སེམས་ཀྱིས་བཏུས་པའི་མེ་ཏོག་རྐང་གཅིག་ང་ལ་ཕུལ་བར་མ་ཚད། ཤིན་ཏུ་གཅེས་པའི་བཟོ་ལྟ་ཡི་བྱམས་པའི་མཆུ་སྒྲོས་འཇམ་པོ་དེའང་ང་ལ་གླན་བྱུང་།  ཁྱོད་ཀྱིས་ང་ཡི་ལག་པར་འཇུས་ཏེ། ཁོད་ཡངས་བའི་ལྗང་མདོག་གི་རྩྭ་ཐང་གཞན་ཞིག་ཏུ་ཁྲིད་སྐབས་ང་གཉིད་ལས་སད་བྱུང་།  ང་གཉིད་ལས་སད་མ་ཐག་ཁྱོད་ཀྱི་མིང་ནས་བཟུང་སྟེ་མགོ་བོ་བཀྱགས་ནའང་། ཁྱོད་ནི་སྔར་བཞིན་བྱེའུ་ཆུང་ཞིག་དང་མཚུངས་པར་གཤོག་འགྱུར་གྱི་གར་ལ་རྩེན་ཏེ་ང་ཡི་འཇིག་རྟེན་དང་ཁ་ཐག་རིང་བའི་ས་ཆ་གཞན་ཞིག་ཏུ་འཕུར་སོང་བ་བདེན་དཔང་བྱས། དོ་ཞག་ཁྱེད་ཉིད་རྨི་ལམ་ནས་འཇལ་བ་ནི་བདེ་སྐྱིད་ཅིག་ཡིན་པས་མི་ཚད་སྡུག་བསྔལ་ཞིག་ཀྱང་རེད། བདག་མོ། ལག་པས་འཛིན་ཐབས་བྲལ་བའི་རྨི་ལམ་འདི་དག་རྨིས་འཚམས་འཇོག་སྲིད་དམ།

སྙིང་སྡུག  ངས་ཆར་རླུང་གི་འཁྱག་བསིལ་ཀློང་ནས། ཁྱེད་ལ་མགོ་མཇུག་མེད་པའི་འཕྲིན་ཡིག་རིང་མོ་ཞིག་བྲིས་ཡོད། དེ་ནི་འུ་གཉིས་ཀྱི་དགའ་སྐྱོ་རེས་ཟུང་གི་གཏམ་རྒྱུད་ཏག་ཏག་ཡིན། 

གྱེས་བྲལ་ནི་ཤིན་ཏུ་མི་བཟོད་པ་ཞིག་ཡིན་ནའང་།  ཆོས་ཉིད་ཀྱི་ར་སྐོར་དེ་ལས་སྐྱེ་བོ་སུ་ཡིན་ཡང་བརྒལ་ཐབས་མི་འདུག མིག་ཆུ་དང་ལྷན་དུ་བསྐྱལ་བའི་ཟླ་འོད་གསལ་བའི་མཚན་མོ་དེར། འུ་གཉིས་ཀྱི་ལྷན་ཏུ། ནམ་ཞིག་གི་ཚེ་ན།  བར་སྐོར་གླིང་ནས་ལྷན་འཛོམས་ཡོང་བར་སྨོན་ལམ་བཏབ་པ་ནི་སྐྱེ་བ་འདིའི་ཁ་ཆད་ཐོག་མའོ། །

    2021/8/30

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།